ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མཚོ་སྔོན་ཡུལ་ཤུལ་དུ་དྲིན་ཚོར་དང་སྙིང་སྟོབས་ཆེན་པོས་མདུན་སྐྱོད་བྱེད་པའི་རྣམ་པ་གསར་པ་མངོན་པ།

སྤེལ་དུས 2018-12-29 ཡོང་ཁུངས། མི་དམངས་ཉིན་ཚགས། རྩོམ་པ་པོ། ལྷག་པ་ཚེ་རིང་གིས་བསྒྱུར།
          ལོ་མཇུག་ཏུ་གནམ་གཤིས་ཧ་ཅང་གྲང་མོད། འོན་ཀྱང་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྐྱེ་རྒུ་གྲོང་རྡལ་བཀྲ་ཤིས་དར་ཐང་གྲོང་ཚོའི་སྡེ་ཁུལ་གསུམ་པའི་གྲོང་མི་ཚོའི་སེམས་ནང་དྲོ་སྐྱིད་ཀྱིས་ཁེངས། ཞོགས་པ་སྔ་མོ་ནས་ཁོང་ཚོ་བཀྲ་ཤིས་དར་ཐང་ཐང་ཆེན་དུ་མཉམ་ལས་ཁང་གི་ཁེ་འབབ་བགོ་འགྲེམས་ཚོགས་ཆེན་དུ་ཞུགས་པར་སླེབས། འདི་ལོའི་བགོ་འགྲེམས་ནི་སྒོ་ཁྲི་21རི་བའི་གྲོ་ཞིབ་དང་། འབྲས། ནས། སྲན་ཆེན། ཞོག་ཁོག ཉུང་མ་སོགས་ཀྱི་བཟའ་བཅའ་རེད་ལ། སྡེ་ཁུལ་གསུམ་པའི་ཧྲེ་ཀྲང་ཚེ་དབང་གིས་ས་གནས་ས་ཐོག་ཏུ་དངོས་རྫས་རྩིས་བཤེར་བྱེད་བཞིན་འདུག
          2010ལོར་ཡུལ་ཤུལ་དུ་ས་ཡོམ་བརྒྱབ་རྗེས་ཚེ་དབང་གིས་གཉེན་ཉེ་3རྐྱེན་ལམ་དུ་ཤོར་བའི་སྐྱོ་སྣང་ཁོག་ཏུ་མིད་ནས་སེམས་ཤུགས་ཆེན་པོས་ཡུལ་མི་ཚོའི་སྣེ་ཁྲིད་དེ་རང་སྐྱོབ་བྱས་པ་དང་། སྡོད་ཁང་གསར་པའི་ནང་སྤོས་རྗེས་གྲོང་མིའི་འཚོ་གནས་དང་འཕེལ་རྒྱས་ཀྱི་ཐབས་ལམ་ཇུས་འགོད་བྱས་ཏེ་ས་ཡོམ་རྗེས་ཀྱི་ཡུལ་ཤུལ་གྱི་རྩམ་པ་འཐག་ཁང་དང་པོ་དེ་བཙུགས།
          མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ས་ཡོམ་རྗེས་སུ་ཕྱོགས་10ཐད་ཀྱི་ཆེད་དོན་འཆར་འགོད་དང་། རྫོང་གྲོང་6གི་སྤྱིའི་འཆར་འགོད། ཤང་གྲོང་19ཡི་འཛུགས་སྐྲུན་འཆར་འགོད། གྲོང་ཚོ་126གི་འཛུགས་སྐྲུན་འཆར་འགོད་བཅས་བཟོས་པ་དང་། རིགས་ཆེ་བ་6དང་བསྐྱར་སྐྲུན་རྣམ་གྲངས་1248གཏན་འཁེལ་བྱས་ཡོད། ད་ཆ་སླར་གསོ་བྱུང་བའི་ཡུལ་ཤུལ་འདི་ཉིད་རྣམ་པ་གསར་རྐྱང་དུ་གྱུར་ནས་ས་མཐོའི་སྣོད་བཅུད་ཚོང་དོན་ཡུལ་སྐོར་གྲོང་ཁྱེར་འཛུགས་སྐྲུན་བྱེད་་བཞིན་ཡོད་པ་རེད།
          ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ་ལྗང་མདོག་ཁྱིམ་གཞིས་བསྐྲུན་པ།
          སྐྱེ་རྒུ་གྲོང་རྡལ་གྱི་རྫ་ཆུའི་ངོགས་སུ་ཁམས་ཡུལ་གྱི་ཉམས་འགྱུར་གྱིས་ཕྱུག་པའི་ཚོང་ལས་ལམ་དང་ཐང་བོད་གནའ་ལམ་ཚོང་དོན་ཁྲོམ་གཞུང་ལས་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་ཡུལ་སྐོར་བ་དང་མ་འཇོག་མཁན་གྱི་ཡིད་དབང་བཀུག་པ་དང་། མཚར་སྡུག་རྣམ་པར་བཀྲ་བའི་ཚོན་རིས་ལས་མི་རིགས་ཀྱི་ཉམས་འགྱུར་ཟབ་མོ་མངོན།
          ཀུན་བཟང་སྐྱིད་ནང་མི་གསུམ་པོ་ས་ཡོམ་རྗེས་ཀྱི་ཁག་དང་པོའི་སྡོད་ཁང་གསར་པའི་ནང་སྤོས་པ་དང་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་80ཟིན་པ་དང་། བོད་བཟོའི་སྒོའི་ཉམས་འགྱུར་མངོན་གསལ་དོད་པ། གྱང་སྟེང་དུ་ཚོན་མདོག་སྣ་ལྔའི་བཀྲ་ཤིས་རི་མོ་བྲིས་ཡོད་པ། ཁང་པའི་ནང་བོད་བཟོའི་འབོལ་ཁྲི་དང་། སྒྲོག་ཙེ། ཚགས་ཤ་ལུག་ཤ་བླུགས་པའི་འཁྱགས་སྒམ་བཅས་སྒྲིག་ཡོད།
          མཚོ་སྔོན་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་བཟོ་སྐྲུན་ལས་རིགས་བཟོ་སྐྲུན་དོ་དམ་ཁྲུའུ་ཡི་ཀྲའོ་ལི་ལིང་གིས་ཡུལ་ཤུལ་དུ་ས་ཡོམ་བརྒྱབ་རྗེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་དུད་ཚང་39149ཡི་སྡོད་ཁང་འཛུགས་སྐྲུན་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཐུབ་ཡོད། ས་ཡོམ་མ་བརྒྱབ་གོང་གི་སོ་ཕག་ཁང་པ་ཚང་མ་ཨར་འདམ་ལྕགས་རྩིགས་མར་སྒྱུར་བས་ཡོམ་འགོག་ནུས་པ་ཆེ་རུ་ཕྱིན་པ་དང་མང་ཚོགས་ཀྱི་སྡོད་ཁང་གི་ཆ་རྐྱེན་གཞི་རྩའི་ཐོག་ལེགས་སུ་ཆེན་པོ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
          “ཡུལ་ཤུལ་དུ་གཙང་ཆུའི་ཆུ་འགོ་དང་། རི་བོ་གྲགས་ཅན་གྱི་ཡུལ། ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོགས་སོགས་ཀྱི་མཚན་སྙན་ལྡན་ཡོད། སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ལྟེ་བའི་ཁུལ་ཡིན་པའི་ངོས་ནས་ཡུལ་ཤུལ་དུ་བསྐྱར་སྐྲུན་བྱེད་རིང་འཛུགས་སྐྲུན་རྒྱུ་ཆ་ནས་འཛུགས་སྐྲུན་འཆར་འགོད་བར་ཚང་མ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་བརྩི་སྲུང་བྱས་ཡོད། སྣོད་བཅུད་བསྐྱར་གསོ་དང་། ཁོར་ཡུག་བཅོས་སྒྲིག གནོད་འཚེ་འགོག་བཅོས། ཚད་ལྡན་སྔོག་འདོན། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་རྒྱུ་ཆ་ཁྱབ་གདལ་སོགས་གེགས་བར་རྗེས་ཀྱི་བསྐྱར་སྐྲུན་གྱི་སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་རྣམ་གྲངས་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཟིན་ཡོད”ཅེས་ཀྲའོ་ལི་ལིང་གིས་བཤད།
          མིག་སྔར་རྒྱལ་ཁབ་ཀྱི་བསྐྱར་སྐྲུན་འཆར་འགོད་ནང་བཅུག་པའི་ཡུལ་ཤུལ་གྱི་བསྐྱར་སྐྲུན་རྣམ་གྲངས་1248ཕྱོགས་ཡོངས་ནས་ལེགས་་སྒྲུབ་ཟིན་པ་དང་སྤྱི་ཚོགས་ཡོངས་ཀྱིས་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་420ལྷག་ཙམ་ཟིན་ཡོད།
          བསྐྱར་སྐྲུན་ཚད་བརྒལ་བྱས་ནས་གྲོང་ཁྱེར་གྱི་དོ་དམ་ཆུ་ཚད་མཐོ་རུ་བཏང་བ།
          ཡུལ་ཤུལ་གྱི་སླར་གསོ་བསྐྱར་སྐྲུན་དེ་སྟབས་བདེའི་ངང་འདྲ་བཟོ་བྱེད་པ་ཞིག་མིན་པར་འཕེལ་རྒྱས་དང་རིམ་འཕར་གསར་པ་མངོན་འགྱུར་བྱེད་དགོས།
          མིག་སྔར་ཡུལ་ཤུལ་གྲོང་ཁྱེར་གྱི“འཕྲེད་བཞི་དང་གཞུང་བཅོ་ལྔའི”གྲོང་ཁྱེར་མ་ལམ་དང་ལམ་ཕལ་པ་ཚང་མ་བསྐྲུན་ཟིན་པ་དང་ཆུ་མཁོ་སྤྲོད་དང་ཕྱིར་འབུད་དང་། སོལ་རླངས། གད་སྙིགས་གཙང་སེལ།བཙོག་ཆུ་གཙང་གསིང་སོགས་གྲོང་ཁྱེར་འཛུགས་སྐྲུན་གྱི་སྒྲིག་བཀོད་བསྐྲུན་ཟིན་ནས་འཁོར་རྒྱུག་བྱས་ཡོད། འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཆུ་འོད་གསབ་རེས་གློག་དྲའི་གློག་གཏོང་རྣམ་གྲངས་དང་ཆན་ཕུའུ་110ཡི་དྲ་འབྲེལ་འདུ་འགོད་བསྐྲུན་ཟིན་ནས་གློག་ཤུགས་འགན་ལེན་ནུས་པ་ས་ཡོམ་མ་བརྒྱབ་གོང་ལས་ལྡབ་2ཆེ་བ་ཡོད་པ་རེད།
          ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཨུད་ཀྱི་རྒྱུན་ཨུ་རྒྱུན་ལས་ཁུལ་ཀྲང་གཞོན་པ་ཁྲེན་ཡུང་ཞང་གིས“མིག་སྔར་ཡུལ་ཤུལ་འདི་ཉིད་གྲོང་་ཁྱེར་ལ་ཚད་ལྡན་ཅན་གྱི་དོ་དམ་དང་གྲོང་ཁྱེར་གྱི་སྤུས་རྟགས་གཏོད་པའི་རིམ་སྤོར་གྱི་དུས་མཚམས་སུ་སླེབས་ཡོད། ཤེས་དཔལ་གྱི་གྲོང་ཁྱེར་གཏོད་འཛུགས་བྱེད་པར་ས་མཐོའི་སྣོད་བཅུད་ཚོང་དོན་དང་ཡུལ་སྐོར་གྲོང་ཁྱེར་དང་། གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་ལྟེ་བའི་གྲོང་ཁྱེར། བོད་རིགས་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ལ་སྤྱི་འདོམས་ཀྱི་སྔོན་ཐོན་ས་ཁུལ་དུ་བསྐྲུན་པ་བཅས་བྱེད་དགོས་ལ། སྔོན་ཐོན་གྲོང་ཁྱེར་གྱི་ཉམས་མྱོང་དཔྱད་གཞིར་གང་ལེགས་འཛིན་པ་དང་དུས་མཚུངས་ཡུལ་ཤུལ་རང་ཉིད་ཀྱི་ལམ་བུ་ཞིག་ཀྱང་འཚོལ་ཞིབ་ཐུབ་དགོས”ཞེས་བཤད།
          ད་ཆའི་ཡུལ་ཤུལ་གྱི་སློབ་མ་མི་རེའི་ཆ་སྙོམས་སློབ་གྲྭའི་ཉལ་ཁང་གི་རྒྱ་ཁྱོན་ནི་ས་ཡོམ་མ་བརྒྱབ་གོང་གི་ལྡབ་1.5ཡིན་པ་དང་། སློབ་ཁྲིད་ཐད་མ་དངུལ་གཏོང་ཚད་ས་ཡོམ་མ་བརྒྱབ་གོང་གི་ལྡབ་གཉིས་ཡིན་པ། སློབ་གསོ་དང་། སྨན་བཅོས། རིག་གནས། ལུས་རྩལ་བཅས་ཀྱི་སྒྲིག་བཀོད་དང་སྤྱི་སྤྱོད་ས་ཆའི་གཞི་ཁྱོན་ས་ཡོམ་མ་བརྒྱབ་གོང་ལས་32%དང་། 77% ལྡབ་13.6དང་ལྡབ་12བཅས་སོ་སོ་འཕར་བ།སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་མཁྲེགས་ཆས་ཀྱི་ཆུ་ཚད་བོད་རིགས་ས་ཁུལ་གྱི་མདུན་གྲལ་དུ་སླེབས་ཡོད།
          མང་ཚོགས་ཀྱིས་གཅེས་སེམས་དང་འགྲོགས་ནས་བདེ་སྡོད་ལས་བརྩོན་བྱེད་པ།
          ཡུལ་ཤུལ་གྱི་གེགས་རྗེས་བསྐྱར་སྐྲུན་ནི“ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི”ཡོམ་འགོག་གེགས་སེལ་གྱི་སྙིང་སྟོབས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།
          ཡུལ་ཤུལ་དུ་ས་ཡོམ་བརྒྱབ་རྗེས་པེ་ཅིང་གི་རྒན་ཡོལ་ཞུས་པའི་ལས་བཟོ་སུན་ཞོན་གྱིས་ལམ་ཆས་འཁྱེར་ནས་ཡུལ་ཤུལ་བརྒྱད་གཅིག་དྭ་ཕྲུག་སློབ་གྲྭར་སློབ་སྐྱོར་བྱེད་པར་བསྐྱོད། ལོ་གསུམ་གྱི་རིང་ཁོང་གིས་རང་གི་གཉེན་ཉེར་བྱམས་སྐྱོང་བྱེད་པ་བཞིན་ཡུལ་ཤུལ་གྱི་དྭ་ཕྲུག་ཚོ་བསྐྱངས་ཡོད། ལོ་བདུན་ཅུ་ལ་སླེབས་པའི་ཁོང་ད་ལྟའང་ལོ་ལྟར་སློབ་གྲྭར་ལྟ་བར་འགྲོ་བ་དང་ཕྲུ་གུ་ཚོར་གོས་དང་སློབ་སྦྱོང་ཡོ་ཆས་སྤྲོད་ཀྱི་ཡོད། “ཕྲུ་གུ་དེ་ཚོ་ནི་ནམ་ཡང་ངའི་སེམས་ཁྲལ་བྱེད་ས་ཡིན། ཁོང་ཚོར་ཐོག་མཐའ་བར་གསུམ་དུ་གཅེས་སེམས་འཆང་རྒྱུ་ཡིན”ཞེས་ཁོང་གིས་བཤད།
          མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གེགས་སེལ་ཁྲུའུ་ཡི་གྲངས་གཞི་ལས་མངོན་གསལ། ས་ཡོམ་བརྒྱབ་པའི་ཉིན་ནས་བཟུང་། ཡུལ་་ཤུལ་གྱི་གནོད་འཚེ་ཕོག་མཁན་ལ་རྒྱལ་ཁབ་གྱི་ཁ་གསབ་མ་དངུལ་ལོ་གསུམ་བསྟུད་མར་སྤྲད་པ་དང་། གནོད་འཚེས་རྐྱེན་པས་དབུལ་པོར་གྱུར་བའི་མང་ཚོགས་ཁྲི་3ལྷག་ཙམ་ཚང་མ་མ་མཐའི་འཚོ་བའི་འགན་ལེན་ཁྱབ་ཁོངས་ནང་བཅུག་ནས་གེགས་ཁུལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་འགན་ལེན་བྱས་ཡོད།
          “ད་ཆ་ང་ཚོ་དྲོད་རླངས་ཡོད་པའི་ཁང་པར་སྡོད་རྒྱུ་བྱུང་བ་དང་ཉེ་འགྲམ་དུ་སྒོ་རྩིས་ཚོང་ཁང་དང་ཟ་ཁང་ཡོད་པས་འཚོ་བ་དེ་སྔ་ལས་སྟབས་བདེ་ལ་གནས་བཟོད་བདེ་བ་འདུག”ཅེས་ཡུལ་ཤུལ་གྱི་གྲོང་མི་བསོད་ནམས་བདེ་སྐྱིད་ཀྱིས་སེམས་འགུལ་ཐེབས་བཞིན་དུ་དེ་ལྟར་བཤད།
          “ང་རང་ཡུལ་ཤུལ་དུ་སྐྱེས་པ་དང་དེར་འཚར་ལོངས་བྱུང་བ་ཡིན། ཞིག་རོའི་ཁྲོད་ཀྱི་ཡུལ་ཤུལ་རིམ་བཞིན་བསྐྱར་སྐྲུན་བྱེད་པ་མཐོང་དུས་ཏང་གི་བཀའ་དྲིན་ཆེན་པོ་ཚོར་གྱི་འདུག ཏང་ཀྲུང་དབྱང་དང་རྒྱལ་་སྲིད་སྤྱི་ཁྱབ་ཁང་གིས་སྤྱི་ཡོངས་ལ་འཛིན་སྐྱོང་བྱས་ཏེ‘སྟོབས་ཤུགས་གཅིག་བསྡུས་ཀྱིས་བྱ་བ་ཆེན་པོ་བསྒྲུབས’ནས་ཡུལ་ཤུལ་གྱི་གེགས་རྗེས་བསྐྱར་སྐྲུན་ལ་སྲིད་ཇུས་དང་། ལམ་སྲོལ། མ་དངུལ། ལག་རྩལ་བཅས་ཀྱི་འདེགས་སྐྱོར་བྱས་ཡོད”ཅེས་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་གི་རྫོང་དཔོན་གཞོན་པ་མའེ་ཧྲའོ་ཡིས་བཤད། ཁོང་གིས་དེ་སྔ་ཡུལ་ཤུལ་གྱི་གེགས་རྗེས་བསྐྱར་སྐྲུན་གྱི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བཀོད་འདོམས་ལྟེ་གནས་ངོ་བཅར་ཁྲུའི་ཀྲུའུ་རེན་གྱི་འགན་ཁུར་མྱོང་་ཡོད། “རྒྱལ་ཡོངས་མི་དམངས་ཀྱི་གཅེས་སེམས་ཆེན་པོ་ལས་ངར་སྔ་ཕྱི་བར་གསུམ་དུ་མདུན་སྐྱོད་བྱ་རྒྱུར་ལྕག་སྐུལ་ཐེབས་བྱུང”ཞེས་ཁོང་གིས་བཤད།