ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་རང་སྐྱོང་ལྗོངས་ཀྱིས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་དང་ཏང་ཕྱིའི་མི་སྣར་བརྒྱུད་བསྒྲགས་བྱེད་པའི་ཚོགས་འདུ་འཚོགས་པ།

སྤེལ་དུས 2019-11-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་11པའི་ཚེས་8ཉིན།  བོད་རང་སྐྱོང་ལྗོངས་ཀྱིས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་དང་ཏང་ཕྱིའི་མི་སྣར་བརྒྱུད་བསྒྲགས་བྱེད་པའི་ཚོགས་འདུ་ལྷ་ས་ནས་འཚོགས་པ་རེད།  བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བསྟན་ཁོས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཇི་ལྟར་སློབ་སྦྱོང་དོན་འཁྱོལ་བྱེད་པའི་ཐད་ལ་ཏང་ཕྱིའི་མི་སྣ་དང་ཕན་ཚུན་བགྲོ་གླེང་དང་བསམ་འཆར་བརྗེ་རེས་གནང་།
ཚོགས་འདུའི་ཡུལ་དངོས།
              ཚོགས་འདུའི་སྟེང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པ་རེད།  ཚང་མས་མགྲིན་གཅིག་ཏུ་ཚོགས་འདུ་འདི་ནི་ཀྲུང་གོ་གུང་ཁྲན་ཏང་གིས་“ལོ་བརྒྱ་གཉིས”ཀྱི་འབད་བརྩོན་དམིགས་ཚད་ཀྱི་ལོ་རྒྱུས་འདྲེས་མཚམས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་ཡིན་པར་མ་ཟད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་སྐབས་དང་། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འགག་རྩར་གནས་པའི་དུས་སྐབས་སུ་འཚོགས་པའི་གསར་གཏོད་རང་བཞིན་དང་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པ་དང་། བརྗོད་དོན་གལ་ཆེ་ཞིང་རྩ་བའི་རྩ་དོན་ལ་རག་པ་དང་། གྲུབ་འབྲས་ཆེན་པོ་བླངས་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད། བསྟན་ཁོས་ཏང་ཕྱིའི་མི་སྣས་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱེད་པ་དང་། དེ་ཤེས་རྟོགས་དང་དོན་གྱི་གོ་བ་ལོན་པར་བྱས་ནས་ལག་ལེན་དོན་འཁྱོལ་ཡོང་བར་ཤུགས་སྣོན་རྒྱག་པ། མིག་དཔེའི་ནུས་པ་འདོན་སྤེལ་བྱེད་པའི་ཐད་ཕན་འབྲས་ཐོན་པ་བཅས་བྱས་ཏེ། སྲིད་ཞུགས་སྲིད་མོལ་དང་ཐབས་འདོན་ཇུས་འདོན་གྱི་ནུས་པ་དང་ཆུ་ཚད་བཅས་དོན་དམ་པར་ལག་ལེན་དངོས་ཀྱི་སྟེང་ནས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
ཚོགས་འདུའི་ཡུལ་དངོས།
              ཚོགས་འདུ་ལས་བསྟན་དོན།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་ཐད་དུ་“རྒྱུན་འཁྱོངས་དང་སྲ་བརྟན་དུ་གཏོང་དགོས་པ་གང་དང་།  འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་དགོས་པ་གང་ཡིན་པ”བཅས་ཀྱི་གནད་དོན་གལ་ཆེན་ལ་ཕྱོགས་ཡོངས་ནས་ལན་གསལ་པོ་བཏབ་ཡོད་ལ། དེ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་།  རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ཆབ་སྲིད་བསྒྲགས་གཏམ་དང་ལག་ལེན་རྩ་འཛིན་སྐུལ་འདེད་གཏོང་རྒྱུ་དེ་རེད།  གནད་དོན་དེ་བོད་རང་སྐྱོང་ལྗོངས་ཀྱི་སྟེང་ནས་བཤད་ན།  ཚང་འཛོམས་གྲོས་ཚོགས་ལས་བཏོན་པའི་དགོངས་དོན་གྱི་རྩ་བའི་བླང་བྱ་ལག་ལེན་དོན་འཁྱོལ་བྱེད་པ་ལས་གཞན།  ད་དུང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པ་གཉིས་མཉམ་དུ་སྦྲེལ་བ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་བོད་བརྟན་གྱི་གལ་ཆེའི་རྣམ་བཤད་དང་ཏང་གི་མི་རིགས་ཆོས་ལུགས་འཐབ་ཕྱོགས་གཅིག་གྱུར་གྱི་འཐབ་ཇུས་དང་སྲིད་ཇུས་མཉམ་དུ་སྦྲེལ་ནས།  “ཐོག་མའི་མཉམ་འབྲེལ་གྱི་བསམ་འདུན་མི་བརྗེད་པར། མུ་མཐུད་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པ”ཞེས་པའི་བརྗོད་དོན་སློབ་གསོ་དང་“ཚད་གཞི་བཞི་སྲུང་སྐྱོང་ལག་ལེན་བྱས་ཏེ། སྔོན་ཐོན་གྱི་གྲྭ་བཙུན་ལ་འགྱུར་བར་བརྩོན་པ”ཞེས་པའི་སློབ་གསོའི་ལག་ལེན་བྱེད་སྒོའི་ཁྲོད་དུ་འཇུག་དགོས་ཞེས་བསྟན། བསྟན་ཁོས་ནན་གྱིས་བསྟན་དོན། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱར་གོ་བ་གཏིང་ཟབ་མོ་བླངས་ནས། བོད་ལྗོངས་ཀྱིས་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་ཏང་གི་བོད་སྐྱོང་འཐབ་ཇུས་མཐའ་འཁྱོངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་“ལོ་བརྒྱ་གཉིས”ཀྱི་འབད་བརྩོན་དམིགས་ཚད་མངོན་འགྱུར་བྱེད་པའི་ལྡོག་མེད་རང་བཞིན་དང་འོད་སྟོང་འཕྲོ་བའི་མདུན་ལམ་ལ་ངོས་འཛིན་གང་ལེགས་བྱེད་དགོས། “རླབས་ཆེན་གྱི་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོས་ལེན་མུ་མཐུད་ཇེ་དྲག་ཏུ་གཏོང་བ་དང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཆེ་རུ་བཏང་སྟེ། ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བོད་དུ་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་བསྟན།
              བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ལས་རིགས་དང་། ཆོས་ལུགས་ལས་རིགས། སྤྱི་དབང་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་དང་ཏང་ཕྱིའི་ཤེས་ཡོན་པ། སྤྱི་ཚོགས་ཀྱི་རིམ་པ་གསར་པའི་མི་སྣ་དང་རྒྱལ་ནང་དུ་ལོག་པའི་བོད་རིགས་སྤུན་ཟླའི་འཐུས་མི། དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཆོས་ལུགས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱི་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།