ད་ལོའི་ཡར་ཀླུང་རིག་གནས་དུས་ཆེན་ཟླ8པའི་ཚེས15ཉིན་སྤེལ་འགོ་རྩོམ་རྒྱུ་རེད།
སྤེལ་དུས 2019-08-09
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་པ་པོ།
ཉེ་ཆར། གསར་འགོད་པས2019ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་གྱི་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། སྐབས་འདིའི་ཡར་ཀླུང་རིག་གནས་དུས་ཆེན་ནི་ཟླ8པའི་ཚེས15ཉིན་སྤེལ་འགོ་རྩོམ་རྒྱུ་ཡིན་ལ། རིག་གནས་དུས་ཆེན་དེ་ཧུའུ་པེ་ཞིང་ཆེན་དང་མཉམ་སྒྲུབ་བྱས་པས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་ཚོགས་ར་གཙོ་བོ་དང་ཧུའུ་པེ་ཞིང་ཆེན་དུ་ཡན་ལག་ཚོགས་ར་འཛུགས་རྒྱུ་ཡིན་ཞིང་། བརྗོད་གཞི་ནི“བོད་ཀྱི་འབྱུང་རྩ·བོད་ཀྱི་ལས་འབྲེལ—མཛེས་སྡུག་ལྡན་པའི་དུས་རབས་སུ་བསྐྱོད་པ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་པ”ཞེས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཡར་ཀླུང་རིག་གནས་དུས་ཆེན་ལྷོ་ཁ་གྲོང་ཁྱེར་གྱི་ཚོགས་ར་གཙོ་བོའི་བྱེད་སྒོའི་དུས་ཚོད་ནི་ཟླ8པའི་ཚེས15ནས་ཟླ8པའི་ཚེས21ཉིན་བར་ཡིན་པ་དང་། དེའི་ནང་དོན་དུ་ཡར་ཀླུང་རིག་གནས་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་དགོང་ཚོགས་དང་། ཡུལ་སྐོར་རིག་གནས་འཕེལ་རྒྱས་ཀྱི་གླེང་སྟེགས། ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ། ཧུའུ་པེ་ཞིང་ཆེན་གྱི་ཆེད་གཉེར་རིག་རྩལ་འཁྲབ་སྟོན། ཧུའུ་པེ་ཞིང་ཆེན་གྱི“གསར་བརྗེའི་རིག་རྩལ་སྤྲོ་ཚོགས”རིག་རྩལ་གཞི་རིམ་དུ་བསྐྱོད་པའི་འཁྲབ་སྟོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བ་དང་བོད་ལྗོངས་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ60འཁོར་བར་དྲན་གསོ་ཞུ་བའི་འགྲེམས་སྟོན། ཕུལ་བྱུང་ཡིག་གཟུགས་པར་ལེན་འགྲེམས་སྟོན། མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན། ལྷོ་ཁ་གྲོང་ཁྱེར་གྱི་སྐབས་གསུམ་པའི་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས། མང་ཚོགས་ཀྱི་རིག་རྩལ་འགྲེམས་སྟོན། གྲོང་ཁྱེར་གྱི་སྐབས་བཞི་པའི་མང་ཚོགས་ཐང་ཆེན་ཞབས་བྲོའི་འགྲན་བསྡུར་ཆེན་མོ། གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་སྲོལ་རྒྱུན་ཟློས་གར་འགྲེམས་འཁྲབ། རྒྱལ་ཡོངས་ཀྱི་ཕུལ་བྱུང་གཞས་མ་གཏམ་གྱི་བརྩམས་ཆོས་འགྲེམས་སྟོན། གྲོང་ཁྱེར་གྱི་ལས་ཞོར་རིག་རྩལ་ཚོགས་པའི་རིག་རྩལ་འགྲེམས་སྟོན། ཡར་འབྲོག་གཡུ་མཚོ་སྐོར་བའི་རྐང་འཁོར་འགྲན་བསྡུར། དམངས་ཡོངས་ཀྱི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར། རྐང་ཐང་འདུ་ཚོགས་བཅས་བསྡོམས་པས་བྱེད་སྒོ་ཁག17སྤེལ་རྒྱུ་རེད།
ཧུའུ་པེ་ཞིང་ཆེན་ཡན་ལག་ཚོགས་རའི་བྱེད་སྒོ་སྤེལ་པའི་དུས་ཚོད་ཟླ9པའི་ཚེས1ཉིན་ནས་ཟླ11པའི་ཚེས1ཉིན་བ་ཡིན་ལ། དེའི་ནང་དུ་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་དང་།ཡུལ་སྐོར་འོས་སྦྱོར་ཚོགས་འདུ། ཧུའུ་པེ་དང་བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་རིག་རྩལ་འགྲེམས་འཁྲབ། རིག་དངོས་འགྲེམས་སྟོན། མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་འདུས་པ་རེད།
སྐབས་འདིའི་ཡར་ཀླུང་རིག་གནས་དུས་ཆེན་གྱི་དམིགས་ཡུལ་ནི་མི་དམངས་ལྟེ་བར་བྱེད་པའི་ལས་ཀའི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་བ། རིག་གནས་ཡིད་རྟོན་བརྟན་དུ་བཏང་ནས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་རྒྱ་ཁྱབ་ཏུ་བཏང་ནས“བོད་ཀྱི་འབྱུང་རྩའི་རིག་གནས”ཀྱི་སྤུས་རྟགས་ཧུར་ཐག་གཏོད་པ་བཅས་བྱས་ཏེ་གཞི་རིམ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བར་ལེགས་སྐྱེས་ཕུལ་རྒྱུ་དེ་རེད།
རྩོམ་སྒྲིག་པ། རྡོ་རྗེ།