ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

【ཚོགས་འདུ་གཉིས་ཀྱི་ཆེད་དོན་བཅར་འདྲི།】ཀུན་གྲགས་ཆོས་དབང་གིས་ཆེས་མ་མཐའི་འཚོ་བའི་འགན་ལེན་གྱི་ལས་དོན་ཡག་པོ་སྲུང་རྒྱུ་བཤད།

སྤེལ་དུས 2019-03-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཉེ་ཆར། འཐུས་མི་དང་ཨུ་ཡོན་ཚོས2019ལོའི་ལས་དོན་སྙན་ཞུ་ཚ་ཚ་འུར་འུར་ངང་གླེང་ཞིང་། ཙུང་ལི་ལི་ཁེ་ཆང་གིས་ནན་གྱིས་བསྟན་དོན། “ ང་ཚོས་མང་ཚོགས་ཀྱི་འཕྲལ་སྐྱོབ་དཀའ་སེལ་གང་ཐུབ་བྱས་ཏེ་མ་མཐའི་དམངས་འཚོའི་གཞི་ཐིག་མཐའ་གཅིག་ཏུ་སྲུང་དགོས”ཞེས་གསུངས་པས། བོད་རང་སྐྱོང་ལྗོངས་ནས་ཡོང་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀུན་གྲགས་ཆོས་དབང་ལ་སྐུལ་ལྕག་ཟབ་མོ་ཐེབས་པར་མ་ཟད་སེམས་གཏིང་ནས་འགན་འཁྲི་འགངས་ཆེན་ཡིན་པའི་བློ་སྐྱེད་བྱུང་།
རི་མོ་འདི་ནི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀུན་གྲགས་ཆོས་དབང་གིས་བཅར་འདྲི་དང་ལེན་བྱེད་པའི་རྣམ་པ་རེད།
            བཅར་འདྲི་དང་ལེན་བྱེད་སྐབས། ཀུན་གྲགས་ཆོས་དབང་གིས་བཤད་རྒྱུར། “ 2016 ལོར་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པའི་འགན་བཞེས་པ་ནས་བཟུང་། དམངས་སྲིད་ལས་ཀ་ནི་ངར་ལས་བགོས་བྱས་པའི་ལས་ཀའི་ཁྲོད་ཀྱི་ནང་དོན་གལ་ཆེ་བ་ཞིག་ཡིན་ཞིང་།  དམངས་སྲིད་ལས་དོན་ལ་ཞབས་སྟོན་པའི་ལས་ཀ་ཡག་པོ་སྒྲུབ་དགོས་པ་དང་། ང་ཚོས་ཆེས་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་འདི་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཤིང་། ལྷག་པར་དུ་རྒན་རྒོན་དང་། བྱིས་པ། དབང་པོ་སྐྱོན་ཅན་གྱི་འགན་སྲུང་ཐད་ཡག་པོ་སྲུང་དགོས”ཞེས་བཤད། 
རྒས་དུས་འཚོ་རྟེན་ཡོད་པ།
            “རྒས་དུས་འཚོ་རྟེན་ཡོད་པ”ནི་ཀྲུང་གོའི་ལོ་ངོ་སྟོང་ཕྲག་རིང་གི་སྤྱི་ཚོགས་ཀྱི་ཕུགས་བསམ་ཡིན་ཞིང་། ད་ཆ་བོད་ལྗོངས་སུ་ཕུགས་བསམ་མངོན་འགྱུར་བྱུང་ཡོད་དེ། ཀུན་གྲགས་ཆོས་དབང་གིས་སྤོབས་པ་ཆེན་པོའི་སྒོ་ནས" མིག་སྔར།  ལྷ་ས་གྲོང་ཁྱེར་གྱི་རྒན་རྒོན་གྱི་བདེ་ཐང་ཁ་གསབ་རོགས་དངུལ་དེ་ལོ60ལོན་པ་ནས་བླངས་ཆོག་པ་དང་།  མི་རེས་ཟླ་རེར་སྒོར50ནས་སྒོར300བཅས་མཐོ་དམའ་མི་གཅིག་པ་དང་། ཚེ་ཇི་ལྟར་རིང་ན་ཁ་གསབ་ཀྱི་རོགས་དངུལ་དེ་ཙམ་གྱིས་མཐོ་བ་ཡོད། ང་ཚོས་མང་ཚོགས་རྣམས་ལ་སྡོད་སའི་ཁང་པ་ཡོད་པ་དང་། ཟ་རྒྱུ་ཡོད་པ། སྨན་བཅོས་ཡོད་དེ་སེམས་ཁྲལ་མེད་པར་ཚེ་མཇུག་གི་འཚོ་བ་རོལ་བར་འགན་ལེན་བྱེད་ཀྱི་ཡོད”ཅེས་བཤད།
རི་མོ་འདི་ནི་ལྷ་ས་གྲོང་ཁྱེར་གྱི་རྒན་གསོ་ཁང་གི་རྒན་རྒོན་ཚོས་བོད་ཀྱི་ལོ་གསར་ལ་རོལ་བཞིན་པའི་རྣམ་པ་རེད།
            རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ལོ་མང་པོའི་རིང་། བོད་ལྗོངས་ཀྱིས་སྤྱི་ཚོགས་ཀྱི་ཕན་བདེ་ཁང་དང་། གྲོང་གསེབ་ཀྱི་རྒན་གསོ་ཁང་། རྒན་རྒོན་བདག་སྐྱོང་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒན་རྒོན་མི་ཧྲེང་འཚོ་སྐྱོང་བྱེད་པའི་ཆ་རྐྱེན་ལེགས་བཅོས་དང་། ཀུན་ཁྱབ་གཟིགས་སྐྱོང་འོས་འཚམས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་བཙུགས་ཏེ་གཅིག་སྡུད་ཐོག་འཚོ་སྐྱོང་བྱེད་པའི་ཚད་གཞི་མཐོ་རུ་བཏང་བ་རེད། དེ་དང་དུས་མཚུངས་སུ། རང་གིས་སྔར་ཡོད་ཀྱི་སྤྱི་ཚོགས་ཕན་བདེའི་ལས་ཁུངས་ཀྱི་རྨང་གཞིའི་ཐོག་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་ཀྱི་ཞབས་ཞུའི་ལས་ཁུངས95གསར་འཛུགས་དང་བཅོས་སྒྲིག་བྱས་པ་དང་། གཅིག་སྡུད་ཀྱིས་འགན་ལེན་ལྔའི་དུད་ཚང་གི་རྒན་རྒོན་ཁྲི་གཅིག་ལྷག་ལ་ཞབས་འདེགས་བྱས་ཏེ་རྒྱལ་ཡོངས་ཀྱི་སྔོན་དུ་འགན་ལེན་ལྔ་བྱ་ཡུལ་གཅིག་སྡུད་ཀྱིས་བསྙེན་བཀུར་བྱེད་ཚད100%ཟིན་པའི་དམིགས་ཚད་མངོན་འགྱུར་བྱས།
རི་མོ་འདི་ནི་ཀུན་གྲགས་ཆོས་དབང་གིས་རྒན་གསོ་ཁང་གི་རྒན་རྒན་ལ་ལྟ་སྐོར་བྱས་པའི་རྣམ་པ་རེད།
བྱིས་པར་སྐྱོང་མཁན་ཡོད་པ།
            སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བུད་མེད་ཀྱི་དབུ་ཚོགས་ཐོག“བུད་མེད་དང་བྱིས་པ་ཚང་མ་བདེ་སྐྱིད་བག་ཕེབས་ཀྱི་ཉི་འོད་ནང་གསོ་དགོས”ཞེས་འབོད་སྐུལ་བྱས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་འོག  2015ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་ལོ་བསྟུད་མར་དྭ་ཕྲུག་གཅིག་སྡུད་ཀྱིས་འཚོ་སྐྱོང་ཐུབ་ཚད100%མངོན་འགྱུར་བྱུང་བ་དང་།  མིག་སྔར། ལྷ་ས་གྲོང་ཁྱེར་གྱི་ཕན་བདེ་ཁང་གཉིས་པོར་ཁྱོན་བསྡོམས་དྭ་ཕྲུག300 ལྷག་ཙམ་ཡོད། 
རི་མོ་འདི་ནི་ལྷ་སའི་བྱིས་པའི་ཕན་བདེ་ཁང་གི་ཕྲུ་གུ་ཚོས་དཔྱིད་གསར་དུས་ཆེན་ལ་རོལ་བའི་རྣམ་པ་རེད།
            “ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་སྒྲིག་བཀོད་ཧ་ཅང་འཐུས་ཚང་ཡིན་ཏེ། དེར་ཟ་ཁང་དང་། ལྭ་བ་འཁྲུད་ཁང་། བྱིས་པའི་ཉལ་ཁང་། ནུས་མང་ཁང་སོགས་འཛུགས་སྐྲུན་བྱས་ཏེ་དྲོད་རླངས་མཁོ་འདོན་ཐུབ་པ་དང་དུས་ཚོད་༢༤རིང་ཆུ་ཚ་མཁོ་སྤྲོད་བྱེད་པ་མངོན་འགྱུར་བྱུང་སྟེ། ནང་སའི་གྲོང་ཁྱེར་ཆེ་གྲས་ཀྱི་མཁྲེགས་ཆས་སྒྲིག་བཀོད་དང་ཕལ་ཆེར་གཅིག་པ་ཡིན་སྟབས། འདི་དག་ཚང་མ་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་འཛུགས་སྐྲུན་བྱས་པ་རེད”ཅེས་ཀུན་གྲགས་ཆོས་དབང་གིས་མཚམས་སྦྱོར་བྱས་པ་དང་།   “ན་ནིང་གི་ཟླ7པར།  རྒྱལ་ཁབ་དམངས་སྲིད་པུའུ་ཡི་པུའུ་ཀྲང་ཧོང་ཧྲུའུ་ཞན་གྱིས་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་སྟེ་ལྷ་ས་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་ལ་གདེང་འཇོག་མཐོན་པོ་བྱས་ཡོད་པ་རེད”ཅེས་བཤད།
རི་མོ་འདི་ནི་ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ཕྲུ་གུ་ཚོས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་རོལ་བའི་རྣམ་པ་རེད། 
            ལྷ་ས་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གིས་ཁྱིམ་ཚང་གི་རྣམ་པས་བྱིས་པ་ཚོར་གསོ་སྐྱོང་བྱས་ཤིང་། ཁྱིམ་ཚང་རེ་རེར“གཅེས་སེམས་ཅན་གྱི་ཨ་མ་ལགས”ཤིག་གིས་སློབ་གསོ་དང་དོ་དམ་བྱེད་པ་དང་། དུས་རྒྱུན་བྱེད་སྒོ་སྣ་ཚོགས་རྩ་འཛུགས་བྱས་ཏེ་ཕྲུ་གུ་དབར་འདྲ་མཉམ་དང་། མཛའ་བརྩེ་དང་རོགས་རེས་བྱེད་པའི་འབྲེལ་བ་བཙུགས་ནས་ཕན་ཚུན་དབར་གྱི་མོས་སེམས་དང་གཏོགས་སེམས་ཡོད་པར་བཅུག ཀུན་གྲགས་ཆོས་དབང་གིས་ཕན་བདེ་ཁང་མི་སྣ་གསོ་སྦྱོང་ལ་ཧ་ཅང་མཐོང་ཆེན་བྱེད་དེ། ཁོང་གིས “(ཕན་བདེ་ཁང་གི་ལས་བྱེད་མི་སྣ) ལྷ་སར་ཁ་གཏད་རོགས་སྐྱོར་བྱས་པའི་པེ་ཅིང་དང་ཅང་སུའུ་རུ་སྔོན་ཐོན་དང་ཚན་རིག་གི་དོ་དམ་བྱེད་སྟངས་སློབ་སྦྱོང་བྱེད་དུ་འགྲོ་རུ་བཅུག་ནས་གསོ་སྦྱོང་གི་ཚད་གཞི་ལྟར་བསྒྲུབ་དགོས ”ཞེས་བཤད།
དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་ཡོད་པ།
            སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ 2020ལོར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། དབང་པོ་སྐྱོན་ཅན་མི་གཅིག་ཀྱང་ལུས་མི་རུང”ཞེས་རེ་བ་ཁ་གསལ་ནན་མོ་བཏོན་ཡོད་ཅིང་། རྒྱལ་ཁབ་ཀྱིས་སྲིད་ཇུས་མང་པོ་ཁྱབ་བསྒྲགས་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་སྤྱི་ཚོགས་འགན་སྲུང་དང་། ནད་སོས་པ། སློབ་གསོ། ལས་ཞུགས། བཅོལ་གསོ་སོགས་ཀྱི་རོགས་སྐྱོར་བྱ་བ་དོན་འཁྱོལ་ཡོང་བར་ཤུགས་སྣོན་བྱེད་དགོས།
            “ཏང་དང་སྲིད་གཞུང་གིས་བོད་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལས་དོན་ལ་གཙིགས་མཐོང་ཆེན་པོ་གནང་ཞིང་། དབང་པོ་སྐྱོན་ཅན་ལ་ཐུགས་ཁུར་ཆེན་པོ་བྱས་ཏེ་ཁ་གསབ་རོགས་དངུལ(དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་རོགས་དངུལ་ནི་མི་རེར་ཟླ་རེར་སྒོར100དང་། ཚབས་ཆེའི་དབང་པོ་སྐྱོན་ཅན་གྱི་གཡོག་བྱེད་ཁ་གསབ་རོགས་དངུལ་མི་རེར་ཟླ་རེར་སྒོར200ཡོད) ཡོད་པར་མ་ཟད། ད་རུང་ཁོ་ཚོའི་ལས་ཞུགས་ལས་གཏོད་ཐད་བར་མཐོངས་དང་ལས་སྟེགས་ཆེན་པོ་ཞིག་འདོན་སྤྲོད་བྱས་ཡོད”ཞེས་བཤད་པ་དང་། ཀུན་གྲགས་ཆོས་དབང་གིས“ད་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། སྤྱི་ཚོགས་ཀྱི་བྱེད་པོ་དེ་བས་མང་བས་གསར་གཏོད་ལས་གཏོད་བྱ་བར་སྐུལ་ལྕག་བཏང་ཞིང་། བོད་ལྗོངས་སུ་དབང་པོ་སྐྱོན་ཅན་གྱི་མང་ཚོགས་མང་པོ་ཞིག་ཧུར་ཐག་སྒོས་ལས་གཏོད་ཀྱི་ནང་དུ་ཞུགས་ཏེ། རང་ཚུགས་རང་བརྟེན་བྱས་ནས་ལས་དོན་ཉིན་བཞིན་གོང་འཕེལ་དུ་འགྲོ་བཞིན་ཡོད”ཅེས་བཤད།
རི་མོ་འདི་ནི་བོད་རང་སྐྱོང་ལྗོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ཆེད་དོན་ལས་མི་བསྡུ་བའི་ཚོགས་འདུ་སྐབས་དང་པོའི་ཐོག དབང་པོ་སྐྱོན་ཅན་འགས་ལས་མི་བསྡུ་བའི་ཆ་འཕྲིན་སྒྲོམ་བྱང་ནས་ལས་བསྡུ་བའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པའི་རྣམ་པ་རེད། 
            ངོ་སྤྲོད་བྱས་པ་ལྟར་ན། དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ལས་དོན་དེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་སྤྱིའི་འཆར་འགོད་ནང་དུ་བཞག་སྟེ་དབང་པོ་སྐྱོན་ཅན་ལས་ཀར་ཞུགས་པ་དང་། ཡོངས་ཁྱབ་ལ་ཕན་པའི་སྲིད་ཇུས་ལོངས་སྤྱོད་བྱེད་པའི་རྨང་གཞིའི་ཐོག་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་སྔར་བས་དོན་འཁྱོལ་ཡོང་བའི་བླང་བྱ་བཏོན་ཏེ། དབང་པོ་སྐྱོན་ཅན་གྱི་རྩ་འཛུགས་དང་མི་སྒེར་གྱིས་གཉེར་སྐྱོང་བྱེད་སྒོ་སྤེལ་བར་དེར་བསྟུན་གྱི་གཟིགས་སྐྱོང་སྲིད་ཇུས་གནང་བ་རེད།
            ཀུན་གྲགས་ཆོས་དབང་གིས“ངའི་གྲོགས་པོ་དབང་པོ་སྐྱོན་ཅན་ཞིག་གིས་མཉམ་ལས་ཁང་དུ་ཁོ་དང་འདྲ་བའི་མང་ཚོགས་ཉི་ཤུ་སུམ་ཅུ་ཞིག་བསྡུས་ཏེ་ཁོ་ཚོར་གསོ་སྐྱོང་བྱས་ནས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱས”ཞེས་དཔེ་མཚོན་གྱིས་བཤད་པ་དང་། “ཁོ་ཚོའི་ཐོན་རྫས་གཙོ་བོ་ནི་མི་རིགས་ཀྱི་ལག་ཤེས་བཟོ་ལས་ཐོན་རྫས་ཡིན་པ་དང་། རིགས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་སྟེ། བོད་ཡིག་འབྲི་བྱེད་ཀྱི་སྨྱུ་གུ་དང་། རྐོས་དཀྲོལ། བསླས་འཐག  བོད་ཀྱི་ལོ་གསར་རིང་ངེས་པར་དུ་ཚང་དགོས་པའི་ཕྱེ་མར་འབོ་སོགས་ལྟ་བུ་ཡོད། ཐ་ན་ཐོན་རྫས་ཁ་ཤས་ལ་ཁེ་བེད་བདག་ཐོབ་རེ་ཞུ་བྱས་པ་སྟེ། དཔེར་ན། བོད་ཡིག་ཡིག་གཟུགས་འབྲི་བདེ་བར་བཟོས་པའི་ལྟེབ་བརྩེགས་ཆོག་པའི་སྦྱང་ཤིང་དང་། བོད་ཡིག་སློབ་སྤྱད་ཀྱི་སྒྲ་ལྡན་ཁྲིད་དེབ་ཇུས་འགོད་བྱས་པ་ཧ་ཅང་བཟང་། ཁོ་ཚོའི་ཐོན་རྫས་དེ་བོད་ལྗོངས་འགྲེམས་སྟོན་ཚོགས་འདུའི་སྟེང་སྤེལ་དུས་རྒྱ་ཆེའི་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་འཐོབ་པ་དང་། ཡུལ་སྐོར་པ་མང་པོ་ཞིག་ཀྱང་དེར་སྤྲོ་བ་ཆེན་པོ་ཡོད། མིག་སྔར། ཁོ་ཚོའི་ཟླ་རེའི་ཟླ་ཕོགས་སྒོར3000 ལྷག་ཙམ་ཡོད་པ་རེད”ཅེས་བཤད།
“སྦྱང་ཤིང”ཞེས་པའི་འབྲི་པང་། རི་མོ་འདི་ནི་ལྟེབ་བརྩེགས་བྱས་ཆོག་པའི“སྦྱང་ཤིང” བཀྲམས་པའི་རྣམ་པ་དང་དེའི་ཆ་སྒྲིག་ཡོ་བྱད་རེད།
            བཅར་འདྲི་བྱེད་པའི་བརྒྱུད་རིམ་ནང་། ཀུན་གྲགས་ཆོས་དབང་གིས་རྒྱུན་མ་ཆད་པར་ཏང་དང་རྒྱལ་ཁབ་ལ་བཀའ་དྲིན་ཞུས་པ་དང་། ཁོས་མི་དམངས་ཀྱི་ཐོབ་ཚོར་དང་། སྐྱིད་སྣང་། བདེ་འཇགས་ཀྱི་ཚོར་སེམས་སྔར་བས་ཇེ་ཆེར་སོང་ཡོད་པའི་ཚོར་སྣང་བཤད་པ་དང་། ཁོས་བརྟན་བརླིང་གིས“བོད་ལྗོངས་ཀྱི་དཔལ་འབྱོར་གྱི་ལས་དོན་ཡོངས་ནི་དམངས་འཚོའི་ལས་དོན་ཡིན”པའི་ཡིད་ལ་བརྟན་པོར་བཅངས་ཏེ། ལག་ལེན་དངོས་ཀྱི་ཐོག་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པའི“གཞི་རྩའི་དམངས་འཚོ་འགན་སྲུང་ཏན་ཏིག་ཡོང་བ”དང་།  “ མི་དམངས་ལ་འཚོ་བ་སྐྱིད་པོ་རོལ་དུ་འཇུག་དགོས”པ་དོན་འཁྱོལ་ཡོང་བ་བྱས།
རྩོམ་སྒྲིག་པ། སངས་སྐྱབས།