ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་ས་གྲོང་ཁྱེར་གྱིས་གད་སྙིགས་རིགས་དབྱེའི་འགོ་བརྩམས་པ་དང་། ཁོར་ཡུག་བཟང་པོར་ཚང་མས་གཅེས་སྐྱོང་བྱེད་དགོས།

སྤེལ་དུས 2019-07-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་གད་སྙིགས་རིགས་དབྱེའི་བྱ་བར་མཛུབ་སྟོན་གལ་ཆེན་གནང་བ་སྟེ། ཞི་ཅིན་ཕིང་གིས་གལ་བོ་ཆེ་ལ་ནན་ཏན་གྱིས་བསྟན་དོན། གད་སྙིགས་རིགས་དབྱེ་བྱེད་པ་ནི་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་དང་འབྲེལ་ཞིང་། ཐོན་ཁུངས་གྲོན་ཆུང་སྒོས་བེད་སྤྱོད་པ་ལ་འབྲེལ་བ་ཟབ་པར་མ་ཟད། སྤྱི་ཚོགས་ཤེས་རིག་ཆུ་ཚད་ཀྱི་མངོན་ཚུལ་གལ་ཆེན་ཞིག་ཀྱང་ཡིན་ཞེས་བསྟན།
ཁ་དོག་སྣ་བཞིའི་གད་སྙིགས་སྒམ།
              གསལ་བསྒྲགས་བྱས་པ་ལྟར་ན། 2020ལོའི་ལོ་མཇུག་བར་དུ་གཙོ་གནད་གྲོང་ཁྱེར་46གིས་གཞི་རྩའི་སྟེང་ནས་གད་སྙིགས་རིགས་དབྱེའི་གཙང་སེལ་མ་ལག་འཛུགས་ཐུབ་པར་བྱེད་དགོས་པ་དང་། དེའི་གྲས་སུ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཡང་ཚུད་པ་རེད། 
              ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་བཅོས་སྐྱོང་གི་མ་དཔེར་བརྗེ་འགྱུར་བྱེད་པའི་ཆེད་དུ། གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་ལ་“འབོར་བྲི་ཅན་དང་། ཐོན་ཁུངས་ཅན། གནོད་མེད་ཅན”གྱི་གཙང་སེལ་ཆུ་ཚད་ཇེ་མཐོར་གཏོང་དགོས་པ་དང་། ལྷ་ས་གྲོང་ཁྱེར་གྱིས་བྱ་བར་མུ་མཐུད་དུ་ཤུགས་ཚད་བསྣན་ཏེ་རིམ་གྱིས་འཚོ་བའི་གད་སྙིགས་རིགས་དབྱེའི་བྱ་བར་སྐུལ་འདེད་གཏོང་དགོས། 
              “མི་མང་པོར་གད་སྙིགས་རིགས་དབྱེ་འཇོག་པའི་འདུ་ཤེས་མེད་པས། གད་སྙིགས་ཚང་མ་ཁུག་མ་གཅིག་ལ་བླུགས་ཏེ་ཕྱིར་འཕེན་པ་རེད།” ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཙང་དག་ཁོར་ཡུག་འཕྲོད་བསྟེན་ཚད་ཡོད་ཀུང་སིའི་འགན་འཛིན་པས་བཤད་རྒྱུར། སྒོས་སུ་དབྱར་ཁར་ངོ་བོ་འགྱུར་བའི་གསོལ་ཐབ་ཀྱི་གད་སྙིགས་ཀྱིས་སྲིན་འབུ་དང་འབུ་ཕྲ་མང་པོ་བསྐྱེད་དེ། སྔར་ཕྱིར་བསྡུ་བྱས་ཏེ་སླར་ཡང་བེད་སྤྱོད་ཐུབ་པའི་ཐོན་ཁུངས་ལའང་སྦག་བཙོག་ཐེབས་པས། རྣམ་པ་འགྱུར་ཏེ་ཐོན་ཁུངས་ཆུད་ཟོས་སུ་སོང་བར་མ་ཟད། སྡོད་དམངས་ཀྱི་འཚོ་བའི་ཁོར་ཡུག་ལའང་ཤུགས་རྐྱེན་ཐེབས་པ་རེད་ཅེས་ཟེར། 
འཚོ་བའི་གད་སྙིགས་“རིགས་དབྱེའི་བསགས་སྐར་བརྗེ་ལེན་བྱེད་སའི་ཚོང་ཁང་།”
              ད་ལོའི་ལོ་མགོར་ལྷ་ས་གྲོང་ཁྱེར་གྱིས་གད་སྙིགས་རིགས་དབྱེའི་ཚོད་ལྟའི་ཁུལ་གསར་དུ་བཙུགས་པ་དང་། ཁྲེང་ཀོན་ཆུས་ཀྱི་ཀརྨ་ཀུན་བཟང་སྲང་ལམ་དོན་གཅོད་ཁང་གི་གཅིག་གྱུར་འཛུགས་སྐྲུན་སྡེ་ཁུལ་ལ་ཆེད་དུ་འཚོ་བའི་གད་སྙིགས་“རིགས་དབྱེའི་བསགས་སྐར་བརྗེ་ལེན་བྱེད་སའི་ཚོང་ཁང”ཞིག་ཀྱང་བཙུགས་ཡོད། ཚོང་ཁང་དེ་དངོས་སུ་བཀོལ་སྤྱོད་བྱས་པ་ནས་བཟུང་། གད་སྙིགས་རིགས་དབྱེ་བྱས་པ་ལས་བསགས་པའི་སྐར་མས་ཚོང་ཁང་ནས་འདག་ཕྱེ་དང་སོ་སྨན། འདག་རྫས་སོགས་འཚོ་བའི་ཉེར་སྤྱོད་བརྗེ་ལེན་བྱེད་ཆོག་པ་རེད། 
              སྤྱི་རྒྱ་གཅིག་གི་འགྱིག་རྫས་ཀྱིས་སྐར་མ་13བསགས་ཐུབ་ལ། ཤོག་སྒམ་སྤྱི་རྒྱ་གཅིག་གིས་སྐར་མ་5བསགས་ཐུབ། བསགས་སྐར་20ཡིས་ཚྭ་ཁུག་མ་གཅིག་བརྗེ་ཐུབ་ལ། བསགས་སྐར་70ཡིས་སོ་སྨན་གཅིག་བརྗེ་ཐུབ། བསགས་སྐར་100ཡིས་ཅང་སྣུམ་དམ་བེ་གཅིག་དང་། བསགས་སྐར་370ཡིས་པད་སྣུམ་ཧྲེང་1.8བརྗེ་ཐུབ། ……
              “སྲིད་གཞུང་གིས་ང་ཚོར་ཁ་དོག་སྣ་བཞིའི་སྙིགས་ཁུག་དང་ཇི་ལྟར་གད་སྙིགས་རིགས་དབྱེ་བྱ་བའི་དེབ་ཕྲན་ཞིག་བཅས་བྱིན་པས། སྟེང་དུ་ཧ་ཅང་གསལ་པོར་བཤད་འདུག ང་ཚོས་ད་ལྟ་རིགས་དབྱེ་འདི་ལྟར་དུ་གད་སྙིགས་འཕེན་གྱི་ཡོད། དཔེར་ན་སྙིགས་ཁུག་དམར་པོ་ནི་གློག་རྫས་སོགས་གནོད་ལྡན་གད་སྙིགས་འཇོག་བྱེད་ཡིན་ལ། དེ་ནས་སྡེ་ཁུལ་གྱི་སྙིགས་སྒམ་དམར་པོར་འཕེན་དགོས།”ཞེས་གཅིག་གྱུར་འཛུགས་སྐྲུན་སྡེ་ཁུལ་གྱི་སྡོད་དམངས་ལྷ་སྒྲོན་གྱིས་གསར་འགོད་པར་དེ་ལྟར་བཤད་བྱུང་། 
              སྡོད་དམངས་སྐལ་བཟང་མཚོ་རྒྱལ་གྱིས་ཤོག་སྒམ་དང་དཔེ་དེབ། འགྱིག་རྫས་བཅས་ཀྱི་གད་སྙིགས་ཁ་ཤས་ཁྱེར་ནས་རིགས་རེ་རེ་བཞིན་རྒྱ་མར་བཅལ་ཏེ་སྐར་མ་263བསགས་པ་དང་། ཁོས་བསགས་སྐར་དེ་ཡིས་ཏེན་ཚྭ་ཁུག་མ་གང་དང་བ་མ་བཀྲུ་བྱེད་ཀྱི་ལྕགས་སྐུད་རིལ་མོ་ཞིག་བརྗེ་ལེན་བྱས། ཁོས་“ད་ལྟ་ཚང་མས་རང་འགུལ་ངང་གད་སྙིགས་རིགས་དབྱེ་བྱེད་པ་རེད། གད་སྙིགས་ལ་ལ་འཚོ་བའི་ཉེར་སྤྱོད་ལ་བརྗེ་ཐུབ་པ་དང་། བརྗེ་མི་ཐུབ་པའི་གད་སྙིགས་དེ་དག་ཚང་མས་རིགས་དབྱེ་བྱས་ཏེ་སྙིགས་སྒམ་ནང་དུ་འཕེན་པས་འཚོ་བའི་ཁོར་ཡུག་གྲ་ཇེ་དག་ཏུ་སོང་འདུག”ཅེས་ཟེར། 
ལྷ་ས་གྲོང་ཁྱེར་གྱི་གྲོང་མིས་གད་སྙིགས་བརྗེ་ལེན་ཚོང་ཁང་དུ་འདྲི་རྟོག་དང་འཚོ་བའི་ཉེར་སྤྱོད་བརྗེ་ལེན་བྱེད་པ།
              གད་སྙིགས་བརྗེ་ལེན་ཚོང་ཁང་གི་འགན་འཛིན་པས་བཤད་རྒྱུར། “ཚོང་ཁང་གིས་ཐོག་མར་བྱང་བུ་འགེལ་དུས་ཉིན་རེ་རེར་མི་མི་ཉུང་བ་ཞིག་འདྲི་བར་ཡོང་གི་འདུག  ཁོ་ཚོ་ཆེས་ཐོག་མར་གད་སྙིགས་སྒོར་མོ་ལ་བརྗེ་ཐུབ་པར་ཡིད་མི་ཆེས། རྗེས་སུ་མིས་དངོས་པོར་བརྗེ་བཞིན་པ་དངོས་སུ་མཐོང་བས། ཚང་མའི་སྤྲོ་བསྐྱེད་དང་བརྩོན་སེམས་དེ་མ་ཐག་ཏུ་བསླངས་བྱུང་།”ཞེས་ཟེར། 
              སྡོད་དམངས་བཀྲ་ཤིས་ཕུན་ཚོགས་ཀྱིས་ཆེས་ཐོག་མར་གད་སྙིགས་རིགས་དབྱེ་བྱ་བར་སྙིང་བོ་ཅི་འདྲ་ཡོད་པ་ཧ་མ་གོ་བས། ཁོས་སྔོན་ཆད་ངས་གད་སྙིགས་གང་དགར་དོར་བ་ཡིན། ད་ལྟར་གད་སྙིགས་ལ་རིགས་དབྱེ་བྱས་པས་ཐོག་མར་ངས་དཀའ་ཚེགས་ཆེན་པོ་ཞིག་རེད་བསམ། འོན་ཀྱང་ལས་སྣེ་བས་གད་སྙིགས་རིགས་དབྱེའི་རྒྱུན་ཤེས་འགྲེལ་བཤད་བྱས་པ་བརྒྱུད་ནས། ངས་རིམ་བཞིན་ཁོར་ཡུག་གནད་དོན་བུ་རབས་ཚ་རྒྱུད་དང་འབྲེལ་བ་དམ་ཟབ་གནས་པ་ཤེས་སོང་། ད་ལྟ་ངས་གད་སྙིགས་རིགས་དབྱེ་ནི་སྙིང་བོ་ཡོད་པ་དང་ངེས་པར་དུ་དགོས་པ་ཞིག་ཡིན་པར་འདོད་ཀྱིན་ཡོད་ཅེས་ཟེར། 
              “གད་སྙིགས་རིགས་དབྱེ་བྱས་པ་ནས་བཟུང་། མང་ཚོགས་རྣམས་དེར་ཞུགས་པའི་སྤྲོ་སེམས་ཆེན་པོ་འདུག ཕྱིར་བསྡུ་ཐུབ་པའི་དངོས་པོ་དང་ཐབ་ཚང་གི་གད་སྙིགས་འབྱེད་ཚད་ཤིན་ཏུ་བཟང་ལ་30%སླེབས་ཡོད། གནོད་ལྡན་གད་སྙིགས་དང་གད་སྙིགས་གཞན་པ་ཅུང་དམའ་བ་རེད།  བྱ་མ་རྟའི་ཐུམ་སྒྲིལ་ཤོག་སྒམ་ཡང་གང་དགར་འདོར་གྱིན་མི་འདུག  བྱིས་པ་མང་པོས་རང་གིས་འགྱིག་དམ་བཏུས་ནས་ལས་བྱ་འབྲི་དེབ་ལ་བརྗེ་བར་ཡོང་བ་རེད།” གད་སྙིགས་བརྗེ་ལེན་ཚོང་ཁང་གི་འགན་འཛིན་པས་བཤད་རྒྱུར། སྡེ་ཁུལ་སྡོད་དམངས་ཀྱི་གད་སྙིགས་རིགས་དབྱེའི་འདུ་ཤེས་དང་ཞུགས་ཚད་རིམ་བཞིན་ཇེ་མཐོར་འགྲོ་བཞིན་འདུག་ཅེས་ཟེར། 
              རྒྱུས་ལོན་བྱས་པ་ལྟར་ན། འཆར་ཅན་དུ་2019ལོའི་ལོ་མཇུག་སྔོན་ལ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་གྱི་གད་སྙིགས་རིགས་དབྱེའི་ཚོད་ལྟའི་ཁུལ་ལ།  ལྷ་ས་གྲོང་ཁྱེར་དང་ཁྲེང་ཀོན་ཆུས་ཀྱི་རིམ་པ་གསུམ་པའི་ཏང་ཨུ། སྲིད་གཞུང་ལས་ཁུངས། གཅིག་གྱུར་འཛུགས་སྐྲུན་སྡེ་ཁུལ་བཅས་ཡོད། འཆར་ཅན་དུ་ལོ་གསུམ་གཡས་གཡོན་གྱི་གད་སྙིགས་རིགས་དབྱེའི་དྲིལ་སྒྲོག་རྒྱ་ཁྱབ་ཏུ་སྤེལ་བ་བརྒྱུད་ནས། ཚོད་ལྟའི་ཁུལ་གྱི་གད་སྙིགས་རིགས་དབྱེའི་ཤེས་ཚད་དང་ཞུགས་ཚད་85%ལ་སླེབས་པ་དང་། རིགས་དབྱེའི་སྒྲིག་བཀོད་ཀྱི་ཤོང་འབོར་སྒྲིག་ཚད་100%ལ་སླེབས་པར་བྱེད་དགོས། 
              གད་སྙིགས་རིགས་དབྱེའི་བྱ་བ་མིག་སྔར་འགན་འཁྲི་ལྕི་ཞིང་བགྲོད་ལམ་རིང་བ་དང་། གད་སྙིགས་རིགས་དབྱེ་གཙང་སེལ་བྱ་བ་ནི་མིག་སྔའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་དང་སྤྱི་ཚོགས་ཐུན་མོང་གི་ཁས་ལེན་ཡང་ཡིན་པས། སྲིད་གཞུང་དང་ཁེ་ལས། གྲོང་མི་སྤྱི་མཐུན་གྱི་འབད་བརྩོན་ལ་བརྟེན་ན་ད་གཟོད་ལམ་ཡང་དག་པར་ཞུགས་ཐུབ། “ལྷ་ས་གྲོང་ཁྱེར་གྱི་བྱ་བ་ད་ལྟ་དངོས་སུ་འགོ་བརྩམས་ཟིན་ལ་ཕན་ཡོད་ཀྱི་ཚོད་ལྟ་མང་དུ་བྱེད་ཅིང་མཆིས། འདིས་ང་ཚོར་བཤད་པ་ནི་ལས་དོན་དཀའ་ངལ་ལྡན་པ་གང་ཞིག་ལ་འཕྲད་ནའང་། ངེས་པར་དུ་ཆོད་སེམས་བརྟན་པོའི་ངང་སྒྲུབ་དགོས། དེ་ལྟར་བྱས་ཚེ་དེ་ནི་ལེགས་འགྲུབ་འབྱུང་བའི་མགོ་བརྩམས་པ་དངོས་ཡིན།”ཞེས་སྡེ་ཁུལ་དེའི་གད་སྙིགས་རིགས་དབྱེར་འགན་ཁུར་བའི་ལྟ་སྐུལ་པས་དེ་ལྟར་བཤད་བྱུང་།