ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་ཚོགས་འགོ་བརྩམས་པ།

སྤེལ་དུས 2020-05-25 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
ཞི་ཅིན་ཕིང་དང་། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅེ། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད། 
ལི་ཁེ་ཆང་གིས་སྲིད་གཞུང་བྱ་བའི་སྙན་ཞུ་གནང་།
ལི་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་།
         དམངས་དོན་ཁྲིམས་གཞུང་འཆར་ཟིན་སྐོར་གྱི་གསལ་བཤད་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་གྱི་ཆོད་དོན་འཆར་ཟིན་སྐོར་གྱི་གསལ་བཤད་ལ་གསན། 

         ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས22ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚོགས་འགོ་བརྩམས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི3000ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ནས་ཚོགས་ཆེན་ལ་ཞུགས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ནན་ཏན་ངང་བསྒྲུབས། 

         མི་དམངས་ཚོགས་ཁང་ཆེན་མོའི་ཚོགས་འདུའི་རྣམ་པ་རྔམ་བརྗིད་ལྡན་ལ་ཀྲུའུ་ཞི་སྟེགས་བུའི་དཀྱིལ་དབུས་ཀྱི་དམར་མདངས་བཀྲ་བའི་རྒྱལ་རྟགས་འོད་དུ་འཚེར་བཞིན་མཆིས། 

         ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ལི་ཀྲན་ཧྲུའུ་ཡིས་ཚོགས་ཆེན་ལ་གཙོ་སྐྱོང་གནང་བ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ཝང་ཁྲིན་དང་། ཚའོ་ཅན་མིང་། ཀྲང་ཁྲུན་ཞན། ཧྲེན་ཡའོ་ཡའོ། ཅི་པིང་ཞེན། ཨའེ་ལི་ཀེངདབྱི་མིང་པ་ཧའེ། ཝན་ཨེ་ཤང་། ཁྲིན་ཀྲུའུ། ཝང་ཏུང་མིང་། པད་མ་འཕྲིན་ལས། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཝུའུ་ཝུའེ་ཧྭ། དབྱང་ཀྲེན་ཝུའུ་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གྲལ་དུ་བཞུགས་ཡོད། 

         ཞི་ཅིན་ཕིང་དང་། ལི་ཁེ་ཆང། ཝང་དབྱང་། ཝང་ལུའུ་ཉིང་། ཀྲའོ་ལི་ཅེ། ཧན་ཀྲེང་། ཝང་ཆི་ཧྲན། ད་དུང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད། 

         རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་འཐུས་མི2956ཞུགས་དགོས། ཚེས22ཉིན་གྱི་སྔ་དྲོའི་ཚོགས་འདུར་ཚོགས་མི2897དངོས་སུ་ཞུགས་ཡོད་པ་དང་། ཚོགས་མི59དངོས་ཞུགས་བྱེད་ཐུབ་མེད། ཚོགས་འདུར་ཞུགས་མཁན་མི་གྲངས་དེ་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན་པ་རེད། 

         སྔ་དྲོའི་ཆུ་ཚོད9ཡི་སྟེང་ལི་ཀྲན་ཧྲུའུ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པ་འགོ་བརྩམས་པ་ཁྱབ་བསྒྲགས་གནང་མ་ཐག ཚོགས་རའི་ཚོགས་མི་ཡོངས་ཡར་བཞེངས་ནས་རྒྱལ་གླུ་བླངས། 

         ལི་ཀྲན་ཧྲུའུ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་སྐབས་གསུངས་དོན། པྲོག་གསར་གློ་ཚད་རིམས་ནད་ནི་ཀྲུང་གོ་གསར་པ་དབུ་བརྙེས་བ་ནས་བཟུང་རང་རྒྱལ་དུ་ཁྱབ་པའི་མྱུར་ཚད་མགྱོགས་ཤོས་དང་། འགོས་པའི་ཁྱབ་རྒྱ་ཆེ་ཤོས། སྔོན་འགོག་ཚོད་འཛིན་དཀའ་བ་བཅས་ཀྱི་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་ཚབས་ཆེན་ཞིག་ཡིན་ལ། རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་དྲག་པོའི་ཁྲོད། སྨན་བཅོས་མི་སྣ་དང་། ལས་བྱེད་ལས་བཟོ་བ། སྡེ་ཁུལ་གྱི་ལས་བཟོ་བ་སོགས་ཀྱིས་གཞུང་དོན་གྱི་ཆེད་དུ་རང་སྲོག་བློས་བཏང་ཡོད་པ་དང་ནད་པ་མང་པོ་རྐྱེན་ལམ་དུ་ཤོར་བས། ང་ཚོས་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོ་དང་ཚེ་འདས་སྤུན་ཟླ་རྣམས་ལ་སྙིང་ཐག་པ་ནས་མྱ་ངན་ཞུ་རྒྱུ་ཡིན་ཞེས་གསུངས། 

         དེའི་རྗེས་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ནང་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོ་དང་ཚེ་འདས་སྤུན་ཟླ་རྣམས་ལ་ངག་བསྡམས་ནས་མྱ་ངན་ཞུས། 

         གྲོས་ཚོགས་ཀྱི་གྲོས་རིམ་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་སྲིད་གཞུང་བྱ་བའི་སྙན་ཞུ་གནང་། སྙན་ཞུ་ཁག་བརྒྱད་དུ་དབྱེ་ཡོད་སྟེ། གཅིག 2019ལོ་དང་ད་ལོའི་ཚུན་གྱི་བྱ་བར་ཕྱིར་མིག་བལྟ་བ། གཉིས། ད་ལོའི་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་དང་དུས་རིམ་རྗེས་མའི་བྱ་བར་སྤྱིའི་བཀོད་སྒྲིག་བྱེད་པ། གསུམ། སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ཀྱི་ལས་ཞུགས་འགན་ལེན་ལ་ཤུགས་བསྣོན་པ། བཞི། སྒྱུར་བཅོས་ལ་བརྟེན་ནས་ཁྲོམ་ར་གསོན་ཤུགས་གོང་འཕེལ་བཏང་སྟེ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཆེ་རུ་གཏོང་བ། ལྔ། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས་དཔལ་འབྱོར་འཕེལ་རྒྱས་བྱེད་སྟངས་བསྒྱུར་བཅོས་གཏོང་བར་སྐུལ་འདེད་གཏོང་བ། དྲུག དབུལ་ཐར་འགག་སྒྲོལ་གྱི་དམིགས་འབེན་མངོན་འགྱུར་ཡོང་བར་འགན་ལེན་བྱས་ཏེ་ཞིང་ལས་ལོ་ལེགས་བྱུང་ནས་ཞིང་པའི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བ། བདུན། ཆུ་ཚད་སྔར་བས་མཐོ་བའི་སྒོ་ནས་ཕྱི་ཕྱོགས་སྒོ་འབྱེད་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་ལ་མ་དངུལ་གཏོང་བའི་གཞི་རྩའི་སྒྲིག་གཞི་བརྟན་འཇགས་སུ་གཏོང་བ། བརྒྱད། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་རྒྱུར་དམིགས་ནས་སྤྱི་ཚོགས་ཀྱི་བྱ་གཞག་བསྒྱུར་བཅོས་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་སོ། 

         ལི་ཁེ་ཆང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་པྲོག་གསར་གློ་ཚད་རིམས་ནད་ནི་ཀྲུང་གོ་གསར་པ་དབུ་བརྙེས་བ་ནས་བཟུང་། རང་རྒྱལ་ལ་ཁྱབ་པའི་མྱུར་ཚད་མགྱོགས་ཤོས་དང་། འགོས་པའི་ཁྱབ་རྒྱ་ཆེ་ཤོས། སྔོན་འགོག་ཚོད་འཛིན་དཀའ་བ་བཅས་ཀྱི་སྤྱི་པའི་འཕྲོད་བསྟེན་གྱི་དོན་རྐྱེན་ཚབས་ཆེན་ཞིག་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྲ་བརྟན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་གོང་འོག་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དཀའ་སྤྱད་འབད་བརྩོན་དང་རང་སྲོག་བློས་བཏང་བའི་སྙིང་སྟོབས་ལ་བརྟེན་ནས་རིམས་ནད་སྔོན་འགོག་ཚོད་འཛིན་འཐབ་ཇུས་ལ་གྲུབ་འབྲས་བླ་ན་མེད་པ་ཐོབ་ཡོད། མིག་སྔར་རིམས་ནད་ད་དུང་མཇུག་སྒྲིལ་མེད་པས་འཕེལ་རྒྱས་ཀྱི་ལས་འགན་ཧ་ཅང་ལྕི་མོད། ང་ཚོས་རིམས་ནད་ཀྱིས་བཟོས་པའི་གྱོང་གུན་ཚད་དམའ་ཤོས་སུ་གཏོང་ཅི་ཐུབ་བྱས་ཏེ། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་འབེན་དང་ལས་འགན་ལེགས་འགྲུབ་ལ་ཧུར་བརྩོན་བྱ་དགོས་ཞེས་གསུངས། 

         ལི་ཁེ་ཆང་གིས2019ལོ་དང་ད་ལོའི་ཚུན་གྱི་བྱ་བར་ཕྱིར་དྲན་མཛད་དེ། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་འཇགས་ཡིན་པ་དང་། དཔལ་འབྱོར་གྱི་སྒྲིག་གཞི་དང་ས་ཁོངས་བཀོད་སྒྲིག་བྱེད་ཚུལ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ། སྒུལ་ནུས་གསར་པའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ། བསྒྱུར་བཅོས་སྒོ་འབྱེད་ཐད་གོམ་སྟབས་གལ་ཆེན་སྤོ་བ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་འགག་རྩའི་འཕེལ་རྒྱས་བྱུང་ཏེ། དམངས་འཚོ་སྔར་ལས་ལེགས་བཅོས་བྱུང་ཡོད་པར་གསུངས་པ་མ་ཟད། པྲོག་གསར་གློ་ཚད་རིམས་ནད་བྱུང་རྗེས། ཏང་ཀྲུང་དབྱང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་བཀོད་འདོམས་དང་བཀོད་སྒྲིག་གནང་སྟེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་པས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་སྐབས། ང་ཚོས་ཡིད་ཆེས་བརྟན་པོ་དང་། འཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་ཁེལ་ཇུས་འདོན་བཅས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་ནས་ལས་དོན་ཁག་དམ་འཛིན་དང་ནན་གྱིས་ཞིབ་ཚགས་བྱེད་དགོས་ཞེས་གསུངས། 

         ལི་ཁེ་ཆང་གིས་བསྟན་དོན། གྲུབ་འབྲས་ལ་ཁས་ལེན་གནང་བའི་དུས་མཚུངས་སུ་མདུན་དུ་ལྷགས་པའི་དཀའ་ངལ་དང་གནད་དོན་ཡང་གསལ་པོར་མཐོང་དགོས། ང་ཚོས་ངེས་པར་དུ་འབད་བརྩོན་ཆེན་པོས་བྱ་བ་ལེགས་བཅོས་དང་། དོན་དངོས་ཀྱིས་འགན་འཁྲི་སྒྲུབ་པ། ནུས་ཤུགས་གང་ཡོད་འདོན་པ། མི་དམངས་ཀྱི་རེ་སྒུག་སྟོང་ཟད་དུ་མི་གཏོང་བ་བཅས་བྱེད་དགོས་ཞེས་གསུངས། 

         ལི་ཁེ་ཆང་གིས་བསྟན་དོན། མིག་སྔར་དང་མ་འོངས་པའི་དུས་སྐབས་ནང་། རང་རྒྱལ་གྱི་འཕེལ་རྒྱས་ལ་ཉེན་ཁའི་འགྲན་རྩོད་སྔར་བྱུང་མ་མྱོང་བ་ཞིག་དང་འཕྲད་ཡོད་མོད། འོན་ཀྱང་ང་ཚོར་ཐུན་མོང་མ་ཡིན་པའི་ཆབ་སྲིད་དང་ལམ་ལུགས་ཀྱི་ལེགས་ཆ་དང་། དཔལ་འབྱོར་གྱི་རྨང་གཞི་བརྟན་པོ། ཚོང་རའི་སྦས་ཤུགས་ཆེན་པོ། ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་མི་དམངས་དུང་ཕྱུར་མང་པོ་ཡོད་པས། འགྲན་རྩོད་ལ་གདོང་གཏོད་ཕོད་པ་དང་། འཕེལ་རྒྱས་ལ་ཡིད་ཆེས་བརྟན་པ། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། རང་རྒྱལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་སྲུང་སྐྱོང་དང་བེད་སྤྱོད་བཟང་པོ་བྱས་ན། མིག་སྔའི་དཀའ་གནད་ལས་སྒྲོལ་ཐུབ་ངེས་ཡིན་ལ། ཀྲུང་གོའི་འཕེལ་རྒྱས་ལ་ངེས་པར་དུ་རེ་བས་ཁེངས་ངེས་ཡིན་ཞེས་གསུངས། 

         ལི་ཁེ་ཆང་གིས་གསུངས་དོན། ཕྱོགས་བསྡུས་ཀྱིས་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱེད་པ་དང་། ང་ཚོས་རིམས་ནད་ཀྱི་སྔོན་དུ་སྔོན་དཔག་དམིགས་ཚད་ལེགས་སྒྲིག་འོས་འཚམ་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་ཀྱི་ཞིབ་ཕྲའི་དམིགས་འབེན་འཆར་གཞི་བཏོན་མེད། སྔོན་ལ་ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་ལེན་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་བླངས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པར་ཧུར་ཐག་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི900ཡན་ལ་འཕར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་བརྟག་དཔྱད་ཚད་གཞི6%ཡས་མས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་བཀོད་ཚད་གཞི5.5%ཡས་མས།  སྡོད་དམངས་འཛད་སྤྱོད་རིན་གོང་3.5%ཡས་མས་བཅས་སུ་འཕར་བ། ཕྱིར་གཏོང་ནང་འདྲེན་གྱི་སྤུས་ཚད་བརྟན་འཇགས་ངང་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ། གྲོང་མིའི་ཡོང་འབབ་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་གཅིག་མཚུངས་ཡིན་དགོས། ད་ལྟ་ལག་ལེན་དུ་བསྟར་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་ཐར་དང་རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་ཕུད་པ། དངུལ་རྩའི་ཉེན་ཁ་ཚབས་ཆེན་ལ་ནུས་པ་ལྡན་པའི་སྔོན་འགོག་ཚོད་འཛིན་བྱེད་པ། རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་དང་སྦགས་བཙོག་རིགས་དངོས་གཙོ་བོ་ཕྱིར་འབུད་ཚད་མུ་མཐུད་མར་ཆག་དགོས་པ་དང་། ལོ་ལྔ་ཚན་བཅུ་གསུམ་པའིའཆར་འགོད་ཀྱི་དམིགས་འབེན་དང་ལས་འགན་ལེགས་འགྲུབ་འབྱུང་བར་ཧུར་ཐག་བྱེད་དགོས་ཞེས་གསུངས། 

         ལི་ཁེ་ཆང་གིསའགན་ལེན་དྲུགནི་ད་ལོའིབརྟན་བརླིང་དྲུགགི་ལས་དོན་གྱི་ཤུགས་སྣོན་ས་ཡིན། འགན་ལེན་དྲུགགི་མ་མཐའི་ཚད་སྲུང་ཐུབ་པ་ཡིན་ན་དཔལ་འབྱོར་གྱི་གཞི་རྩའི་སྒྲིག་གཞི་བརྟན་པོ་ཡོང་ཐུབ་པ་དང་། བརྟན་བརླིང་ལ་སྐུལ་འདེད་དང་བརྟན་འཇགས་ཡར་རྒྱས་ཐུབ་ན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པར་རྨང་གཞི་བརྟན་པོ་འདིང་ཐུབ། ད་ལོའི་ཟླ་ལྔ་ཙམ་ཕལ་ཆེར་འདས་ཟིན་པས། དུས་མཚམས་རྗེས་མར་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ལྷོད་གཡེང་སྤུ་ཙམ་ཡང་མི་བྱེད་པར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་བཟང་པོ་བསྒྲུབ་རྒྱུར་དམ་འཛིན་བྱ་དགོས། གསར་དུ་བཏོན་པའི་སྲིད་ཇུས་ཀྱི་ཤུགས་ཚད་རྒྱུན་འཁྱོངས་བྱ་དགོས་ལ་རྒྱུན་མཐུད་ཐུབ་པའི་རང་བཞིན་ལའང་བསམ་གཞིགས་བྱ་དགོས། དུས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ན་ད་དུང་འཐུས་སྒོ་ཇེ་ཚང་དུ་གཏོང་ཐུབ་པས་ང་ཚོར་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་འགྲུབ་ཐུབ་པའི་ཆོད་སེམས་དང་ནུས་པ་ཡོད། 

         ལི་ཁེ་ཆང་གིས་ད་དུང་སྲིད་གཞུང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། མི་རིགས་དང་ཆོས་ལུགས། ཕྱིར་སྡོད་རང་མི་བཅས་ཀྱི་ལས་དོན་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་། ཞང་ཀང་དང་ཨའོ་མོན་འཕེལ་རྒྱས་དང་འགྲམ་གཉིས་བར་གྱི་འབྲེལ་བ་དང་། དེ་མིན་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་བཅས་སྐོར་གྱི་གནས་ཚུལ་རྒྱས་བཤད་གནང་བ་རེད། ། 

         གྲོས་ཚོགས་ཀྱི་གྲོས་རིམ་ལྟར། ཚོགས་ཆེན་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་། 2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ་དང་། 2020ལོའི་འཆར་གཞིའི་འཆར་ཟིན། 2019ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་ལག་བསྟར་གནས་ཚུལ་དང་། 2020ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་འཆར་ཟིན་སྙན་ཞུ་དང་། 2020ལོའི་རྒྱལ་ཡོངས་སྔོན་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས།

         རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱིས་དམངས་དོན་ཁྲིམས་གཞུང་གི་འཆར་ཟིན་དང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པའི་ཆོད་དོན་འཆར་ཟིན་སྐོར་ནས་གསལ་བཤད་གནང་།

         རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར།  ཝང་ཁྲིན་གྱིས་ཤང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ནང་སྲོལ་འཛུགས་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གཏན་འབེབས་འཆར་ཟིན་ལ་གསལ་འགྲེལ་གནང་། 

         རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་སྲིད་གྲོས་ཨུ་ཡོན་རྣམས་ཚོགས་ཆེན་ལ་ཟུར་ཞུགས་བྱས།

         ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ལས་ཁུངས་དང་། བཅིངས་འགྲོལ་དམག་གི་འབྲེལ་ཡོད་ལས་ཁུངས། མི་དམངས་ཚོགས་པ་སོ་སོའི་འབྲེལ་ཡོད་འགན་ཁུར་བ་བཅས་ཚོགས་ཆེན་ལ་ཟུར་ཞུགས་བྱས་ཏེ་ཟུར་ཉན་བྱས་པ་རེད།

         ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པས་ཚོགས་ཆེན་ལ་ཟུར་ཉན་བྱས་པ་རེད།

རྩོམ་སྒྲིག་པ། སངས་སྐྱབས།