ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“དུས་རབས་ཀྱི་མིག་དཔེ”སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སློབ་སྦྱོང་བྱེད་དགོས་པའི་བླང་བྱ་བཏོན་པ།

སྤེལ་དུས 2019-01-14 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཉེ་ཆར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་བཅས་ཀྱིས་མཉམ་འབྲེལ་ཐོག《“དུས་རབས་ཀྱི་མིག་དཔེ”སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སློབ་སྦྱོང་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཏང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་མཆན་བཀོད་མཛུབ་སྟོན་གནང་ནས《བརྡ་ཐོའི》བླང་བྱར་ཞིབ་འཇུག་ནན་ཏན་བྱས་ཏེ་ལག་བསྟར་ཇུས་གཞི་བཟོ་བ་དང་སླར་ཡང་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་མཐོ་རླབས་འཕྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
            《བརྡ་ཐོའི》ནང་བསྟན་དོན། 2017ལོའི་ཟླ་10ཚེས་28ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་པ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་གནང་ནས་ཁོང་ཚོ་ཕ་དང་བུ་མོ་མི་རབས་གཉིས་ཀྱིས་རྒྱལ་ཁབ་ཀྱི་ཆེད་དུ་མཐའ་མཚམས་སྲུང་བའི་བྱ་སྤྱོད་ལ་གདེང་འཇོག་གང་ལེགས་གནང་བ་དང་ཡུན་རིང་མཐའ་སྲུང་མཐའ་བརྟན་དང་ལྷག་བསམ་རྣམ་དག་གིས་ལེགས་སྐྱེས་འབུལ་མཁན་བློ་མཐུན་ཚོར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་རྒྱ་ཆེའི་ཞིང་འབྲོག་པར་མཐའ་མཚམས་སུ་རྩ་བ་ཚུགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཡག་པོ་བྱེད་པ། ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་པ་བཅས་བྱ་རྒྱུའི་སྐུལ་མ་གནང་བ་རེད། དུས་རབས་གོང་མའི་ལོ་རབས་60པ་ནས་བཟུང་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་ཕ་སངས་རྒྱས་ཆོས་པའི་ཤུགས་རྐྱེན་དང་སྣེ་ཁྲིད་འོག“ཁྱིམ་ནི་ཡུལ་སྨད་དང་། རྒྱལ་ཁབ་ནི་ཀྲུང་གོ ཕྱུགས་འཚོས་ནས་མཐའ་མཚམས་སྲུང་རྒྱུ་ནི་འགན་འཁྲི”བཅས་ཡིན་པའི་དད་སེམས་བརྟན་པོ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ལོ་ངོ་བཅུ་ཕྲག་ཁ་ཤས་ཉིན་གཅིག་ལྟར་མཐའ་མཚམས་སུ་ཕྱུགས་འཚོ་བ་དང་སྐོར་གཡེང་བྱེད་པ་བརྒྱུད་མེས་རྒྱལ་གྱི་སྤྱི་ལེ་ངོས་གྲུ་སྟོང་ཕྲག་ཁ་ཤས་ཟིན་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བྱས་པ་དང་རྒྱལ་གཅེས་མཐའ་སྲུང་གི་མི་སེམས་འགུལ་བའི་གཏམ་རྒྱུད་དང་དུས་རབས་ཀྱི་བསྟོད་གླུ་བརྩམས་ཡོད། 2018ལོའི་ཟླ་10ཚེས་19ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ“དུས་རབས་ཀྱི་མིག་དཔེའི”མཚན་སྙན་གནང་བ་རེད།
            《བརྡ་ཐོའི》ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་གྲོལ་མ་ཐག་པའི་སྐབས་དེར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་གནང་བ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅིས་རྒྱ་ཆེའི་མཐའ་མཚམས་མང་ཚོགས་ཀྱིས་དུས་ཡུན་རིང་པོའི་ནང་མེས་རྒྱལ་ལ་དགའ་ཞེན་དང་།  ཁྱིམ་སྲུང་རྒྱལ་སྲུང་། སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་བ། ས་སྲུང་མཐའ་བརྟན་བཅས་ཀྱི་བླ་ན་མེད་པའི་སྙིང་སྟོབས་ལ་ཁས་ལེན་གང་ལེགས་གནང་བ་ཞིག་ཡིན་པ་དེ་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཐད་ཀྱི་ཐུགས་རེ་ཟབ་མོ་དང་དེ་བཞིན་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བར་སྨོན་འདུན་བཟང་པོ་གནང་བ་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་ལས་ཏང་ཀྲུང་དབྱང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་མཚོན་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་པ། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་དམངས་ཕྱུག་བོད་དར་ཐད་ཀྱི་ཐུགས་རེ་ཟབ་མོ་གནང་ལུགས་མཚོན་པ་བཅས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་པ་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། ལྷག་བསམ་རྣམ་པར་དག་པ། སེམས་བཟང་ཚིག་ནན་བཅས་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དེས་སེམས་ནུས་སྔར་བས་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་བྱེད་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐའ་སྲུང་དཔོན་དམག་དང་མཉམ་དུ་མཐའ་མཚམས་སྲུང་སྐྱོང་དང་། མཐའ་མཚམས་འཛུགས་སྐྲུན། མཐའ་མཚམས་སྟོབས་ཆེར་གཏོང་བ་བཅས་ཀྱི་འབོད་སྐུལ་དང་སྐུལ་ལྕག་བྱེད་པ། མཐའ་མཚམས་མི་རིགས་ས་ཁུལ་དུ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གི་ལས་དོན་སྔར་བས་ཡག་པོ་སྒྲུབ་པ། བོད་རིགས་ས་ཁུལ་གྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་བཅས་ཐད་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།
            《བརྡ་ཐོའི》ནང་བླང་བྱ་བཏོན་དོན། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ནི་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་ཕུལ་བྱུང་འཐུས་མི་དང“རྒྱལ་གཅེས་མཐའ་སྲུང་གི་སྐལ་བཟང་མེ་ཏོག་མཛེས་ཤོས”རེད། ཁོང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་སེམས་ལ་བརྟན་པོར་ངེས་པ་དང་གངས་ལྗོངས་ཀྱི་མཐའ་མཚམས་སུ་གཞི་ཚུགས་ནས་རྒྱལ་ཁབ་ཆེད་མཐའ་མཚམས་སྲུང་བའི་མི་སེམས་འགུལ་བའི་བྱས་རྗེས་ལས་གུང་ཁྲན་ཏང་ཡོན་གྱི་ལྷག་བསམ་རྣམ་དག་དང་འགན་ཁུར་ཕོད་པའི་ཆབ་སྲིད་ཀྱི་གཤིས་སྤྱོད་གང་ལེགས་མཚོན་པ་དང་། རྒྱལ་གཅེས་དང་ལེགས་སྐྱེས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོན་ཉམས་དོད་པོས་གསལ་འགྲེལ་གང་ལེགས་བྱས་ཡོད། ཁོང་ཚོའི་ཕུགས་བསམ་དད་སེམས་བརྟན་པོར་སློབ་སྦྱོང་དང་། ཁོང་ཚོའི་ལེགས་སྐྱེས་འབུལ་བ་དང་འགན་ཁུར་བའི་སྙིང་སྟོབས་ལ་སློབ་སྦྱོང་། ཁོང་ཚོའི་ཁྱིམ་གཞིས་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་མོར་སློབ་སྦྱོང་བཅས་བྱེད་དགོས། བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་གྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཏང་ཡོན་དང་ལས་བྱེད་པ་སྒྲིག་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱས་ཏེ“དུས་རབས་ཀྱི་མིག་དཔེ”སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སློབ་སྦྱོང་བྱ་རྒྱུ་དེ“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ལ་བརྩིས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་ཟུང་འབྲེལ་དང“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཐོག་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སློབ་སྦྱོང་བྱ་རྒྱུ་དེ་ཟམ་མི་ཆད་པར་རྒྱ་ཆེ་དང་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་སྡེ་ཚན་གྱིས་སྣེ་འཁྲིད་དེ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྒོ་སྤེལ་དགོས། དྲིལ་བསྒྲགས་སྡེ་ཚན་གྱིས་ཐབས་ལམ་སྣ་ཚོགས་ཀྱིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་བྱས་རྗེས་དྲིལ་བསྒྲགས་བྱས་ཏེ་དུས་རབས་ཀྱི་མིག་དཔེའི་ཁྲིད་སྟོན་ནུས་པ་འདོན་དགོས་པ་དང་། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་སྡེ་ཚན་གྱིས་འཐབ་ཕྱོགས་གཅིག་གྱུར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དང་། ཆོས་ལུགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་དགོས།