ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གངས་ལྗོངས་ས་མཐོའི་“བོད་ཀྱི་ལག་རྟགས”ཞེས་པས་འཛམ་གླིང་ལ་མི་རིགས་ཀྱི་རིག་གནས་མངོན་པར་བྱས་པ།

སྤེལ་དུས 2019-10-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།   ལོ་ངོ་སྟོང་ཕྲག་ཁ་ཤས་རིང་གི་ལོ་རྒྱུས་དང་། སྲོལ་རྒྱུན་གྱི་རིག་གནས་ཕུན་སུམ་ཚོགས་པ། མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་བཅས་ལས་བོད་ལྗོངས་འདི་ཉིད་མི་མང་པོ་ཞིག་གི་ཚེ་གང་གི་ཡིད་སྨོན་བྱེད་ཡུལ་དུ་གྱུར་པའི་ས་ཆ་ཞིག་ཡིན། འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་ཡིན་པའི་བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། བོད་ཀྱི་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། ཡུལ་སྐོར་བས་བོད་ཀྱི་ཁྱད་ལྡན་ཡུལ་སྐོར་ཚོང་ཟོག་ལ་ཁས་ལེན་བྱེད་ཚད་ཀྱང་ལོ་རེ་བཞིན་མཐོ་རུ་ཕྱིན་པ་དང་།  དེས་ཀྱང་བོད་ཀྱི་ཁྱད་ལྡན་རིག་གནས་དང་གསར་གཏོད་གྱི་ཁྱད་ཆོས་ལྡན་པའི་བོད་ཀྱི་ཡུལ་སྐོར་ཚོང་ཟོག་དེ་བས་མང་པོ་ཞིག་ཐོན་དུ་བཅུག 
འགྲན་བསྡུར་ཆེན་མོའི་ཡུལ་དངོས།
              ཟླ་10ཚེས་18ཉིན་སྐབས་བདུན་པའི་“བོད་ཀྱི་ལག་རྟགས།”ཞེས་པའི་རིག་གཏོད་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེན་མོ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་མཐའ་མའི་འགྲན་བསྡུར་བྱས་པ་རེད། ཟླ་གཅིག་ལྷག་ཙམ་གྱི་ཐོག་མའི་འགྲན་བསྡུར་དང་འགྲེམས་ཚོང་སོགས་ཀྱི་རིམ་པ་བརྒྱུད་མཐར་བརྩམས་ཆོས་15འགྲན་ཞུགས་བརྩམས་ཆོས་བརྒྱ་ལྷག་ཙམ་གྱི་ཁྲོད་ནས་འབུར་དུ་ཐོན་པ་དང་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཚུད་པ་རེད། ཐོན་རྫས་དེ་དག་ལ་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་མ་ཟད། བོད་ཀྱི་རིག་གནས་ཀྱི་ནང་སྙིང་ཡང་མཚོན་པར་བྱེད།  དེ་དང་ཆབས་ཅིག་ཇུས་འགོད་ཀྱི་ཁྱད་ཆོས་དང་མྱོང་རོལ་གྱི་རང་བཞིན་ཆེན་པོ་ལྡན་ཡོད། ད་ཐེངས་ཀྱི་འགྲན་བསྡུར་ཆེན་མོ་དེ་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གིས་གཙོ་གཉེར་བྱས་པ་དང་2013ལོ་ནས་བཟུང་རྒྱལ་ཁའི་ངང་སྐབས་དྲུག་ལ་སྤེལ། ལོ་ངོ་6རིང་ལ་སྤེལ་བའི་བརྒྱུད་རིམ་དང་དེའི་གསོག་འཇོག་ལས་འགྲན་བསྡུར་ཆེན་མོ་དེ་བོད་ཀྱི་ཡུལ་སྐོར་རིག་གཏོད་ཁྱབ་ཁོངས་ཀྱི་ཤུགས་རྐྱེན་ཆེན་པོ་ལྡན་པའི་བྱེད་སྒོ་རུ་གྱུར་ཡོད། ད་ལོའི་འགྲན་བསྡུར་ཆེན་མོར་“རིག་གཏོད”དང་ཡུལ་སྐོར་ཚོང་ཟོག་མཉམ་འདྲེས་མངོན་གསལ་དོད་པོ་ཡོང་བ་བྱས་ནས་“བོད་ཀྱི་ལག་རྟགས།”ཞེས་པའི་རིག་གཏོད་ཡུལ་སྐོར་ཚོང་ཟོག་འགྲན་བསྡུར་ཆེན་མོ་ཞེས་མིང་དངོས་སུ་བསྒྱུར་བ་རེད།
བོད་ཀྱི་ཤོམ་པའི་ལག་ཏུ་འགྲན་བསྡུར་ནང་དུ་ཚུད་པའི་བརྩམས་ཆོས་བཟུང་ནས་འོས་སྦྱོར་བྱེད་བཞིན་པ།
              གར་སྟེགས་ཐོག་བོད་རིགས་ཤོམ་པ་ཚོས་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཚུད་པའི་བརྩམས་ཆོས་གཅིག་རྗེས་གཉིས་མཐུད་ངང་འགྲེམས་སྟོན་བྱས་པ་དང་། མདོ་འཛིན་པས་བརྩམས་ཆོས་ལ་འགྲེལ་བཤད་དང་འོས་སྦྱོར་ཞིབ་ཕྲ་བྱས་ཤིང་། གར་སྟེགས་ཀྱི་འོག་ཏུ་པེ་ཅིང་དང་བོད་ལྗོངས་ནས་ཕེབས་པའི་རིག་གནས་དང་སྒྱུ་རྩལ། ཡུལ་སྐོར་དང་སྨྱན་སྦྱོར་སོགས་ཁྱབ་ཁོངས་མི་འདྲ་བའི་བསླབ་པ་རྒན་གྲས་ཀྱི་དཔྱད་འདེམས་པ་བདུན་གྱིས་ཚོང་ཟོག་ལ་རེ་རེ་བཞིན་སྐར་མ་བརྒྱབ་པ་རེད། འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད་བོད་ལྗོངས་རྨོངས་སད་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སིའི་སྨོན་འདུན་ནོར་བུའི་ཕྲེང་བ་སྟེ། བཀྲ་ཤིས་ཞེས་པར་ད་ཐེངས་ཀྱི་འགྲན་བསྡུར་ཆེན་མོའི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། བོད་ལྗོངས་ཀུ་ཤུ་བྱམས་པའི་རིག་གནས་གསར་གཏོད་ཚད་ཡོད་ཀུང་སིའི་ཀུ་ཤུ་བྱམས་པའི་བོད་ཀྱི་རྒྱུ་ཆའི་པིར་དོང་སོགས་ཁེ་ལས་2ལ་ད་ཐེངས་ཀྱི་འགྲན་བསྡུར་ཆེན་མོའི་བྱ་དགའ་ཨང་གཉིས་པ་ཐོབ་ལ། བོད་ལྗོངས་ཡང་རྩེའི་སྤྱི་མཚན་རིག་གཏོད་གསར་སྤེལ་ཚད་ཡོད་ཀུང་སིའི་ཡང་རྩེའི་•མངའ་རིས་སྐར་ཚོགས་ཀྱི་གློག་སྒྲོན་སོགས་ཁེ་ལས་3ལ་ད་ཐེངས་ཀྱི་འགྲན་བསྡུར་ཆེན་མོའི་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།
འགྲན་བསྡུར་བརྒྱན་གོས་གྱོན་པའི་བོད་རིགས་ཤོམ་པ།
              བོད་རང་སྐྱོང་ལྗོངས་ཨ་རིའི་མཐུན་ཚོགས་ཀྱི་བློ་འདྲི་ས་དང་དེ་སྔའི་ཨ་རིའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཡུས་ཡིའུ་ཞིན་ད་ཐེངས་ཀྱི་འགྲན་བསྡུར་གྱི་དཔྱད་འདེམས་པའི་གྲས་ཤིག་ཡིན་པའི་ངོས་ནས་སྐར་གྲངས་དཔྱད་བསྡུར་ནང་ཞུགས་པ་རེད། ཡུས་ཡིའུ་ཞིན་གྱིས་ “བོད་ཀྱི་ཡུལ་སྐོར་ལ་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན་ཡོད་པ་དང་། འཛམ་གླིང་ཡུལ་སྐོར་བའི་དམིགས་སའང་ཡིན། ད་ཐེངས་ཀྱི་འགྲན་བསྡུར་དེ་ལེགས་གྲུབ་ངང་སྤེལ་ཐུབ་པ་ནི་བྱ་བ་ཧ་ཅང་ཡག་པོ་ཞིག་ཡིན་པ་མ་ཟད། སྔོན་ཆད་སྐབས་6གཉེར་བ་དེས་རྨང་གཞི་ངེས་ཅན་ཞིག་བཏིངས་ཡོད། ད་ལྟ་བོད་ཀྱི་སྲོལ་རྒྱུན་དམངས་སྲོལ་རིག་གནས་འཕེལ་རྒྱས་ཀྱི་བར་སྟོང་ད་དུང་ཧ་ཅང་ཆེན་པོ་ཡོད་ལ། བོད་ལ་ད་དུང་ལོ་རྒྱུས་ཀྱི་ལེགས་ཆ་ཆེན་པོ་ལྡན་པའི་ཐོན་ཁུངས་ཀྱི་ལེགས་ཆ་མང་པོ་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུར་ལུས་ཡོད། འགྲན་བསྡུར་ནང་ཞུགས་པའི་བརྩམས་ཆོས་འདི་དག་ལ་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་དང་དེང་རབས་འདུ་ཤེས་ཀྱི་བསམ་བློ་ཡོད་མོད། ད་དུང་མཚོན་ཐབས་ཀྱི་ཐད་ནས་མི་འདང་། རིག་གནས་ནི་བླ་སྲོག་ལྟ་བུ་ཡིན་པས་ས་གནས་དེ་གའི་རྒྱུ་ཆ་དང་སྲོལ་རྒྱུན་གྱི་བཟོ་རྩལ་དང་ལག་རྩལ་ཟུང་འབྲེལ་བྱས་ཚེ། ད་གཟོད་བོད་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་གསར་གཏོད་བྱ་ཐུབ་ལ།  བོད་ཀྱི་རིག་གནས་དེ་བས་ལེགས་པའི་སྒོ་ནས་བརྒྱུད་སྤེལ་བྱེད་ཐུབ།  བོད་ཀྱི་ཡུལ་སྐོར་རིག་གནས་སྔར་བས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས།  གྲུབ་འབྲས་དེ་བས་ཆེ་བ་ཐོབ་པ་དང་། འཛམ་གླིང་ཡོངས་ཀྱི་མི་དམངས་ཀྱི་སེམས་ནང་བོད་ཀྱིས་བག་ཆགས་གལ་ཆེན་འཇོག་ཐུབ་པར་བྱས་ཏེ། མིའི་རིགས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་རྒྱུའི་རེ་བ་ཡོད”ཅེས་ཟེར། 
ཡུལ་དངོས་སུ་འོས་སྦྱོར་བྱེད་པའི་འགྲན་ཞུགས་བརྩམས་ཆོས།
              བོད་ལྗོངས་ཡང་རྩེའི་སྤྱི་མཚན་རིག་གཏོད་གསར་སྤེལ་ཚད་ཡོད་ཀུང་སིའི་ཡང་རྩེའི•མངའ་རིས་སྐར་ཚོགས་ཀྱི་གློག་སྒྲོན་དེ་ཐེངས་འདིའི་འགྲན་བསྡུར་ཆེན་མོའི་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད། “ང་ཚོའི་འགྲན་ཞུགས་བརྩམས་ཆོས་ཀྱི་གློག་སྒྲོམ་ནི་ཁ་བཏགས་ཀྱི་བཟོ་དབྱིབས་ཡིན་པ་དང་། སྒྲོན་ཁེབས་ནི་མངའ་རིས་ཀྱི་སྐར་ཚོགས་ཡིན་ལ། སྐར་ཚོགས་ཀྱི་འོག་ཏུ་གངས་རིན་པོ་ཆེ་ཡོད། ང་ཚོའི་བསམ་བློ་ནི་མངའ་རིས་སྐར་ཚོགས་ཀྱིས་ཡུལ་སྐོར་བ་ཁྱིམ་དུ་ཁྲིད་རྒྱུ་དེ་ཡིན། ད་ཐེངས་ཀྱི་གྲུབ་འབྲས་ཆེ་ཤོས་ནི་འགྲན་བསྡུར་ཁྲོད་ལས་རིགས་གཅིག་པའི་དབར་བགྲོ་གླེང་དེ་བས་མང་པོ་བྱུང་བ་དང་། རིག་གཏོད་ཇུས་འགོད་ཐད་ང་ཚོར་རིག་པ་ཐོས་སྐྱེས་དེ་བས་མང་པོ་བྱུང་ཡོད། ལོ་སྔོན་མའི་སྐབས་ཁ་ཤས་རིང་། ང་ཚོའི་འགྲན་ཞུགས་བརྩམས་ཆོས་མང་ཆེ་བ་ནི་ཡུལ་སྐོར་ཚོང་ཟོག་དང་བཟོ་རྩལ་ཐོན་རྫས་རིགས་ལ་ཕྱོགས་པ་ཡིན་མོད། འོན་ཀྱང་ཉེ་བའི་ལོ་གཉིས་ནང་ང་ཚོས་རིག་གནས་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་རིག་གནས་ཀྱི་ནང་དོན་ཇེ་ཟབ་ཏུ་བཏང་སྟེ། སྲོལ་རྒྱུན་རིག་གནས་དང་སྲོལ་རྒྱུན་གྱི་བསམ་གཞིག་བྱེད་སྟངས་ལ་བརྟེན་ནས་ཐོན་རྫས་བསྡུ་སྒྲིལ་ངང་བོད་ཀྱི་རིག་གནས་སྔར་ལས་ལེགས་པའི་སྒོ་ནས་ཕྱི་ལ་བརྒྱུད་སྤེལ་བྱས་པ་ཡིན། ”ཞེས་ཀུང་སི་དེའི་འབྲེལ་ཡོད་འགན་འཛིན་པས་དེ་ལྟར་བཤད།
              “ང་ཚོས་གསར་དུ་བསྐྲུན་མ་ཐག་པའི་བོད་ལྗོངས་ཡང་རྩེའི་མི་རིགས་སྤུས་ལེགས་འགྲེམས་ཚོང་ལྟེ་གནས་བདམས་ནས་ད་ཐེངས་ཀྱི་འགྲན་བསྡུར་ཆེན་མོ་གཉེར་བ་དེའི་དམིགས་ཡུལ་ནི། དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་ལ་ཡོང་བ་དང་སྤུས་ལེགས་ཚོང་ཟོག་ཉོ་བ་གཉིས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་དེ་ཡིན། སྔོན་གྱི་སྐབས་དྲུག་གི་འགྲན་བསྡུར་ཆེན་མོའི་སྟེང་དུ་རིག་གཏོད་ཀྱི་བསྡུར་ཚད་དེ་འདྲ་མཐོ་པོ་མེད་པ་དང་། རིག་གནས་ཡུལ་སྐོར་གྱི་ཚོང་ཟོག་སྣ་ཚོགས་པ་དེའི་ནང་ཞུགས་ཆོག་པ་རེད། འོན་ཀྱང་སྐབས་འདིའི་རིག་གཏོད་ཚོང་ཟོག་མཐུན་ཚོགས་ཀྱིས་རིག་གཏོད་ཡུལ་སྐོར་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཕྱིར་ཚོང་རྦད་དེ་ཚད་ལྡན་དུ་བཏང་བ་དང་། དེའང་བོད་ལྗོངས་རིག་གཏོད་ཡུལ་སྐོར་ཚོང་ཟོག་གི་དཀྱོག་མཚམས་ཤིག་ཏུ་གྱུར་བས།  ཚད་མཐོན་པོའི་རིག་གནས་དང་རིག་གཏོད་ཀྱི་གྲུབ་ཆ་དང་རང་ཉིད་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད། དེ་དང་ཆབས་ཅིག་བོད་ལྗོངས་ཡང་རྩེའི་མི་རིགས་ཀྱི་སྤུས་ལེགས་འགྲེམས་ཚོང་གིས་ཀྱང་བྱ་དགའ་ཐོབ་པའི་བརྩམས་ཆོས་ལ་རིན་མི་དགོས་པར་ཕྱིར་ཚོང་བྱེད་ཆོག་པར་གཞོགས་འདེགས་བྱས་པས། རིག་གཏོད་ཚོང་ཟོག་འདི་དག་ལ་མགྱོགས་མྱུར་ངང་ཡུལ་སྐོར་ཁྲོམ་རའི་ཁས་ལེན་ཐོབ། བོད་ལྗོངས་ཀྱི་ཡུལ་སྐོར་ལས་དོན་ཁང་ཚང་མས་དེ་རིང་ནས་བཟུང་ད་ཐེངས་ཀྱི་འགྲན་བསྡུར་ཆེན་མོའི་བྱ་དགའ་ཐོབ་པའི་ཐོན་རྫས་འགྲེམས་ཚོང་བྱེད་སྒོ་འོས་སྦྱོར་བྱ་རྒྱུ་ཡིན་པ་རེད། ཡུལ་སྐོར་བས་ཚོགས་པ་བཙུགས་པ་ནས་བཟུང་འདི་གར་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་ཁྱད་ལྡན་ཚོང་ཟོག་ཚུད་པའི་རིག་གཏོད་ཡུལ་སྐོར་ཚོང་ཟོག་འགྲེམས་ཚོང་ལྟེ་གནས་ཤིག་ཡོད་པ་ཤེས་ཐུབ།  ང་ཚོས་‘བོད་ཀྱི་ལག་རྟགས་’དེ་ཐོན་ལས་སྦྲེལ་ཐག་ཤིག་ཏུ་འགྱུར་བར་བྱེད་པ་དང་བོད་ཀྱི་ཡུལ་སྐོར་ཚོང་ཟོག་གི་ཐུན་མོང་མ་ཡིན་པའི་རྟགས་མ་བཏོད་དེ་འཛམ་གླིང་ཡོངས་སུ་ཁྱབ་གདལ་གཏོང་དགོས།”ཅེས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་འགན་འཛིན་པས་དེ་ལྟར་བརྗོད་བྱུང་།
ཆེད་མཁས་དཔྱད་འདེམས་པ་དང་འགྲན་ཞུགས་འཐུས་མིའི་མཉམ་པར།
              འགྲན་བསྡུར་གྱི་ཡུལ་དངོས་སུ་ད་དུང་ཚང་མ་ལ་“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པ་སྟེ། བོད་མི་བོད་ལྗོངས་སུ་ཡུལ་སྐོར་བྱེད་པ།”ཞེས་པ་དང་“ཞང་ཞུང་རིག་གནས་ཡུལ་སྐོར་ལམ་ཐིག”ཅེས་པའི་ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོའི་ཟླ་10ཚེས་15ཉིན་ནས་2020ལོའི་ཟླ་3ཚེས་15ཉིན་བར་མུ་མཐུད་དེ་བོད་རང་སྐྱོང་ལྗོངས་ཀྱིས་དགོན་སྡེའི་མཛེས་ལྗོངས་ཁུལ་ཕུད་རྒྱལ་ཁབ་ལ་དབང་བའི་A3རིམ་པ(A3རིམ་པ་ཚུད་པ)ཡན་གྱི་མཛེས་ལྗོངས་ཁུལ་དུ་རིན་མི་དགོས་པར་ལྟ་སྐོར་བྱེད་ཆོག་པ་དང་། རྒྱལ་ཁབ་ལ་དབང་བའི་A3རིམ་པ་མན་དང་རྒྱལ་དབང་མ་ཡིན་པའི་Aརིམ་པའི་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་རིན་གོང་རྨང་གཞིའི་ཐོག་ཕྱེད་ཀ་ཉུང་དུ་གཏོང་རྒྱུ་རེད།