ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གོང་དཀར་རྫོང་གི་འཇའ་ཚོན་སྣ་བདུན་པང་གདན་རིག་གནས་ཡུལ་སྐོར་དུས་ཆེན་ཚེས་12ཉིན་འགོ་ཚུགས་པ།

སྤེལ་དུས 2019-10-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
              ཟླ་10ཚེས་12ཉིན་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་གི་འཇའ་ཚོན་སྣ་བདུན་པང་གདན་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་དངོས་སུ་འགོ་ཚུགས་ཤིང་། ད་རེས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་གྱིས“བདེ་སྐྱིད་ཁྱིམ་གཞིས་དང་ཡིད་འཕྲོག་གོང་དཀར”བརྗོད་དོན་གཙོ་བོར་བྱས་ནས་ཚེས་16ཉིན་བར་རྒྱུན་མཐུད་རྒྱུ་རེད། དེའི་དམིགས་ཡུལ་ནི་གོང་དཀར་གྱི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་དང་།གོང་དཀར་གྱི་ཉམས་བཟང་གི་རིག་རྩལ་བརྩམས་ཆོས་འཁྲབ་སྟོན་དེ་བཞིན་སྲོལ་རྒྱུན་གྱི་ལུས་རྩལ་རྩལ་འགྲན་སྣ་ཚོགས་སྤེལ་བ་བཅས་ཀྱི་བྱེད་ཐབས་བརྒྱུད་གོང་དཀར་རྫོང་གི་གཏིང་ཟབ་པའི་ལོ་རྒྱུས་རིག་གནས་དར་སྤེལ་གཏོང་བ་དང་། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་ཀྱི་དངོས་པོ་དང་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མང་ཚོགས་ཀྱི་སྤེལ་རེས་ཁྲོམ་ར་འཁྲུག་ཆ་ཇེ་དོད་དུ་གཏོང་བ་བཅས་ཀྱི་ཆེད་རེད། 

              ཆུ་ཚོད་དགུ་པར་འགོ་ཚུགས་མཛད་སྒོ་ད་དུང་འགོ་ཚུགས་མེད་མོད་ལྟད་མོ་བ་ཚོ་འཁྲབ་སྟོན་ཡུལ་དངོས་སུ་ཕེབས་འགོ་བརྩམས་ཟིན་ལ། གོང་དཀར་རྫོང་གི་གྲོང་མི་ཚེ་དབྱངས་ཀྱིས་མཛེས་ཆ་དོད་པའི་བོད་ཆས་སྤྲས་ཏེ་ནང་མི་ཚོ་དང་མཉམ་དུ་འཁྲབ་ཚན་འགོ་ཚུགས་རྒྱུར་སྒུག་ནས་བསྡད་ཡོད། “ད་ལོ་ནི་ང་ཚོའི་རྫོང་གིས་ འཇའ་ཚོན་སྣ་བདུན་པང་གདན་རིག་གནས་ཡུལ་སྐོར་དུས་ཆེན་གཉེར་ཐེངས་གཉིས་པ་ཡིན་ཞིང་། ང་ཞོགས་པ་སྔ་པོ་ནས་ཡར་ལངས་ཏེ་བུ་མོ་གཉིས་ལ་མཛེས་འཆོས་སྤྲས་ཏེ་ཁོང་ཚོ་འགོ་ཚུགས་མཛད་སྒོར་ལྟ་བར་འཁྲིད་ཡོང་པ་ཡིན། ང་ཚོའི་རྫོང་གི་རིག་གནས་དུས་ཆེན་སྔར་བས་ཇེ་ལེགས་སུ་ཕྱིན་ནས་མི་དེ་བས་མང་པོས་གོང་དཀར་ལ་ངོས་འཛིན་ཐུབ་པ་དང་གོང་དཀར་ལ་དགའ་ཞེན་ཐུབ་པ་བྱ་རྒྱུའི་རེ་བ་ཡོད”ཚེ་དབྱངས་གིས་དེ་སྐད་བཤད་བྱུང་། 

              རྒྱལ་དར་སྒྲེང་བ་དང་རྒྱལ་གླུ་དཀྲོལ་ནས་འགོ་ཚུགས་མཛད་སྒོ་དངོས་སུ་འགོ་ཚུགས་པ་རེད། 《དུས་ཆེན་གྱི་དགའ་གླུ》ཞེས་པའི་ཞབས་བྲོས་འཇའ་ཚོན་སྣ་བདུན་པང་གདན་རིག་གནས་ཡུལ་སྐོར་དུས་ཆེན་དབུ་འབྱེད་པ་དང་། 《སྒྲ་སྙན་གྱི་སེམས་གཏམ》《བཀྲ་ཤིས་ཤོག》《འཇའ་ཚོན་བུ་མོ》ཞེས་པ་སོགས་ངོ་མཚར་ཆེ་བའི་ལེ་ཚན་རེས་མོས་ངང་འཁྲབ་སྟོན་བྱས་ཤིང་། ཞབས་བྲོ་དང་རྐྱང་གཞས། སྐོར་བྲོ་བཅས་ལ་ལྟད་མོ་བའི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་རེད། “ང་ཚོ་མི་སེར་གྱི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན་ནས་བཟའ་བཏུང་ལ་སེམས་ཁྲལ་མེད་པ་མ་ཟད། ད་དུང་འཁྲབ་སྟོན་ལ་ཡང་བལྟ་ཐུབ་པ་རེད། འདི་ནི་སྔོན་ཆད་སེམས་ལ་དྲན་མི་སྲིད་པ་ཞིག་རེད”ཅེས་དགུང་གྲངས་68ལ་སླེབས་པའི་མཚམས་གཅོད་ཀྱིས་འཛུམ་དམུལ་དམུལ་ངང་དེ་སྐད་བཤད། 

              ད་ཐེངས་ཀྱི་རིག་གནས་དུས་ཆེན་ཐོག་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་སྣམ་བུ་འཐག་རྒྱུ་ཡང་གར་སྟེགས་སུ་ཐོན་ཡོད་པ་དེས་ལྟད་མོ་བས་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དེའི་མཛེས་སྡུག་ཤེས་རྟོགས་དང་མྱོང་ཚོར་ཐུབ་པ་བྱས་ཡོད། གོང་དཀར་རྫོང་ཁྱིམ་བཞི་གྲོང་ཚོའི་གྲོང་མིས་ཀྱང་དུས་ཡུན་ཟླ་བ་གཅིག་ལྷག་ཙམ་ལ་སྣམ་བུས་འཐག་པའི་ཏང་དར་འཁྱེར་ཡོད་པ་དང་ཏང་དར་དེ་གྲོང་མི་5ཡིས་མཉམ་དུ་ལེགས་འགྲུབ་བྱས་པ་རེད་ལ།དེའི་ཐོག་ནས་གོང་དཀར་རྫོང་མི་དམངས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་སྨོན་འདུན་ཞུས་པ་དང་ཏང་ལ་བཀའ་དྲིན་ཞུས་པ་མཚོན་ཡོད། 

              གོང་དཀར་རྫོང་ལ་ལོ་རྒྱུས་རིག་གནས་ཡུན་རིང་ལྡན་པ་ལ་དེ་ནི་བོད་ཀྱི་འབྱུང་ཁུངས་རིག་གནས་ཀྱི་འབྱུང་གནས་གྲས་ཤིག་ཡིན་ཞིང་། བོད་ཀྱི“སྐར་ཁུང”དང་ལྷོ་ཁའི“སྒོ་མཛོད”ཅེས་འབོད་སྲོལ་ཡོད། ས་གནས་དགེ་མཚན་ཁྱད་དུ་འཕགས་ལ་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། བོད་ཀྱི་བླ་མཚོ་ཆེ་གྲས་གསུམ་གྱི་གྲས་སུ་འབོད་པའི་ཡར་འབྲོག་གཡུ་མཚོ་དང་། བོད་ཀྱི་གནས་རི་ཆེན་པོ་བཞིའི་གྲས་ཀྱི་ཆུ་མགོ་རི། ད་ལྟའི་བར་ལོ་ངོ3500ལོ་རྒྱུས་ལྡན་པའི་འཕྲང་སྒོ་ལུང་པའི་རྡོ་ཆས་གསར་པའི་དུས་རབས་ཀྱི་གནའ་ཤུལ་དང་རྡོ་རྗེ་བྲག་རྡོའི་ལྡེབས་རིས་ཚོགས་པ། ཁྱད་ཆོས་མི་འདྲ་བའི་ནང་བསྟན་དགོན་སྡེ་25བཅས་ཡོད། ལྕེ་བདེ་ཞོལ་གྲོང་རྡལ་ནི་སྐད་གྲགས་ཆོད་པའི“པང་ཁེབས་ཀྱི་ཕ་ཡུལ”ཡིན་ལ་བོད་ཀྱི“གནའ་བོའི་གྲོང་རྡལ་ཆེན་པོ་བརྒྱད”ཀྱི་གྲས་ཀྱང་ཡིན་པ་དང་། རྣམ་རྒྱལ་ཞོལ་ཤང་ལ“སྣམ་བུའི་ཕ་ཡུལ”ཞེས་འབོད་སྲོལ་ཡོད་ཅིང་། ཟངས་ཆས་དང་། བོད་ཞྭ། སྣམ་བུ། སྨད་གཡོགས། བོད་བཟོའི་ཁྱིམ་ཆས་སོགས་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་སྣ་ཚོགས་རྒྱལ་ཁབ་ཕྱི་ནང་དུ་ཁྱབ་ཡོད། རྫོང་ཁོངས་སུ་དམངས་ཁྲོད་སྒྱུ་རྩལ་ཕུན་སུམ་ཚོགས་པོ་ཡོད་པ་དེ་ནི་ཡར་ཀླུང་གཙང་པོའི་ངོགས་ཀྱི་ལོ་རྒྱུས་ཀྱི་འབྱུང་ཁུངས་དང་རིག་གནས་ཀྱི་བཀྲག་མདངས་འཚེར་བའི་མུ་ཏིག་ལྟ་བུ་ཞིག་རེད།

              གོང་དཀར་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཚེ་རིང་གིས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་མི་དེ་བས་མང་པོས་གོང་དཀར་ལ་ཤེས་རྟོགས་དང་ངོས་འཛིན་ཡོང་རྒྱུ་དང་། གོང་དཀར་དུ་སྐྱོད་པ་བཅས་བྱས་ཏེ་ཆ་འཕྲིན་དང་རིག་གནས་དེ་བས་མང་པོ་ཞིག་བྱེད་སྒོའི་ཁྲོད་བརྒྱུད་སྒྲོག་དང་སྤེལ་རེས་ཐུབ་པ་བྱས་ཏེ་འཇའ་ཚོན་སྣ་བདུན་པང་གདན་རིག་གནས་ཡུལ་སྐོར་དུས་ཆེན་དེ་གོང་དཀར་གྱི་ཉམས་འགྱུར་མངོན་པར་བྱེད་པའི་སྐར་ཁུང་ཞིག་ཏུ་གྱུར་བ་བྱས་ཐོག  ཕྱི་ཕྱོགས་སུ་གོང་དཀར་གྱི་བདེ་སྐྱིད་ལྡན་པའི་གནས་དེ་དྲིལ་སྒྲོག་རྒྱ་ཁྱབ་བྱེད་པ་དང་ཡིད་དབང་འཕྲོག་ཤུགས་ཆེ་རུ་ཕྱིན་པ་བརྒྱུད། གོང་དཀར་གྱི་རིག་གནས་ཡུལ་སྐོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཟམ་མི་ཆད་པར་བཏང་ནས་མང་ཚོགས་ཀྱི་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་དགོས་ཞེས་གསུངས་པ་རེད།