འདི་ནི་ཟླ་7ཚེས་5ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་སྐྲུན་བཞིན་པའི་ལྷ་ས་ནས་གཞིས་རྩེ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གྲྭའི་རྣམ་གྲངས་ཀྱི་ལས་ཡུལ་དུ་ཕེབས་ནས་རང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེས་ལྷ་ས་ནས་གཞིས་རྩེ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གྲྭའི་རྣམ་གྲངས་ནང་ཞུགས་མཁན་མང་ཚོགས་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།
ཚེས་5ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་སྐྲུན་བཞིན་པའི་ལྷ་ས་ནས་གཞིས་རྩེ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གྲྭའི་རྣམ་གྲངས་ཀྱི་ལས་ཡུལ་དུ་ཕེབས་ནས་རང་ལྗོངས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་བརྟག་ཞིབ་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་རྒྱ་ཆེའི་འཛུགས་སྐྲུན་པ་ཚོར་འཚམས་འདྲི་ཡང་ཞུས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།
ལྷ་ས་ནས་གཞིས་རྩེ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་གྲྭའི་རྣམ་གྲངས་ནི་རང་ལྗོངས་ཀྱི་ཉིང་ཁྲི་དང་། ལྷོ་ཁ། ནག་ཆུ་བཅས་རྗེས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་དང་གྲོང་ཁྱེར་དང་ས་ཁུལ་4འབྲེལ་མཐུད་བྱེད་པའི་རིམ་མཐོའི་གཞུང་ལམ་གྱི་རྣམ་གྲངས་ཤིག་རེད། སྙེ་མོ་རྫོང་ཐོན་པ་གྲོང་རྡལ་གྱི་སྟབས་བདེའི་ཟམ་པ་ཨང་5པའི་ལས་ཡུལ་དང་མཁར་རུ་ཤང་མཁར་རུ་ཡར་ཀླུང་གཙང་པོའི་ཟམ་ཆེན་གྱི་ལས་ཡུལ་དུ། འཕྲུལ་ཆས་ཆེ་གྲས་དང་བཟོ་པ་ཚོས་ཚ་ཚ་འུར་འུར་ངང་ལས་ཀ་བྱེད་བཞིན་འདུག ཝུའུ་དབྱིང་ཅེས་དེ་གར་ཕེབས་ནས་ལས་གྲྭའི་འཆར་འགོད་གནས་ཚུལ་གྱི་སྙན་སེང་གསན་པ་དང་། ས་ཆ་དངོས་སུ་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་འཐབ་ས་དང་པོའི་འཛུགས་སྐྲུན་པ་ཚོར་འཚམས་འདྲི་ཡང་གནང་བ་རེད། ལས་གྲྭའི་འགན་འཁུར་བས་ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་ཟམ་ཕུག་གིས་བཟུང་བའི་བསྡུར་ཚད་71%ཟིན་པ་དང་། ཨར་སྐྲུན་གྱི་དཀའ་གནད་ཆེ་ཙམ་ཡོད། ད་ཆ་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་ལས་གྲྭའི་སྤུས་ཚད་འགན་ལེན་དང་དུས་བཀག་ལྟར་རླངས་འཁོར་ཤར་གཏོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།
“རྣམ་གྲངས་ནང་ས་གནས་དེ་གའི་ལས་མི་ག་ཚོད་ཡོད་དམ” ཞེས་ཝུའུ་དབྱིང་ཅེས་བཀའ་འདྲི་གནང་།
“རྣམ་གྲངས་ལ་ཁྱོན་ལས་མི་8000ལྷག་ཙམ་ཡོད་པའི་ནང་ས་གནས་དེ་གའི་མང་ཚོགས་6000ལྷག་ཙམ་ཡོད། ད་བར་རིམ་རྩིས་བྱས་ན་ས་གནས་དེ་གའི་ལས་མིར་གླ་ཆ་སྒོར་དུང་ཕྱུར་2ཙམ་སྤྲད་ཡོད”ཅེས་རྣམ་གྲངས་ཀྱི་འགན་འཁུར་བས་ལན་བཏབ་པ་རེད།
ཉེ་འགྲམ་དུ་ས་གནས་དེ་གའི་ལས་མི་མི་ཉུང་བ་ཞིག་ཡོད་པ་གཟིགས་སྐབས་ཝུའུ་དབྱིང་ཅེ་ཁོང་ཚོའི་འགྲམ་དུ་ཕེབས་ནས་ཁོང་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་རེད།
“ཕ་ཡུལ་ག་ནས་ཡིན་ནམ། ལས་ཡུལ་དུ་ལས་ཀ་གང་བྱེད་ཀྱི་ཡོད་དམ། ཉིན་རེར་གླ་ཆ་ག་ཚོད་སྤྲོད་ཀྱི་འདུག་གམ”ཞེས་བཀའ་འདྲི་གནང་།
“ང་ཚོ་ལ་ལ་ནི་རྒྱལ་རྩེ་ནས་ཡིན་པ་དང་ལ་ལ་ནི་པ་སྣམ་ནས་ཡིན། ཁག་གཅིག་གིས་ལག་གཡོག་བྱེད་པ་དང་ཁག་གཅིག་གིས་ལག་རྩལ་པའི་ལས་ཀ་བྱེད་ཀྱི་ཡོད། ཉིན་གཅིག་ལ་གླ་ཆ་སྒོར་200ལྷག་ཙམ་སྤྲོད་ཀྱི་འདུག”ཅེས་ལས་མི་ཟླ་བ་ཚེ་རིང་དང་བུ་ཆུང་ཚེ་རིང་གིས་འཚང་ཁ་ཤིག་ཤིག་ངང་བཤད།
ཝུའུ་དབྱིང་ཅེས་གསན་རྗེས་ཐུགས་མགུ་པོ་བྱུང་ཞིང་། ཁོང་གིས་འགྲིམ་འགྲུལ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲོག་རྩ་དང་དམངས་འཚོ་ལེགས་གཏོང་གི་འགན་སྲུང་ཡིན་པས། ང་ཚོས་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་བསྐྲུན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་ནན་པོ་བྱས་ཏེ་དམངས་འཚོ་ལེགས་གཏོང་ལ་དམིགས་ནས་འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་མགྱོགས་མྱུར་བསྐྲུན་དགོས། ལྷ་གཞིས་མྱུར་བགྲོད་གཞུང་ལམ་གྱི་ལས་གྲྭའི་ལག་རྩལ་གྱི་བླང་བྱ་མཐོ་བ་དང་ཨར་ལས་དཀའ་ཚེགས་ཆེ་བས། ཚང་མས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་བཏང་སྟེ། ལས་གྲྭའི་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་རྨང་གཞིའི་ཐོག་ཚན་རིག་དང་མཐུན་པའི་སྒོ་ནས་ཨར་ལས་སྒྲིག་འཛུགས་བྱེད་པ་དང་ལས་དུས་འཕར་མ་བྱས་ནས་ལས་གྲྭ་མགྱོགས་མྱུར་བསྐྲུན་ཏེ། དུས་བཀག་ལྟར་རླངས་འཁོར་ཤར་གཏོང་ཐུབ་པའི་འགན་ལེན་བྱེད་པ་དང་། གཞུང་ཁོངས་ཁེ་ལས་ཀྱིས་རང་རྟོགས་ངང་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབ་ཏེ། བོད་སྐྱོར་གྱི་ལེགས་ཆ་དང་རྣམ་གྲངས་ཀྱི་ཁྱབ་འགྱེད་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཆེད་ལས་ཞུགས་ལས་གནས་དེ་བས་མང་བ་མཁོ་འདོན་བྱེད་པ་དང་། ས་གནས་མང་ཚོགས་དང་འཕྲུལ་ཆས་རྣམ་གྲངས་འཛུགས་སྐྲུན་ནང་བསྡུ་བ་དང་སྤྱད་ནས་ས་གནས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུའི་ཐུགས་རེ་གནང་བ་རེད། འབྲེལ་ཡོད་སྡེ་ཚན་ཁག་གིས་མ་དངུལ་དེ་བས་མང་བ་གཞི་རིམ་དང་ཞིང་འབྲོག་ཁུལ་ལ་བཏང་སྟེ། མཐའ་མཚམས་ཀྱི་གཞུང་ལམ་སྐྲུན་ཤུགས་ཆེ་རུ་དང་གཞི་རིམ་གྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་བཏང་ནས། འགྲིམ་འགྲུལ་བྱ་གཞག་གི་སྤུས་ཚད་ཀྱི་འཕོ་འགྱུར་དང་། ལས་ཆོད་ཀྱི་འཕོ་འགྱུར། སྒུལ་ཤུགས་ཀྱི་འཕོ་འགྱུར་བཅས་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་འཕྲལ་མཁོ་ཆེ་བའི་ཤེས་ལྡན་མི་སྣ་གདན་ཞུ་བྱེད་པ་དང་ཆབས་ཅིག སློབ་གྲྭ་དང་ཁེ་ལས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ་ཡོད་སློབ་གླིང་དང་སློབ་ཆེན་གྱི་འགྲིམ་འགྲུལ་སོགས་ཧ་ཅང་དཀོན་པའི་ཆེད་ལས་ཡག་པོ་གཉེར་ནས་ས་གནས་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས། ངལ་ནུས་ཕྱིར་གཏོང་རྩ་འཛུགས་ཅན་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་དེ་བས་མང་བ་ལས་ཞུགས་བརྒྱུད་ཐོན་ལས་འཕེལ་རྒྱས་ནང་ཞུགས་ཐུབ་པ་བྱས་ཏེ་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ལ་ཤུགས་སྣོན་བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་རྦད་དེ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
འོད་ཟེར་ཆོས་སྒྲོན་དང་ཟླ་བ་ལྷ་མོ་ནི་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གི་མཐོ་སློབ་སློབ་ཐོན་སློབ་མ་ཡིན་པ་དང་ད་ཆ་ཁེ་ལས་ཀྱི་ལས་བཟོ་ངོ་མར་གྱུར་པ་མ་ཟད། ཟླ་རེའི་གླ་ཆ་མཐོ་པོ་ལེན་རྒྱུ་ཡོད། ཝུའུ་དབྱིང་ཅེས་སེམས་བཟང་ཚིག་ནན་ངང་ཁོང་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་ཚོར་བ་བྱས་ཏེ། ལག་རྩལ་སློབ་སྦྱོང་ནན་ཏན་བྱས་ནས་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་དགོས་པ་མ་ཟད། རང་རྟོགས་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ་དང་མི་རིགས་ཁག་གི་གཅེན་གཅུང་མིང་སྲིང་དང་མཉམ་དུ་ཡར་རྒྱས་དང་མཉམ་དུ་འཚར་ལོངས་ཡོང་བ་བྱེད་པ། ནང་མིར་ཆོས་ལུགས་ཐད་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུར་སྣེ་ཁྲིད་བྱེད་པ་བཅས་བྱས་ཏེ། ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་ཞེས་གསུངས་པ་རེད། ཝུའུ་དབྱིང་ཅེས་ཁེ་ལས་ཀྱིས་ལས་མིའི་སློབ་གསོ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ཚང་མས་སྐྱོན་བྲལ་དང་ཤེས་དཔལ་ལྡན་པའི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།