ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“བཀྲ་ཤིས་པའི”ཀོང་པོའི་ལོ་གསར།

སྤེལ་དུས 2018-11-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
          ནམ་མཁའི་སྐར་ཚོགས་ཀྱི་འོད་དཀར་པོ་མི་ཡུལ་དུ་འཕྲོས་ཏེ་མི་ཡུལ་གྱི་མཚན་ལྗོངས་ལ་བལྟ་བཞིན་ཡོད། བོད་ལྗོངས་ཉིང་ཁྲིའི་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཤར་ཕྱོགས་ཀྱི་བར་ཐག་སྤྱི་ལེ་ལྔ་ཡོད་པའི་བཀྲ་ཤིས་སྒང་གྲོང་ཚོ་རུ་ལོ56ལ་སླེབས་པའི་པ་སངས་ཚེ་རིང་གིས་ཉིང་ཁྲི་གྲོང་ཁྱེར་དུ་ཡོད་པའི་ཁྱིམ་མི་རྣམས་ཡུལ་དུ་ལོག་སྟེ། ཁྱིམ་མི་གང་བོ་ཐབ་འགྲམ་དུ་བསྐོར་ཏེ་མཉམ་འཛོམས་ཀྱི་ཟ་མའི་ཁྲོད་ལོ་གསར་པ་བསུ་བར་རེ་སྒུག་བྱེད་བཞིན་ཡོད། 

རི་མོ་འདི་ནི་པ་སངས་ཚེ་རིང་ཁྱིམ་མི་གང་བོ་རེད།
          ཟླ11པའི་ཚེས7ཉིན་ཏེ། བོད་ལུགས་ཀྱི་ཟླ་དགུ་པའི་ཚེས་སུམ་ཅུ་ཉིན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་། སྨན་གླིང་རྫོང་། ཀོང་པོ་རྒྱ་མདའ་རྫོང་སོགས་ཀོང་པོ་ས་ཁུལ་གྱིས་ལོ་རྙིང་ཕར་སྐྱེལ་ཏེ་ལོ་གསར་བ་བསུ་བའི་ཉིན་མོ་བསུས་པ་རེད། བོད་ལུགས་ཀྱི་ཟླ་དགུ་པའི་ཚེས་ཉེར་དགུ་ཉིན་ནས་བོད་ལུགས་ཀྱི་ཟླ་བཅུ་པའི་ཚེས་བདུན་ཉིན་བར་དུ། ཀོང་པོ་ས་ཁུལ་གྱིས་བོད་ལྗོངས་དང་། ཐ་ན་ཀྲུང་གོའི་ལོ་གསར“ཆེས་སྔ་ཤོས”ཏེ་ཀོང་པོའི་ལོ་གསར་བསུ་པ་རེད། 
          ལོ་གསར་གྱི་ཡོང་ཁུངས་དེ་འཐབ་འཁྲུག་དང་འབྲེལ་བ་ཡོད་པ། 
          ཀོང་པོའི་ལོ་གསར་ཅིའི་ཕྱིར་འདི་འདྲའི་སྔ་བ་ཡིན་ནམ། ཁྱིམ་མིེར་སྒུག་པའི་པ་སངས་ཚེ་རིང་གིས་བཤད་རྒྱུར“དེ་ནི་ཀོང་པོ་རྒྱལ་པོས་དབང་བསྒྱུར་བྱེད་པའི་བཙན་པོའི་དུས་སྐབས་ཀྱི་དམག་འཁྲུག་ཅིག་དང་འབྲེལ་བ་ཡོད་པ་རེད”ཅེས་བཤད། 
          སྐབས་དེ་དུས་ནི་སྟོན་མཇུག་དང་དགུན་སྟོད་ཡིན་ཞིང་། ཀོང་པོའི་ས་ཁུལ་གྱིས་ད་སོ་མར་ལོ་ལེགས་བསྡུས་མོད། བྱང་ཕྱོགས་ཧོར་གྱི་ཚུར་རྒོལ་ཐེབས་ཏེ་ཀོང་པོའི་རྒྱལ་པོ་ཨ་ཅི་རྒྱལ་པོས་སེམས་ཐག་གཙང་བཅད་ཀྱིས་ཀོང་པོའི་སྐྱེས་པ་རྣམས་མྱུར་བསྡུ་བྱས་ཏེ་དམག་ལ་འགྲོ་རྒྱུའི་ཐག་བཅད་དེ། “དམག་འཁྲུག་ཐེངས་བརྒྱའི་ཁྲོད་ནས་དམག་དཔོན་ཤི།  དཔའ་བོ་ལོ་བཅུའི་རིང་ཁྱིམ་དུ་མི་ལོག”ཅེས་པ་བཞིན་གཡུལ་སར་སྐྱོད་ཅིང་། མི་རེ་རེའི་སེམས་ཁོངས་སུ་ཕ་ཡུལ་ལ་ཞེན་ཆགས་ཀྱིས་ཁེངས་ཡོད། 
          ཀོང་པོ་རྒྱལ་པོ་ཨ་ཅིས་རྒྱལ་པོས་འཐབ་འཛིང་པ་རྣམས་ཀྱི་བསམ་ཚུལ་ཤེས་ཏེ་འཐབ་མོ་བ་རྣམས་ལ་དམག་འཁྲུག་རྒྱག་དགོས་ལ་ལོ་ཡང་སར་དགོས། ང་ཚོས་ཟས་རྒྱགས་ཚད་ཅིག་ཟོས་རྗེས་ད་གཟོད་འགྲོ་ཞེས་བཤད། མཇུག་མཐར་བསམ་འདུན་འགྲུབ་པའི་དཔའ་བོ་རྣམས་ཀྱིས་དཔའ་ངར་ཆེ་བསྐྱེད་ཀྱིས་དམག་འཁྲུག་བརྒྱབ་སྟེ་བཙན་འཛུལ་པ་རྣམས་ཐེངས་གཅིག་རིང་ཕམ་པར་བརྒྱབ། 
          འདི་ལྟར་ལོ་རེའི་བོད་ལུགས་ཀྱི་ཟླ་བཅུ་པའི་ཚེས་གཅིག་ནི་ཀོང་པོ་ས་ཁུལ་གྱི་མི་རྣམས་ཀྱི་ལོ་གསར་པའི་མགོ་ཚུགས་ས་ཞིག་ཏུ་གྱུར། 
          སྔོན་ལ་ལོ་བསུ་བར་ཡང་དོ་སྣང་བྱེད་དགོས་ས་མང་པོ་འདུག
          མ་གཞི་སྔ་ཙམ་ནས་ལོ་གསར་གཏོང་རྒྱུ་ནི་ཀོང་པོའི་སྐྱེས་པ་རྣམས་ཀྱིས་དཔའ་མི་ཞུམ་པར་དགྲ་བོ་རྩ་མེད་དུ་གཏོང་ཆེད་ཡིན་མོད། འོན་ཀྱང་ད་ལྟའི་བར་སྔར་སྲོལ་རྒྱུན་འཛིན་བྱས་པའི་ཀོང་པོའི་ལོ་གསར་ལ་དོ་སྣང་བྱེད་དགོས་ས་ཤིན་ཏུ་མང་པོ་ཡོད། 

          རི་མཐོའི་བར་དང་རྩྭ་ཐང་སྟེང་གནས་པའི་བཀྲ་ཤིས་སྒང་གྲོང་ཚོར“བཀྲ་ཤིས་འདབས”ཞེས་བཀྲ་ཤིས་པའི་གོ་དོན་ཆེན་པོ་ཞིག་ཡོད་ཅིང་། ཀོང་པོའི་ལོ་གསར་བསུ་བར་པ་སངས་ཚེ་རིང་ཁྱིམ་མི་གང་བོས་སྔ་མོ་ནས་ཆང་དང་།  " ཕྱེ་འཐག"  བག་ཟན། བོད་ཕག་དང་། མེ་ཤིང་སོགས་གྲ་སྒྲིག་བྱས་ཡོད་པར་མ་ཟད། ད་དུང་ཁང་པར་སྔོན་ལ་གཙང་སྦྲ་བྱས་ཡོད། 

རི་མོ་འདི་ནི་ཀོང་པོའི་ལོ་གསར་གྱི་གནམ་གང་སྔོན་གྱི་མཚན་མོར“དགུ་ཐུག”འཐུང་བ་རེད། ཝང་ཡོན་ཡོན་གྱིས་པར་བླངས། 
          བོད་ལུགས་ཀྱི་ཟླ་དགུ་པའི་ཚེས་ཉེར་དགུ་ཉིན་ནི་ཀོང་པོའི་ལོ་གསར་གྱི་གནམ་གང་སྔོན་གྱི་མཚན་མོར“དགུ་ཐུག”འཐུངས་བ་དང་གླུད་བརྫངས་པ་ཡིན། 
          “བོད་ལུགས་ཀྱི་ཟླ་དགུ་པའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོར། ‘ཕྱེ་འཐག’ཟོས་ཏེ་ད་རུང་ཁྱིར་ལྡུད་དགོས”ཞེས་པ་སངས་ཚེ་རིང་གིས་འགྲེལ་བཤད་བྱས་ནས་བཤད་ཅིང་། ཁྱིར་ལྟོ་ཆས་སྟེར་སྐབས་ཁྱི་ཡི་མདུན་དུ་རྒྱུག་ལེབ་ཅིག་བཞག་སྟེ། རྒྱུག་ལེབ་སྟེང་དུ་སྔོན་ལ་ཤ་དང་། མར། རྩམ་པ་བཞག་ནས་ཁྱིས་སྔོན་ལ་ཅི་ཞིག་ཟ་མིན་དེའི་ཤུགས་བསྟན་ཡང་མི་འདྲ་བ་ཡིན། “གལ་ཏེ་ཁྱིས་སྔོན་ལ་རྩམ་པ་ཟོས་ཚེ་ལོ་རྗེས་མར་ལོ་ལེགས་ཡོང་བའི་དོན་དང་། སྔོན་ལ་མར་ཞིག་ཟས་ན་ནི་འབྲོག་ལས་ཐད་ལ་ལོ་ལེགས་བྱུང་བ་དང་། སྔོན་ལ་ཤ་ཟོས་ཚེ་ལོ་རྗེས་མར་འབྲི་གཡག་སོགས་ཕྱུགས་ཟོག་ལ་གནོད་འཚེ་ཡོང་བའི་སྔ་ལྟས་ཡིན”ཞེས་བཤད། 
          “ཁྱིར་ལྟོ་ཆས་སྟེར་བ་ནི་ས་རུབ་སྐབས་སུ་སྟེར་བ་ཡིན་ཞིང་། དེའི་རྗེས་སུ་ཁྱིམ་མི་རྣམས་མཉམ་འཛོམས་བྱུང་སྟེ’ཕྱེ་འཐག’ཟ་བ་ཡིན”ཞེས་བཤད། 

རི་མོ་འདི་ནི་མདའ་འཕེན་པའི་རྣམ་པ་རེད། 
          བོད་ལུགས་ཀྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་གྱི་ཞོགས་པ་སྔ་མོ་ནས་ལོ་གསར་གྱི་ཆུ་ཟོ་དང་པོ་དེ་ལེན་དུ་འགྲོ་བ་དང་། བོད་ལུགས་ཀྱི་ཟླ་བཅུ་པའི་ཚེས་གསུམ་ཉིན་ཞིང་ཁར་ལོ་ལེགས་ལྷ་མོར་གསོལ་མཆོད་བྱས་ཏེ་ལོ་རྗེས་མར་ལོ་ལེགས་འབྱུང་བའི་སྨོན་ལམ་འདེབས་པ་ཡིན། འདིའི་རྗེས་སུ་ཚང་མ་མཉམ་དུ་བསྡད་ནས་མདའ་འཕེན་སོགས་ཐུན་མོང་གི་རོལ་རྩེད་བྱེད་སྒོའི་ནང་དུ་ཞུགས་པ་ཡིན། 
          ཀོང་པོའི་ལོ་གསར་གྱི་གོམས་སྲོལ་མི་རབས་བར་དུ་རྒྱུད་འཛིན་བྱ་དགོས། 
          ཀོང་པོའི་ལོ་གསར་གྱི་ཡོང་ཁུངས་དང་། གོམས་གཤིས་གླེང་ཚར་རྗེས། པ་སངས་ཚེ་རིང་གི་ཁྱིམ་དུ་དྲི་ཞིམ་གྱིས་འཐུལ་ཡོད། བྲེལ་འཚུབ་ཆེ་བའི་ཁྱིམ་བདག་མས་ཁྲག་རྒྱུ་དང་། “ཁ་ཟས”ཀྱང་བཙོས་ཚར་བ་དང་། “ཕྱེ་འཐག”བཟོས་ཚར་བ་དང་། བག་ལེབ་ཀྱང་བཟོས་ཚར་ཏེ་སྤྱི་ལེ་བརྒྱད་ཅུ་ཙམ་གྱི་ཕྱི་རོལ་དུ་ཡོད་པའི་གཉེན་ཉེ་རྣམས་ཁྱིམ་དུ་ལོག་པར་རེ་སྒུག་བྱེད་བཞིན་ཡོད། 
          པ་སངས་ཚེ་རིང་ལ་མཚོན་ན་ཀོང་པོའི་ལོ་གསར་གྱི་གནམ་གང་དགོང་མོ་ནི“ཁྱིམ་མི་ཚོས་ངེས་པར་དུ་མཉམ་དུ་རོལ་དགོས་པའི”མཚན་མོ་ཞིག་ཡིན། 
          དགོང་མོའི་ཆུ་ཚོད་བརྒྱད་པར་སྒུག་ནས་སྡོད་པའི་ཁྱིམ་མི་རྣམས་གཞི་ནས་ལོག་སླེབས་སོང་། 

རི་མོ་འདི་ནི་པ་སངས་ཚེ་རིང་ཁྱིམ་མི་གང་བོས་མཉམ་འཛོམས་ཀྱི་དགོང་ཟས་གྲ་སྒྲིག་བྱེད་བཞིན་པའི་རྣམ་པ་རེད། 

རི་མོ་འདི་ནི་ཚ་མོ་ཡེ་ཤེས་སྒྲོལ་དཀར་གྱིས“ཕྱེ་འཐག”ཟ་བཞིན་པའི་རྣམ་པ་རེད། 
          ཕྱུར་བ་ལེན་པ་དང་། “ཁ་ཟས”བཤམས་པ། ཁྲག་རྒྱུ་ལེན་པ་སོགས་འགྲུལ་ཁང་ཆུང་ཆུང་ནང་དུ་སྐད་ཅིག་རིང་ཚ་ཚ་འུར་འུར་དུ་གྱུར་སོང་། 
          མེ་ཐབ་ཀྱི་འགྲམ་དུ། ལོ་བཞིར་སླེབས་པའི་ཚ་མོ་ཡེ་ཤེས་སྒྲོལ་དཀར་གྱིས་ལྕེས་བསྲེགས་ཟིན་པའི“ཕྱེ་འཐག”ལྡག་བཞིན་ཡོད་ཅིང་། ལོ17ལ་སླེབས་པའི་ཚ་བོ་དོན་གྲུབ་དབང་རྒྱལ་གྱིས་མེའི་ནང་དུ“ཕྱེ་འཐག”སྲེག་བཞིན་ཡོད་པ་དང་། བུ་དང་མནའ་མ་གཉིས་ཀྱིས་ཅོག་ཙེའི་སྟེང་གི་ཁ་ལག་ལ་གཡོག་བྱེད་བཞིན་ཡོད། པ་སངས་ཚེ་རིང་གིས་མིག་ཅེ་རེར་ལྟ་བཞིན་སྐབས་ལར་གདོང་ལ་འཛུམ་མདངས་འཕྱུར་བཞིན་ཡོད། 

          འདི་ནི་པ་སངས་ཚེ་རིང་དང་ཚ་བོ་དོན་གྲུབ་དབང་རྒྱལ་རེད། ཝང་ཡོན་ཡོན་གྱིས་པར་བླངས། 
          མཐོ་རིམ་སློབ་འབྲིང་འགྲིམས་ཟིན་པའི་དོན་གྲུབ་དབང་རྒྱལ་གྱིས་ད་ལོར་གཞི་ནས་ཁྱིམ་དུ་ལོ་གསར་ཐུབ་སོང་། འདིའི་སྔོན་གྱི་ལོ་གསུམ་གྱི་ནང་། ཁོས་ཀོང་ཏུང་དུ་སློབ་སྦྱོང་བྱས་པའི་དབང་གིས་བརྙན་ལམ་ཡང་ན་ཁྱིམ་མིས་སྔོན་ལ་བསྐུར་ཡོང་བའི་ཟས་རིགས་བརྒྱུད་དེ་ལེ་དབར་སྟོང་གིས་ཆོད་པའི་ལོ་གསར་རོལ་གྱིན་ཡོད། ཀོང་པོའི་ལོ་གསར་གྱི་ཡོང་ཁུངས་སྐོར་དང་། ཅིའི་ཕྱིར“ཕྱེ་འཐག”ཟ་བ་ཡིན་པ་དང་། ཅིའི་ཕྱིར་ཁྱིར་ལྟོ་ལྡུད་པ་སོགས་ཚང་མ་སྤོ་བོའི་ཁ་ནས་ཤེས་པ་ཡིན། 
          བུ་ཚས་བསྐོར་བའི་པ་སངས་ཚེ་རིང་ལ་མཚོན་ན་ཀོང་པོའི་ལོ་གསར་གྱི་གནམ་གང་དུ་ནང་མི་ཚང་མ་ངེས་པར་དུ་གྲལ་འགྲིག་པོ་ཡིན་དགོས་ཤིང་། “ང་ཚོའི་ལུས་སྟེང་དུ་ཅི་ཞིག་ཡོད་པ་ཁོ་ཚོས( ཚ་བོ་ཚ་མོ་) དེ་བཞིན་དུ་རྒྱུད་འཛིན་བྱེད་ངེས་ཡིན། ང་ཚོས་ལོ་འདི་རོལ་བ་ཡིན་ན་རྗེས་སུ་ཁོ་ཚོར་ཡང་གོམས་གཤིས་འདི་ཡོད་ཁོ་ཐག་ཡིན”ཞེས་འདི་ནི་ཁྱིམ་ཚང་ཞིག་གི་རྒྱུན་འཛིན་ཡིན་ལ། ཁྱིམ་ཚང་དང་འབྲེལ་བའི་སྦྲེལ་ཐག་ཅིག་ཀྱང་ཡིན། 
          འོ་མ་གསར་པ་ལས་མར་དཀྲོགས་རྗེས་མུ་མཐུད་དུ་འདག་འདག་ཏུ་བཟོས་ནས“ཕྱེ་འཐག”རིལ་བུ་བཟོ་བ་ཡིན། དེ་ནི“འབྲུ་དཀར་པོ”ཡིན་ཞིང་། དེས་ལོ་གསར་པོའི་ནང་དུ་ཡོད་ཚད་བཀྲ་ཤིས་བདེ་ལེགས་འབྱུང་བའི་སྨོན་ལམ་ཡང་མཚོན་གྱི་ཡོད། པ་སངས་ཚེ་རིང་གིས་བཤད་རྒྱུར་ལོ་གསར་པའི་ནང་གི་རང་གི་རེ་བ་ནི་བདེ་ཐང་དང་འཆམ་མཐུན་ཡིན་ཞེས་བཤད། “བཟའ་མི་གང་བོ་མཉམ་གཅིག་ཏུ་བདེ་ཐང་དང་། དགའ་དགའ་སྐྱིད་སྐྱིད་ཡོང་བ་འདི་གཉིས་ལས་མེད་། ཆ་རྐྱེན་བཟང་པོ་གང་འདྲ་ཡོད་ཀྱང་བདེ་སྐྱིད་ཀྱི་འཚོ་བ་མེད”ཅེས་བཤད། 
          ནང་མི་མཉམ་འཛོམས་ཀྱིས་མཉམ་གཅིག་ཏུ་མེ་ཐབ་ཀྱི་ཁ་བསྐོར་ནས་ལོ་གསར་གླེང་ཞིང་། ཁུ་སིམ་པའི་སྐར་ཚོགས་ཀྱི་འོག་དང་། གངས་རིའི་འདབས་སུ“བཀྲ་ཤིས་པོས“ལོ་གསར་པ་ཞིག་བསུས་བྱུང་།