ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ཁུལ་གྱི་གནའ་དཔེའི་ཡོངས་ཁྱབ་ཞིབ་བཤེར་བྱ་བ་འགོ་ཚུགས་ནས་ལོ་འཁོར་10ལོན་པ་དང་། ཡོངས་ཁྱབ་ཞིབ་བཤེར་ལས་ཐོ་འགོད་བྱས་པའི་དཔེ་རྙིང་པོ་ཏི་ཁྲི་1.3ལས་བརྒལ་ཡོད།

སྤེལ་དུས 2019-08-21 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
            བོད་ཡིག་གནའ་དཔེ་ནི་ཀྲུང་ཧྭ་རིག་གནས་ཁྲོད་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པའི་ཆ་ནས།  ཚད་ལྡན་ཡིག་ཆའི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་།  དཔེ་དེབ་བམ་པོ་མང་ཞིང་ཡིག་ཚོགས་ཆེ་བ།  ནང་དོན་ཕུན་སུམ་ཚོགས་པོ་ཡོད། གནའ་དཔེའི་ཚད་ལྡན་ཡིག་ཆར་བདག་གཉེར་ལེགས་པོ་བྱེད་པ་དང་།  གནའ་དཔེའི་ཁྲོད་ཀྱི་ཡི་གེ་གསོན་དུ་བཅུག་ན།   རིག་གནས་རྒྱུད་འཛིན་ལ་སྐུལ་འདེད་དང་།  མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ།  མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ།  རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བྱེད་པ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་པོ་ལྡན།
            གནའ་དཔེ་རྩ་ཆེན་བམ་པོ་217(པོ་ཏི་291) རྒྱལ་ཁབ་ཀྱི་གནའ་དཔེ་རྩ་ཆེན་གྱི་མིང་ཐོར་ཚུད་པ། 
            2009ལོར་ལྗོངས་ཡོངས་ཀྱི་གནའ་དཔེ་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་བྱེད་པའི་བྱ་བའི་འགོ་ཚུགས།  ལོ་ངོ་10ཡི་རིང་ལ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་སྔ་ཕྱིར་གནའ་དཔེ་ཡོངས་ཁྱབ་ཞིབ་བཤེར་བྱེད་པའི་གྲོན་དངུལ་སྒོར་ཁྲི་1031.71ལྷག་ཐག་བཅད།  ཆེད་དོན་རྣམ་གྲངས་འདི་གནའ་དཔེ་བྱ་བའི་ཡོངས་ཁྱབ་ཞིབ་བཤེར་དང་།   ཉམས་གསོ།  དཔུང་ཁག་གི་གསོ་སྐྱོང་སྦྱོང་བརྡར།   ཡོངས་ཁྱབ་ཞིབ་བཤེར་བྱས་པའི་རྩོམ་སྒྲིག་དང་དཔེ་སྐྲུན།  གནའ་དཔེ་གྲངས་ཀ་ཅན་དུ་བསྒྱུར་བ།  གནའ་དཔེ་ཉར་ཚགས་བྱེད་པའི་ལས་ཁུངས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ།  དམངས་ཁྲོད་ཀྱི་གནའ་དཔེ་རྩ་ཆེན་བསྡུ་ཉོ་བྱེད་པ་སོགས་ཀྱི་ཐད་ལ་བཀོལ་བས།   གནའ་དཔེ་སྲུང་སྐྱོང་བྱེད་པའི་བྱ་བ་ལེགས་པོ་བསྒྲུབ་པར་ཁག་ཐེག་བྱས།  
            ཉེ་ལམ་གསར་འགོད་པས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ནས་དཔེ་མཛོད་ཁང་གི་གནའ་དཔེ་ཚན་ཁག་གི་ཀྲུའུ་རིན་གཞོན་པ་ཚེ་ལོ་མཐོང་བ་དང་།  ཁོང་ནོར་བུ་གླིང་གར་འགྲོ་རྩིས་བྱེད་བཞིན་ཡོད།  ད་ལོར་ནོར་བུ་གླིང་གས་དུས་རིམ་གསར་པའི་གནའ་དཔེ་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་དང་རྒྱལ་ཡོངས་ཀྱི་སྤོ་རུང་རིག་གནས་དངོས་རྫས་ལ་ཟླ་བ་ཁ་ཤས་ཀྱི་རིང་ལ་ཡོངས་ཁྱབ་ཞིབ་བཤེར་བྱས།  ལས་དོན་གལ་ཆེན་འདི་གཉིས་ནི་བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་དང་ནོར་བུ་གླིང་གའི་བདག་དམ་ཁྲུའུ་གཉིས་མཉམ་འབྲེལ་སྒོས་བསྒྲུབས་པ་རེད།
            ཚེ་ལོས་གསར་འགོད་པར་བཤད་རྒྱུར།  མིག་སྔར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་(ས་ཁུལ་)7གྱི་གནའ་དཔེ་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་བྱེད་པའི་ལས་ཀ་མཇུག་སྒྲིལ་ལ་ཉེ།   གནའ་དཔེ་ཉར་ཡོད་པ་ཤེས་རྟོགས་བྱུང་བའི་ས་གནས་1600ལས་ས་གནས་1200ལྷག་གི་ཞིབ་བཤེར་ལེགས་འགྲུབ་བྱུང་།  ཡོངས་ཁྱབ་ཞིབ་བཤེར་བྱས་པའི་གནའ་དཔེ་པོ་ཏི་ཁྲི་1.3ལས་བརྒལ་ཡོད།  ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ག  ས་སྐྱ་དགོན་པ།  འབྲས་སྤུངས་དགོན་པ།  བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་སོགས་གལ་ཆེའི་གནའ་དཔེ་སྲུང་སྐྱོང་སྡེ་ཚན་ཁག་ཏུ་ད་དུང་གནའ་དཔེ་ཧ་ཅང་མང་པོ་ཞིག་ཡོངས་ཁྱབ་ཞིབ་བཤེར་བྱ་རྒྱུ་ལུས་ཡོད་པ་དང་།  འབྲེལ་ཡོད་ཀྱི་བྱ་བ་དངོས་སུ་འགོ་ཚུགས་ཟིན།  
བོད་ལྗོངས་ཀྱི་ས་རྒྱ་ཆེ་བས།  གནའ་དཔེ་ཉར་ཚགས་བྱེད་པའི་སྡེ་ཚན་ཁ་ཐོར་གྱི་རྣམ་པར་གནས་ཡོད།  གནའ་དཔེ་ཡོངས་ཁྱབ་ཞིབ་བཤེར་དང་ཐོ་འགོད་བྱེད་པའི་འགན་ཁུར་ཧ་ཅང་ལྕི།   འོན་ཀྱང་།  མཐའ་འཁོབ་ཀྱི་གྲོང་ཚོ་ནས་གནའ་དཔེ་རྙེད་ན།  གནའ་དཔེ་ཡོངས་ཁྱབ་ཞིབ་བཤེར་བྱེད་པའི་ལས་མི་རྣམས་ལ་མཚོན་ན་ཧ་ཅང་དགའ་འོས་པ་ཞིག་རེད།  
            བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་སྔོན་ཆད་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་སྟག་ལྷག་གངས་པོ་དགོན་གྱི་ཞིག་རོའི་ཁྲོད་ནས་གནའ་དཔེའི་པར་ཤིང་1500ལྷག་རྙེད།   མྱུར་སྐྱོབ་སྒོས་པར་ཤིང་གཙང་མར་ལེགས་སྒྲིག་བྱས་རྗེས།  པར་ཤིང་འཇོག་སའི་ཆ་སྒམ་བཟོས་པ་དང་།  ཆད་བརླག་ཚབས་ཆེན་བྱུང་བའི་གནའ་དཔེའི་པར་ཤིང་64ལ་ཁ་གསབ་པར་བརྐོ་མཛད།   ཡང་པར་ཤིང་ཆ་ཚང་114དེ་སྲོལ་རྒྱུན་གྱི་རྣམ་པས་པར་བཏབ་པ་དང་།  ཁྱོན་བསྡོམས་ཆ་200པར་དུ་བཏབ། ལྷུན་རྩེ་རྫོང་རྒྱ་ཡུལ་ཤང་གི་འབྲས་དཀར་དགོན་ནས་སྔོན་ཆད་གནའ་དཔེ་རྩ་ཆེན་ཁུག་མ་66(པོ་ཏི་237)བསྔོགས་པ་དང་།  བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱི་ལས་མི་རྣམ་པས་གཙང་དག་བཟོས་ནས།  རིགས་དབྱེ་དང་ལེགས་སྒྲིག་གནང་།   བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་ད་དུང་གཞིས་ཀ་རྩེ་གྲོང་ཁྱེར་གྱི་རྫོང་10དང་།  གནས་ཁུལ་50ལྷག  ཐོ་ལེབ་230ལྷག་བཟོ་བ་བཅས་ཀྱི་ལས་འགན་ལེགས་འགྲུབ་བྱུང་ཡོད་ལ།  ད་དུང་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ཁྲ་རྒྱལ་མ་འདུ་ཁང་ནས་རྙེད་པའི་ཉམས་ཆག་བྱུང་བའི་གནའ་དཔེ་སླས་ཁུག་400ལྷག་རིགས་དབྱེ་དང་ལེགས་སྒྲིག  ས་རྡུལ་མེད་པར་བཟོ་བ་སོགས་མྱུར་སྐྱོབ་ཀྱི་བྱ་བ་བསྒྲུབས།  མིག་སྔར་གནས་ཁུལ་1160(དེའི་ཁྲོད་མི་སྒེར་102ཡོད།)གྱི་གནའ་དཔེ་ཡོངས་ཁྱབ་ཞིབ་བཤེར་ལེགས་འགྲུབ་བྱུང་བ་དང་།  ཞིབ་བཤེར་བསྡོམས་འབོར་ཁྲི་1.37ལྷག་དང་།  པར་གཞི་དཔེ་གཟུགས་ཁྲི་6.9ལྷག་བཟོས་ཡོད།  2012ལོ་ནས་བཟུང་།  བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་རིམ་བཞིན་དམངས་ཁྲོད་དུ་ལྷག་པའི་དཔེ་རྙིང་རྩ་ཆེན་པོ་ཏི་207བསྡུ་ཉོ་བྱས་པ་དང་།  དེ་དག་ལོ་ངོ་500ཡས་མས་ཀྱི་ལོ་རྒྱུས་ཡོད་པ་དང་།  དེ་ལས་མང་པོ་ཞིག་དཔེ་རྒྱུན་དཀོན་པའི་རིགས་དང་གནའ་དཔེ་རྩ་ཆེན་གྱི་གྲས་རེད། 
            ཚེ་ལོས་ངོ་སྤྲོད་བྱས་པར།  ད་བར་དུ་ལྗོངས་ཡོངས་སུ་གནའ་དཔེ་རྩ་ཆེན་བམ་པོ་217(པོ་ཏི་291)རྒྱལ་ཁབ་ཀྱི་གནའ་དཔེ་རྩ་ཆེན་གྱི་མིང་ཐོའི་གྲས་སུ་ཚུད་ཡོད་ལ།  དེ་ལས་རིམ་པ་དང་པོར་པི་ཏི་6དང་།  རིམ་པ་གཉིས་པར་པོ་ཏི་16། རིམ་པ་གསུམ་པར་པོ་ཏི་12། རིམ་པ་བཞི་བར་པོ་ཏི་124།  རིམ་པ་ལྔ་བར་བམ་པོ་59(པོ་ཏི་133)བཅས་ཡིན། ཕོ་བྲང་པོ་ཏ་ལ་དང་བོད་ལྗོངས་ཡིག་ཚགས་ཁང་།  བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་།  ནོར་བུ་གླིང་ག་སོགས་ལས་ཁུངས་4དེ་རྒྱལ་ཡོངས་གནའ་དཔེ་གཙོ་གནད་སྲུང་སྐྱོང་སྡེ་ཚན་གྱི་གྲས་སུ་ཚུད་ཡོད། 
            གནའ་དཔེ་གྲངས་ཀ་ཅན་གྱི་བྱ་བ་སྤེལ་ནས།   རིག་གནས་རྒྱུད་འཛིན་དང་ཁྱབ་སྤེལ་བྱེད་པར་སྐུལ་འདེད་གཏོང་བ།
            གནའ་དཔེ་ནི་རིག་གནས་ཤུལ་བཞག་རྩ་ཆེན་ཞིག་ཡིན་པའི་ཆ་ནས།  དུས་ཀྱི་ཆུ་རྒྱུན་གྱི་འགྲོས་དང་བསྡོངས་ནས། དེའི་རིན་ཐང་ལྷག་ཏུ་མངོན་ཡོང་།   གནའ་དཔེ་གྲངས་ཀ་ཅན་དུ་བསྒྱུར་བ་ནི་བཤད་ཚུལ་ལ་བྱས་རྗེས་དེང་འདིར་བཞག་ན་ཕན་འབྲས་བསྐལ་བརྒྱར་ཐོན་ཞེས་པ་ལས་མ་འདས། 
            ཚེ་ལོས་ངོ་སྤྲོད་བྱེད་པ་ལྟར་ན།  གནའ་དཔེ་གྲངས་ཀ་ཅན་དུ་བསྒྱུར་བ་ནི་གནའ་དཔེའི་མ་ཡིག་ལ་གནོད་པ་ཅི་ཡང་མེད་པའི་སྒོ་ནས།  དེའི་ཤེས་རིག་གསོག་ཉར་བྱེད་པའི་ནུས་པ་གང་ལེགས་སྒོས་ཆེ་ཆེར་གཏོང་བ་དང་། རིག་གནས་རྒྱུད་འཛིན་དང་ཁྱབ་སྤེལ་བྱ་རྒྱུ་དེ་ཡིན་ཟེར། 
            ཉེ་བའི་ལོ་འདི་དག་གི་རིང་ལ།   བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་སྔ་ཕྱིར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མང་ར་དགོན་གྱི་གནའ་དཔེ་ཉམས་ཆག་གི་ཉམས་གསོའི་ལས་ཀ་ལེགས་འགྲུབ་བྱུང་བ་དང་།  བསྡོམས་འབོར་གནའ་དཔེ་ཚད་ལྡན་ཡིག་ཆ་སྣ་རིང་ཤོག་གྲངས་248ཉམས་གསོ་དང་།  པར་རིས་496གི་པར་ལེན་ཡིག་ཚགས་བཟོས།  ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རྒྱ་ཡུལ་ཤང་བྱམས་ཆེན་གྲོང་ཚོའི་འབྲས་དཀར་དགོན་པ་ནས་གནའ་དཔེ་རྩ་ཆེན་གྱི་ཡིག་ཆ་ཁུག་མ་66(པོ་ཏི་237)དང་།  སྣ་རིང་ཤོག་གྲངས་ཁྲི་3ལྷག་ལེགས་སྒྲིག་དང་ཡིག་ཚགས་བཟོ་བ།  པར་ལེན་དཔེ་གཟུགས་བསྐྲུན་པ་སོགས་ཀྱི་བྱ་བ་བསྒྲུབས་པ་དང་།  གནའ་དཔེ་རྩ་ཆེན་གྱི་ཡིག་ཆ་དག་ཡི་གེ་ཡོངས་རྫོགས་གྲངས་ཀ་ཅན་གྱི་གཞི་གྲངས་བཟོས།  དེ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་འབྲས་དཀར་དགོན་ནས་སྣ་རིང་ཤོག་གྲངས་7000ལྷག་གི་ཉམས་ཆག་བྱུང་བའི་གནའ་དཔེ་ཉམས་གསོ་གནང་བ་འགོ་ཚུགས་པ་དང་།  སྣ་རིང་ཤོག་གྲངས་2000ལ་ཉེ་བ་བཟོས་ཚར།  “ཀྲུང་ཧྭ་གནའ་དཔེ་རྩ་ཆེན་ཐོན་ཁུངས་མཛོད་ཁང”འཛུགས་སྐྲུན་བྱེད་པའི་རྣམ་གྲངས་སྤེལ་ནས།  རྣམ་གྲངས་སུ་ཚུད་པའི་བམ་པོ་26(དེའི་ཁྲོད་དུ་གནའ་དཔེ་ཉར་ཚགས་ལས་ཁུངས་7འདུས་ཡོད།) གྲངས་ཀ་ཅན་དུ་བསྐྲུན་པ་དང་།  བོད་ལྗོངས་དཔེ་མཛོད་ཁང་གི་རིམ་པ་དང་པོ་ནས་རིམ་པ་ལྔ་བ་བར་《རྒྱལ་ཁབ་ཀྱི་གནའ་དཔེ་རྩ་ཆེན་མིང་ཐོ》རུ་ཚུད་པའི་གནའ་དཔེ་རྩ་ཆེན་ཚད་ལྡན་ཡིག་ཆ་པོ་ཏི་37(ཤོག་གྲངས་5000ལ་ཉེ་བ)གྲངས་ཀ་ཅན་དུ་ལེགས་སྒྲིག་དང་འཚོལ་བསྡུ།  གཞི་གྲངས་རྣམ་པའི་ཞིབ་བརྗོད་དང་པར་གཟུགས་བསྐྲུན་པ་བཅས་ཀྱི་བྱ་བ་སྤེལ། 
            བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོང་ལྟེ་གནས་ཀྱིས་ད་དུང་《གངས་ལྗོངས་ཀྱི་བསྟན་བཅོས། 1—བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་རྒྱལ་ཁབ་ཀྱི་གནའ་དཔེ་རྩ་ཆེན་མིང་ཐོའི་བོད་རྒྱ་ཤན་སྦྱར་རིས་ཐོ།》དང་།《གངས་ལྗོངས་ཀྱི་བསྟན་བཅོས། 2—བོད་རང་སྐྱོང་ལྗོངས་རིམ་པ་བཞི་བའི་རྒྱལ་ཁབ་ཀྱི་གནའ་དཔེ་རྩ་ཆེན་མིང་ཐོའི་རིས་ཐོ།》《གངས་ལྗོངས་ཀྱི་བསྟན་བཅོས། 3—ནག་ཆུ་ས་ཁུལ་གྱི་གནའ་དཔེ་རྩ་ཆེན་གྱི་རིས་ཐོ།》《གངས་ལྗོངས་ཀྱི་བསྟན་བཅོས། 4—མངའ་རིས་ས་ཁུལ་གྱི་གནའ་དཔེ་ཡོངས་ཁྱབ་ཞིབ་བཤེར་གྱི་དཀར་ཆག》《བོད་ཡིག་གནའ་དཔེ་སྤྱི་བཤད།》《བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་བོད་ཡིག་གནའ་དཔེའི་སྤྱི་ཐོ།  རྩོམ་བསྡུས་ཁག》《ནག་ཆུ་ས་ཁུལ་གྱི་གནའ་དཔེ་ཡོངས་ཁྱབ་ཞིབ་བཤེར་གྱི་དཀར་ཆག》《མངའ་རིས་ས་ཁུལ་གྱི་གནའ་དཔེ་རྩ་ཆེན་རིས་ཐོ།》《དུས་རབས་རིམ་བྱོན་གངས་ལྗོངས་མི་སྣ་གྲགས་ཅན་གྱི་འཁྲུངས་འདས་ལོ་ཚིགས།》《ལྡེར་བཟོ་རིག་པ་ཕྱོགས་བསྒྲིགས》《འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་མཛོད་ཆེན་མོའི་རྩོམ་བསྡུས་དཀར་ཆག》སོགས་གནའ་དཔེ་ཡོངས་ཁྱབ་ཞིབ་བཤེར་གྱི་གྲུབ་འབྲས་དེབ་བཅུ་ལྷག་རྩོམ་སྒྲིག་བྱས་ནས་པར་དུ་བསྐྲུན་ཡོད།
            གནའ་དཔེ་གྲངས་ཀ་ཅན་དུ་བསྒྱུར་བའི་ལས་ཀ་ལེགས་པོ་ཡོང་ཆེད། མིག་སྔར་རྒྱལ་ཁབ་གནའ་དཔེ་སྲུང་སྐྱོང་ལྟེ་གནས་དང་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་“སྐབས་གསུམ་པའི་གནའ་དཔེ་གྲངས་ཀ་ཅན་དུ་གཏོང་བའི་གཞུང་ལུགས་དང་ལག་ལེན་གསོ་སྦྱོང་འཛིན་གྲྭ།”གཙོ་སྒྲུབ་མཛད་པ་དང་།  བོད་ལྗོངས་ཀྱི་གནའ་དཔེ་སྲུང་སྐྱོང་གི་བྱ་བའི་གནས་ཚུལ་དངོས་ལ་དམིགས་ཏེ།  ཆེད་མཁས་པ་གདན་དྲངས་ནས་མིག་སྔའི་གནའ་དཔེ་གྲངས་ཀ་ཅན་དུ་གཏོང་བའི་ལས་རིམ་དང་བསམ་ཚོད།  རྒྱལ་ཁབ་དཔེ་མཛོད་ཁང་གི་གྲངས་ཉུང་མི་རིགས་ཀྱི་ཚད་ལྡན་ཡིག་ཆ་གྲངས་ཀ་ཅན་དུ་གཏོང་བའི་བྱ་བའི་གནས་ཚུལ།  གྲངས་ཀའི་ཐོན་ཁུངས་ཀྱི་ཉར་ཚགས་དང་ཞབས་ཞུ།  བོད་ཡིག་གནའ་དཔེ་གྲངས་ཀ་ཅན་དུ་གཏོང་བའི་ལག་རྩལ་དང་བཀོལ་སྤྱོད་མ་དཔེ།  བོད་ཡིག་གནའ་དཔེ་དཀར་ཆག་བཟོ་བ་སོགས་ཀྱི་ཕྱོགས་ལ་དམིགས་ནས་སློབ་ཁྲིད་གནང་།  དེ་དང་ཆབས་ཅིག་སློབ་མ་རྣམས་གནའ་དཔེ་གྲངས་ཀ་ཅན་དུ་གཏོང་བའི་ལག་ལེན་སྦྱོང་བརྡར་གྱི་བརྒྱུད་རིམ་ལ་ཞུགས་པར་བཀོད་སྒྲིག་གནང་ནས།  བོད་ཡིག་གནའ་དཔེ་གྲངས་ཀ་ཅན་ཏུ་གཏོང་བའི་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་པའི་སྟོབས་ཤུགས་ཆེ་རུ་གཏོང་བར་སྟེགས་བུ་ལེགས་པོ་ཞིག་བསྐྲུན་ཡོད།