དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཆབ་མདོ་གྲོང་ཁྱེར་གྱིས“10·11”རི་ཉིལ་བའི་རང་བྱུང་གནོད་འཚེའི་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།

སྤེལ་དུས 2018-10-15 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཚེས་13ཉིན་གྱི་ཕྱི་དྲོ། གསར་འགོད་པས་ཆབ་མདོ་གྲོང་ཁྱེར་གྱིས་འཚོགས་པའི“10·11”རི་ཉིལ་བའི་རང་བྱུང་གནོད་འཚེའི་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་13ཉིན་གྱི་ཐོ་རེངས་ཆུ་ཚོད་0དང་སྐར་མ་45ཐོག་འཁྱིལ་མཚོ་ནས་རང་བཞིན་གྱིས་ཆུ་རྒྱུག་ཐུབ་པ་བྱུང་ཞིང་། ཚེས་13ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ཏག་ཏག་བར་འཇོ་མདའ་རྫོང་སྤོ་ལོ་ཤང་སྲིད་གཞུང་གནས་ཡུལ་གྱི་ཆུ་ཁ་སྨི་20.6དམའ་རུ་ཕྱིན་པ་དང་འཁྱིལ་མཚོའི་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་1.8ནས་དུང་ཕྱུར་1.3བར་ཆག་པ་རེད། འཁྱིལ་མཚོའི་སྨད་རྒྱུད་དུ་གནས་པའི་གོ་འཇོ་རྫོང་ཁེར་རི་ཤང་རྒྱུད་དུ་མྱུར་ཚད་ཆུ་ཚོད་རེར་སྨི་5ཡི་ཐོག་ནས་ཆུ་ཆེ་རུ་སོང་ནས་ལོ་རྒྱུས་ཐོག་གི་ཆུ་ཁ་མཐོ་ཤོས་ལས་བརྒལ་བ་མ་ཟད། ཁེར་རི་ཤང་གི་རྨོག་རྩ་གྲོང་ཚོར་ཁང་པ་དང་ས་ཞིང་ཁག་གཅིག་ཆུས་བསྣུབས་ཤིང་། མིག་སྔའི་བར་མི་སྣ་ཤི་རྨས་ཀྱི་གནས་ཚུལ་ཐོན་མེད་པ་རེད།
           ཤེས་རྟོགས་བྱུང་བར་གཞིགས་ན། གནོད་འཚེ་ཐོན་རྗེས་ཆབ་མདོ་གྲོང་ཁྱེར་གྱིས་འཕྲལ་དུ་ལས་དོན་བཀོད་སྒྲིག་བྱས་ཏེ་ས་གནས་ས་ཐོག་ཏུ་རོགས་སྐྱོབ་ལས་དོན་ལ་མཛུབ་ཁྲིད་བྱས་ཤིང་། མང་ཚོགས་བཀོད་སྒྲིག་དང་དངོས་ཟོག་འགན་ལེན་སོགས་ཀྱི་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ནས་གནོད་འཚེ་ཕོག་ཁུལ་དུ་ཕྱོགས་ཁག་གི་རོགས་སྐྱོབ་དཔོན་དམག་300ལྷག་བཏང་སྟེ་རོགས་སྐྱོབ་ཀྱི་ལས་དོན་སྤེལ་བ་དང་། འབྲེལ་གཏུག་ལམ་སྲོལ་བཙུགས་ཏེ་ཆ་འཕྲིན་གྱི་ཐབས་ལམ་ཤར་གཏོང་ཐུབ་པ། དེ་དང་ཆབས་ཅིག་དཀར་མཛེས་དང་ཆབ་མདོ་ས་ཆ་གཉིས་ཀྱི་འཕྲལ་སྡོམ་རོགས་སྐྱོབ་འབྲེལ་གཏུག་ལམ་སྲོལ་བཙུགས་ནས་མི་སྣ་ཧྲག་པོ་སྐོང་འཐེན་གྱིས་འཕྲལ་སྡོམ་རོགས་སྐྱོབ་ཆ་འཕྲིན་གྱི་ཕྱོགས་སྡོམ་སྙན་སེང་ལས་དོན་ནང་ཞུགས་ཏེ་སྔ་རྗེས་སུ་རང་སྐྱོང་ལྗོངས་ལ་ལས་དོན་ཆ་འཕྲིན་གྱི་མྱུར་འཕྲིན་ཐེངས་10ཕུལ་བ།“10·11”རི་ཉིལ་བའི་རང་བྱུང་གནོད་འཚེའི་གསར་འགྱུར་འཕྲིན་སྤེལ་ལྟེ་གནས་བཙུགས་ཏེ་ལྗོངས་ཕྱི་ནང་གི་སྨྱན་སྦྱོར་མཐུན་སྦྱོར་ཞབས་ཞུ་དང་གསར་འགྱུར་ཡོངས་བསྒྲགས་ལས་དོན་འབྲེལ་མཐུད་ཡག་པོ་བྱས་པ། མང་ཚོགས་གནས་སྤོ་སྒྲིག་འཛུགས་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ལ་ཤུགས་སྣོན་བརྒྱབ་པ་བཅས་རེད། གཙང་པོའི་ཉེ་འགྲམ་གྱི་ཤུགས་རྐྱེན་ཐེབས་པའི་ས་བབ་དམའ་བའི་མང་ཚོགས་དང་ཁེ་ལས་ཀྱི་ལས་མི་བདེ་འཇགས་ཁུལ་དུ་གནས་སྤོ་བྱ་རྒྱུ་འཕྲལ་ཐག་ཆོད་པོས་སྒྲིག་འཛུགས་བྱས་ཡོད། ཚེས་13གྱི་ཐོ་རེངས་བར།ཆབ་མདོ་གྲོང་ཁྱེར་གྱིས་ཁྱོན་རྫོང་3གྱི་ཤང་10ཡི་གནོད་འཚེ་ཕོག་པའི་མང་ཚོགས་13637གནས་སྤོ་བཀོད་སྒྲིག་བྱས་པ་དང་། གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་44(དེའི་ནང་གནས་སྐབས་ཀྱི་བཀོད་སྒྲིག་བྱ་ཡུལ་32དང་གྲབས་སྤྱོད་བཀོད་སྒྲིག་བྱ་ཡུལ་12)ཡོད་པར། སྔ་རྗེས་སུ་རིགས་མི་འདྲ་བའི་གེགས་སེལ་གུར་4345དང་། ལྟེབ་ཁྲི་5747 ཉལ་ཁུག་2340 གདན་2000 ཉལ་ཆས་21474 འབོལ་གདན་21031 ཀམ་པ་ལི་7820 སྲིང་བལ་ལྭ་རིང་1123 སྲིང་བལ་གྱི་གྱོན་གོས་ཆ་4400 དགུན་ལྷམ་ཆ་5471 འཕྲལ་སྡོམ་གློག་སྒྲོན་50 གློག་གཏོང་འཕྲུལ་ཆས་9 ལག་ཞུ་2000བཅས་སྤྲད་པ་རེད། འཇོ་མདའ་དང་། གོ་འཇོ། སྨར་ཁམས་བཅས་རྫོང་3གྱིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྔོ་ཚལ་དང་། ཤ སྟབས་བདེའི་ཐུག་པ། འབྲས། གཏེར་ཆུ་སོགས་འཚོ་བའི་དངོས་ཟོག་གྲ་སྒྲིག་ཞིབ་ཚགས་བྱས་པ་དང་། བཀོད་སྒྲིག་བྱ་ཡུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སྨན་བཅོས་དང་རིམས་ནད་སྔོན་འགོག་སོགས་ཀྱི་ཞབས་ཞུ་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྡོད་གནས་ཡོད་པ་དང་། ཟ་རྒྱུ་ཡོད་པ། གྱོན་རྒྱུ་ཡོད་པ། ཆུ་གཙང་མ་འཐུང་རྒྱུ་ཡོད་པ། སྨན་བཅོས་བྱ་ཡུལ་ཡོད་པ་བཅས་ཀྱི་འགན་ལེན་བྱས་པ་རེད།
           གོམས་སྟབས་རྗེས་མར་ཆབ་མདོ་གྲོང་ཁྱེར་གྱིས་མུ་མཐུད་ཀྲུང་དབྱང་དང་རང་སྐྱོང་ལྗོངས་འགོ་ཁྲིད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་ཏེ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་དུས་བབ་ཞི་མཐུན་བརྟན་ལྷིང་འགན་ལེན་བྱེད་པའི་དམིགས་ཚད་ལ་དམིགས་ཏེ་གཙོ་གནད་འབུར་དུ་ཐོན་པ་དང་། མཐུན་སྦྱོར་མཉམ་ལས། འཁྱིལ་མཚོའི་སྟོད་སྨད་ཀྱི་གནོད་འཚེ་ཕོག་ཚུལ་དང་ཉེན་ཁའི་གནས་ཚུལ་ལ་ལྟ་དཔྱད་ཚད་ལེན་དང་སྔོན་བརྡ་གཏོང་བའི་ལས་དོན་ཏན་ཏིག་སྒྲུབ་པ། བཀོད་སྒྲིག་བྱ་ཡུལ་གྱི་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཞབས་འདེགས་འགན་ལེན་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་གེགས་ཁུལ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་རྒྱུ་རེད།