ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“ལྷས་རར་ཉལ་མྱོང་བའི་དཀའ་སྡུག་གི་ལོ་ཟླ་བརྗེད་ཐབས་བྲལ”

སྤེལ་དུས 2019-04-12 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། དོན་གྲུབ་ཀྱིས་བསྒྱུར།
—— ཡར་ལངས་ཞིང་བྲན་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་བདེ་ལེགས་པ་གྲོང་ཚོའི་གྲོང་མི་བསོད་ནམས་དངོས་གྲུབ་ཀྱི་སྐོར་བཀོད་པ།
          མི་སྣའི་རྒྱབ་ལྗོངས།
          བསོད་ནམས་དངོས་གྲུབ། 1939ལོའི་ཟླ་གཉིས་པར་སྐྱེས། ད་ལོ་ལོ་80སླེབས་པ་དང་། ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་ཐེམ་ཐོག་གྲོང་རྡལ་བདེ་ལེགས་པ་གྲོང་ཚོའི་གྲོང་མི་ཡིན། ཁོང་ལོ་བརྒྱད་ལ་སླེབས་སྐབས་གོ་པ་ཚང་གི་ལུག་འཚོ་བ་དང་། ལོ་14སླེབས་སྐབས་ཞང་པོའི་ཁྱིམ་གྱི་གསོས་ཕྲུག་ལ་སྟེར་ནས་ནང་མི་གསུམ་པོ་གོ་པ་ཚང་གི་ཁྲལ་པ་ཡིན་པས། ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོས་པའི་འཚོ་བ་སྐྱེལ་དགོས་བྱུང་། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བསོད་ནམས་དངོས་གྲུབ་ལ་མི་ལུས་རང་དབང་ཐོབ་པ་མ་ཟད། ཐོན་སྐྱེད་རྒྱུ་ཆ་བགོ་བཤའ་ཐོབ་ནས་འཚོ་བ་ཇེ་ལེགས་སུ་ཕྱིན། བསོད་ནམས་དངོས་གྲུབ་ལ་བུ་5དང་བུ་མོ་5ཡོད་པ་ཚང་མ་བདེ་ལེགས་པ་གྲོང་ཚོར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད།

འདི་ནི་བསོད་ནམས་དངོས་གྲུབ་ཀྱིས་བུ་མོ་གཉིས་པ་གཡུ་སྐྱིད་ཁྱིམ་དུ་ཤིང་བཟོ་བ་དང་ཕ་ཡུལ་གྱི་འགྱུར་ལྡོག་སྐོར་གླེང་བཞིན་པ།
          གཡུ་འབྲུག་སྔོན་མོ་ཐང་ལ་རྒྱུག་འདྲའི་རྒྱལ་ལམ་318དེ་མཛོ་སྒང་རྫོང་ཐེམ་ཐོག་གྲོང་རྡལ་བདེ་ལེགས་པ་གྲོང་ཚོ་བརྒྱུད་ནས་ཀྱ་གེ་ཀྱོ་གེར་ཐག་རིང་དུ་བསྣུར། རི་ཚོགས་ཀྱིས་བསྐོར་བའི་གྲོང་ཚོ་དེ་གཡུ་མདོག་གི་བླ་བྲེ་བཀླུབས་པའི་སྔོ་བསང་མས་དཀར་གཙང་གི་ཆུ་འཛིན་མགུལ་དུ་བཞེས་འདྲའི་འོག་ལྷིང་འཇགས་ངང་གནས་ནས་འདུག
          བསོད་ནམས་དངོས་གྲུབ་ཐེངས་དང་པོར་འཕྲད་སྐབས་ཁོང་གིས་མགོ་བོར་སྐྲ་གཞུག་དམར་པོ་ཞིག་དཀྲིས་པ་དང་ལུས་ལ་གཞི་ནག་པོར་སྐྱ་ཐིག་འཐེན་པའི་ཕྱུ་པ་ཞིག་གྱོན་འདུག་པས་ཧ་ཅང་སྙིང་སྟོབས་འཕེལ་བ་ཞིག་ཏུ་སྣང་། ཉི་འོད་རབ་ཏུ་འཚེར་བའི་དཔྱིད་ཟླ་གསུམ་པའི་ཉིན་ཞིག་གསར་འགོད་པས་བསོད་ནམས་དངོས་གྲུབ་ཀྱི་རྗེས་སྙེགས་ནས་རྒྱལ་ལམ་318ཀྱི་འདི་ཕྱོགས་ནས་ཕར་ཕྱོགས་སུ་སྟེ། གསལ་པོར་བཤད་ན། ཁོང་གི་བུ་བཞི་པ་བསྟན་འཛིན་ཉི་མའི་ཁྱིམ་ནས་བུ་མོ་གཉིས་པ་གཡུ་སྐྱིད་ཁྱིམ་དུ་བསྐྱོད་པ་ཡིན།
          རྒད་པོ་བསོད་ནམས་དངོས་གྲུབ་ང་གཉིས་གཡུ་སྐྱིད་ཁྱིམ་དུ་མ་སླེབས་གོང་ནས་ཏིང་ཏིང་ཏང་ཏང་གི་སྒྲ་ཞིག་གསལ་པོར་གྲགས་འོང་། རྒད་པོ་ཁོང་གི་ངོ་གདོང་ལས་འཛུམ་ཆུང་འཕྱུར་བཞིན་གོམ་པ་འཐང་ངེ་འཐེང་ངེས་སྐས་ཀ་འཛེགས་ནས་ཉིས་ཐོག་ཏུ་སླེབས་སྐབས། གྲོང་ཚོའི་ནང་གི་ཤིང་བཟོ་བ་ཞིག་ཉིས་ཐོག་གི་ཉི་འོད་དྲོད་ཁང་དུ་ཤིང་བཟོའི་ལས་ལ་བྲེལ་བཞིན་ཡོད་པ་མཐོང་།
          “གཡུ་སྐྱིད་གང་དུ་སོང་ངམ”ཞེས་བསོད་ནམས་དངོས་གྲུབ་ཀྱིས་དྲིས།
          “འབྲོག་རར་ཕྱིན་སོང”ཞེས་ཤིང་བཟོ་བས་ལན་བཏབ།
          བསོད་ནམས་དངོས་གྲུབ་ཀྱིས་ཐད་ཀར་ཚོམས་ཆེན་དུ་ཕྱིན་ནས་ཚགས་ཤ་དང་ཕྱུར་ལེབ་འཁྱེར་འོང་སྟེ་གསར་འགོད་པ་འབོད་ནས་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་བསྡད།
          བོད་རྙིང་པའི་དཀའ་སྡུག་ནི་བསོད་ནམས་དངོས་གྲུབ་ཀྱིས་ཚེ་གང་བརྗེད་ཐབས་བྲལ།
          “ང་རང་ལོ་བརྒྱད་ལ་སོན་སྐབས་ཞིང་བྲན་བདག་པོའི་ཁྱིམ་དུ་ལུག་འཚོ་གི་ཡོད། ཉིན་ལྟར་ནམ་ལངས་མ་ཐག་ཐོན་ནས་ནོར་ལུག་བཞི་བཅུ་ལྔ་བཅུ་དེ་དག་སྤྱི་ལེ་བཅུ་ཡིས་བར་ཆོད་པའི་མཁར་ལུང་ལར་འདེད་དགོས། ལོ་ཞིག་གི་དགུན་ཁར་གངས་ཆེན་པོ་བབས་ནས་རི་འགོར་གངས་གསོག་མཐུག་པོ་ཐེབས་པ་དང་། ངས་ནོར་ལུག་ཁྱུ་རི་སྟེང་དུ་འདེད་འགྲོ་སྐབས་ངའི་རྐང་པར་ཤིང་སྐམ་ཞིག་ཟུག་ནས་ཁྲག་འདོན་ཏེ་ཟུངས་ཁྲག་དམར་པོས་གངས་གསོག་འཚོས……”འདས་དོན་ལ་ཕྱིར་དྲན་བྱེད་སྐབས་བསོད་ནམས་དངོས་གྲུབ་མགྲིན་པ་བརྣངས་ནས་ལུས།
          བོད་རྙིང་པར་དུད་འགྲོ་ཡིན་ཡང་གཟན་ཆག་གིས་གྲོད་པ་རྒྱགས་མོད། རྒྱ་ཆེའི་ཞིང་བྲན་རྣམས་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོད་པའི་འཚོ་བ་ཉམ་ཐག་པོ་སྐྱེལ་དགོས། བསོད་ནམས་དངོས་གྲུབ་ཀྱིས་ཕྱིར་དྲན་བྱེད་བཞིན་དུ“སྐབས་དེ་དུས་ང་རང་ཞིང་བྲན་20ལྷག་དང་མཉམ་དུ་མུན་པ་ཧ་ཅང་ནག་པའི་སྦྲ་གུར་ནང་འཚང་ཁ་བརྒྱབ་ནས་སྡོད་དགོས་པ་དང་། ཉལ་ཆས་མེད་པས་གྲང་ངད་ཆེ་བའི་དགུན་ཁ་འཁྱོལ་ཐབས་དཀའ། སྐབས་རེ་ང་རང་ལྐོག་ཏུ་ལྷས་རའི་ནང་ཕྱིན་ནས་དྲོད་ཁུགས་ཐབས་བྱེད་ཀྱི་ཡོད། སྐབས་དེ་དུས་ཀྱི་ཡ་ང་བའི་གནས་ཚུལ་དག་དུས་ད་ལྟའང་ངའི་དྲན་འཛིན་ཡོལ་བ་ལས་ཟུབ་ཐབས་བྲལ”ཞེས་བཤད།
          “འགོ་པ་ཚང་གིས་ལོ་རེའི་གླ་ཆར་ང་ལ་ལུག་གཉིས་སྤྲོད་རྒྱུའི་ཁས་བླངས་མོད། ལོ་གཅིག་འཁོར་ཡང་ཅི་ཡང་སྤྲོད་མཁན་མེད་པར་དེ་ལས་ལྡོག་སྟེ་རྒྱུན་དུ་ཁ་རྡུང་དང་ཉེས་རྡུང་གཏོང་གི་ཡོད”ཅེས་བསོད་ནམས་དངོས་གྲུབ་ཀྱིས་འུ་ཐུག་པའི་ངང་བཤད།
          བསོད་ནམས་དངོས་གྲུབ་ལོ་14ལ་སོན་སྐབས་ཞང་པོ་དཔལ་དགའ་ཆོས་རྒྱལ་གྱི་གསོས་ཕྲུག་ལ་སྟེར་བ་དང་། ཞིང་བྲན་བདག་པོའི་ལུག་འཚོ་བར་འགྲོ་མི་དགོས་མོད། འོན་ཀྱང་དཀའ་སྡུག་གི་ལས་དབང་ལས་ཐར་ཐབས་བྲལ།
          “སྐབས་དེ་དུས་ང་ཚོར་ཟ་རྒྱུ་ཅི་ཡང་མེད་ཀྱང་ཞིང་བྲན་བདག་པོའི་ཁྱིམ་གྱི་ས་ཞིང་མུའུ་བཅུ་ཕྲག་འགའ་དེ་འདེབས་པར་འགྲོ་དགོས”ཞེས་ཤོད་བཞིན་བསོད་ནམས་དངོས་གྲུབ་ཀྱི་མིག་ཟུང་མཆི་མས་ཁེངས།
          1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་མུན་ནག་དང་སྡུག་རྩུབ་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མགོ་རྟིང་བསློགས་ཏེ་བསོད་ནམས་དངོས་གྲུབ་ཁྱིམ་ལ་ས་ཞིང་དང་ནོར་ལུག་བགོ་བཤའ་ཐོབ།
          “ས་ཞིང་བགོ་བཤའ་ཐོབ་སྐབས་ང་ཚོ་ནང་མི་རྣམས་ཕན་ཚུན་འཐམ་ནས་ངུ་བའི་རྣམ་པ་ངས་ནམ་ཡང་བརྗེད་ཐབས་མེད། ངའི་ཕ་རྒན་གྱིས་སྐབས་དེར་སྤུས་མོ་ས་ལ་བཙུགས་ཏེ་གུས་ཕྱག་ཞུ་བཞིན‘བཅིངས་འགྲོལ་དམག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཅིངས་འགྲོལ་དམག་ནི་དཀའ་སྡུག་ལས་སྐྱོབ་མཁན་གྱི་བྱང་ཆུབ་སེམས་དཔའ་ངོ་མ་རེད’ཅེས་ཡང་ཡང་ཤོད་ཀྱི་འདུག”ཅེས་བསོད་ནམས་དངོས་གྲུབ་ཀྱིས་སེམས་འགུལ་ཐེབས་བཞིན་བཤད།
          “ཨ་ཕ”ཞེས་པའི་འབོད་སྒྲ་ཞིག་གིས་སྐབས་དེའི་རྣམ་པ་ཡོངས་སུ་དཀྲོག་ཅིང་། བསྟན་འཛིན་ཉི་མ་འབྲོག་ར་ནས་ཕྱིར་འཁོར་ཏེ་ཁྱིམ་དུ་སླེབས་པ་དང་ཁོ་པའི་ངོ་ལས་བློ་ཡིད་ཚིམ་པའི་འཛུམ་ཆུང་མངོན་འོང་།
          “ཨ་ཕ་རང་ངའི་མོ་ཊ་གསར་པར་བསྡད་ནས་ཕྱིར་འགྲོ་འདོད་པ་མ་ཡིན་ནམ། དེ་རིང་ཕྱི་དྲོར་ང་ཚོ་གྲོང་རྡལ་དུ་འགྲོ་དང་། ངས་ཨ་ཕ་རང་ཁྲིད་ནས་ཁྲོམ་ཡག་པོ་ཞིག་བསྐོར་བ་དང་སྦྲགས། ལག་ཞོར་དུ་བློ་བཟང་ལ་དཔེ་ཁུག་གསར་པ་ཞིག་ཉོ་དགོས་ཡོད”ཅེས་བསྟན་འཛིན་ཉི་མས་དགོད་སིག་སིག་ངང་བསོད་ནམས་དངོས་གྲུབ་ལ་བཤད།
          སྐབས་དེར་བསོད་ནམས་དངོས་གྲུབ་ཀྱིས་གསར་འགོད་པར“ད་ཆ་འཚོ་བ་ཉིན་རེ་ལས་ཉིན་རེ་ཡག་པ་ཡོད་དེ། ན་དུས་སྨན་བཅོས་འགན་བཅོལ་ཡོད་པ་དང་། སྡོད་ཁང་རྒྱག་པར་ཁ་གསབ་ཡོད་པ། ཕྲུ་གུ་སློབ་གྲྭར་གཏོང་བར་སློབ་ཡོན་སྤྲོད་མི་དགོས་པ་དེ་འདྲ་སྔོན་མ་ཉིན་མོའི་རྨི་ལམ་རང་རེད། ཏང་གི་བཀའ་དྲིན་བརྗོད་ནས་བརྗོད་མི་ཚར་ལ། གུང་ཁྲན་ཏང་མེད་ན་ང་ཚོའི་ད་ཆའི་བདེ་སྐྱིད་འཚོ་བ་ཡོང་ཐབས་མེད”ཅེས་བཤད། དེ་རྗེས་ཁོང་གིས་བསྟན་འཛིན་ཉི་མར་ཁ་ཕྱོགས་ནས“རྗེས་སོར་གྲོང་རྡལ་ལ་འགྲོ་ཆོག་གི་རེད། དེ་རིང་ཕྱི་དྲོར་ང་རང་གྲོང་མི་ཚོ་དང་མཉམ་དུ་ཤང་སྲིད་གཞུང་དུ་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་ཐད་གཏོང་ལྟ་བར་འགྲོ་དགོས་ཡོད། བརྙན་འཕྲིན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཇལ་གྱི་རེད”ཅེས་ཤོད་བཞིན་བསོད་ནམས་དངོས་གྲུབ་ཀྱི་མིག་ཟུང་ལས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་མངོན་གྱི་འདུག