དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སྐར་ལྔའི་དར་དམར་ལག་ཏུ་བླངས་པའི་ཉིན་དེ་ནས་བཟུང་ལོ་བཅུ་དྲུག་དཀའ་བ་སྤྱད་རིན་ཆོག་སོང་།

སྤེལ་དུས 2020-07-07 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་རྒྱལ་ལ་ཕུག་གྲོང་ཚོའི་མཉམ་སྲུང་རུ་ཁག་གི་ཁོངས་མིས་མཐའ་མཚམས་ཀྱི་འཐབ་ས་དང་པོར་སྐོར་གཡེང་བྱེད་པའི་གནས་ཚུལ་ཡིན་པ།
          2004ལོར་ལ་རྒྱབ་ཤང་གི་ལོ་13ལ་སླེབས་པའི་བུ་མིག་དམར་བསམ་གྲུབ་སློབ་ཆུང་ཐོན་པ་རེད། སྐབས་དེ་དུས་མིག་དམར་བསམ་གྲུབ་ཀྱི་རེ་འདུན་ཆེ་ཤོས་ནི་ལ་རྒྱབ་ཤང་ནས་ཐོན་ཏེ་ཕྱི་རོལ་གྱི་འཇིག་རྟེན་ལ་ལྟ་བར་འགྲོ་རྒྱུ་དེ་རེད།
          ལོ་16སོང་རྗེས། ལོ་29ལ་སླེབས་པའི་མིག་དམར་བསམ་གྲུབ་ལ་རྒྱབ་ཤང་རྒྱལ་ལ་ཕུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་གྱུར།
          སྤྱི་ཟླ་4པའི་ཉིན་ཞིག བསྐྲུན་ནས་ཡུན་རིང་མ་སོང་བའི་རྒྱལ་ལ་ཕུག་གི་ཏང་དང་མང་ཚོགས་ཞབས་ཞུ་ལྟེ་གནས་ཀྱི་ཐོག་བརྩེགས་ཁང་ཆེན་མདུན་དུ་ང་ཚོར་མཐའ་མཚམས་ལ་སྐོར་གཡེང་བྱེད་པར་སོང་ནས་ཚུར་ལོག་ཡོང་བའི་མིག་དམར་བསམ་གྲུབ་དང་ཁོང་གི་ཕ་མི་འགྱུར་བཀྲ་ཤིས་འཕྲད་བྱུང་། ལོ་62ལ་སླེབས་པའི་མི་འགྱུར་བཀྲ་ཤིས་ཤ་རིད་ལ་ལུས་སྟོབས་ཞན་ཞིང་། ཁོང་ལ་གྲུམ་ནད་ཚབས་ཆེན་ཕོག་ནས་རྐང་ལག་གི་མཛུབ་ཚིགས་ཚང་མ་སྐྲངས་ནས་འཁྱོགས་ཡོད། མིག་དམར་བསམ་གྲུབ་ཀྱི་ལུས་སྟོབས་རྒྱས་ཤིང་གཞོན་ཤ་དོད་པ་ཞིག་ཡོད། རྐང་པར་གྱོན་པའི་ལྷམ་དེ་འདམ་པས་ཁེངས་ནས་ཚོན་མདོག་གང་ཡིན་མཐོང་རྒྱུ་མི་འདུག
          1995ལོར་ལ་རྒྱབ་པའི་མི་རབས་ནས་མི་རབས་བར་གྱི་འབྲོག་ར་ཡག་པོ་སྲུང་ཆེད། ཤང་ཀྲང་ཀུན་བཟང་བསྟན་འཛིན་གྱི་སྐུལ་སློང་འོག་མི་འགྱུར་བཀྲ་ཤིས་དང་གྲོང་མི་གཞན་དག་3གྱིས་ས་བབ་མཐོ་ཚད་སྨི་4500ཟིན་པའི་བྱ་མོ་གོང་ལ་དང་ས་བབ་མཐོ་ཚད་སྨི་4800ཟིན་པའི་གནམ་གུང་ལ་བརྒྱབ་ནས་རྒྱལ་ལ་ཕུག་ཉེ་འགྲམ་གྱི་རྨ་བྱ་ཐང་དུ་སྤོས་ཏེ་དེ་གར་ཡུན་རིང་པོ་ཕྱུགས་འཚོ་མཐའ་སྲུང་གི་འཚོ་བ་སྐྱེལ་འགོ་ཚུགས།
          རྨ་བྱ་ཐང་དུ་ལོ་ཧྲིལ་པོར་བཞའ་ཚན་ཆེ་བ་དང་མཐོ་ཞིང་གྲང་ལ་གསོ་རླུང་མི་འདང་བ་དང་གངས་ཆེན་པོ་བབས་དུས་ཕྱི་ཕྱོགས་དང་འབྲེལ་བ་ཆད་ཀྱི་ཡོད། དེ་གར་ཕྱུགས་འཚོ་མཐའ་སྲུང་བྱེད་པར་མཁོ་བའི་འབྲུ་རིགས་དང་འཚོ་བའི་མཁོ་ཆས་ཚང་མ་མི་དང་ཕྱུགས་ལ་བརྟེན་ནས་དབོར་དགོས་ཀྱི་ཡོད།
          ཁོང་ཚོས་སྔ་ས་ནས་བསམ་བློའི་གྲ་སྒྲིག་བྱས་ཀྱང་རྨ་བྱ་ཐང་ལ་སླེབས་རྗེས་མི་འགྱུར་བཀྲ་ཤིས་དང་རོགས་ཟླ་ཁ་ཤས་སྔར་བཞིན་དེ་གར་སེམས་རྣལ་དུ་ཕབ་མི་ཐུབ། ཁོང་ཚོའི་མིག་ལམ་དུ་མཐོང་བ་ཚང་མ་སྐམ་ཐེར་རི་བོ་ལས་མེད། དེ་གར་ཁང་ཆུང་གཉིས་ཡོད་པ་དེ་ཆར་རླུང་གིས་ཟད་ནས་གོག་རོར་གྱུར་ཡོད། “ཁང་ཆུང་དེའི་ནང་ང་ཚོ་མི་4བཙིར་ནས་ཉལ་དགོས་པ་དང་ལྟོ་ཆས་བཟོ་སྐབས་ཐབ་ཆས་མེད་པས་ཐབ་རྡོ་བཙུགས་པ། ཆུ་མེད་དུས་ཉེ་འགྲམ་གྱི་རི་ནས་གངས་ཆུ་ལེན་པ་སོགས་སྐབས་དེར་འཚོ་བ་དཀའ་ཚེགས་ཆེན་པོ་ཡོད། ལྷག་པར་དུ་ལ་རྒྱབ་ཤང་ནས་རྒྱལ་ལ་ཕུག་ཏུ་འཁུར་བའི་འབྲུ་རིགས་དང་གཟན་རྩྭ་ཚང་མ་ཧ་ཅང་གྲོན་ཆུང་བྱེད་དགོས་ཀྱི་ཡོད”ཅེས་མི་འགྱུར་བཀྲ་ཤིས་ཀྱིས་རྨ་བྱ་ཐང་དུ་འཚོ་བ་སྐྱེལ་བའི་སྐོར་ཕྱིར་དྲན་བྱས་ནས་བརྗོད།
          2004ལོར་སློབ་ཆུང་ཐོན་པའི་མིག་དམར་བསམ་གྲུབ་ཀྱིས་རྒྱབ་ཏུ་ཁུག་མ་ཁུར་ནས་འབྲི་གཡག་འདེད་དེ་ཕ་མི་འགྱུར་བཀྲ་ཤིས་ཀྱི་ཤུལ་འདེད་ནས་ལ་རྒྱབ་ཤང་ནས་རྨ་བྱ་ཐང་དུ་སླེབས།
          “སྐབས་དེ་དུས་རྒྱལ་ལ་ཕུག་ཏུ་རི་གཤམ་གྱི་ལྕང་གསེབ་ཁྲོད་རྩྭ་བཟའ་བཞིན་པའི་འབྲི་གཡག་ཁ་ཤས་ཕུད་མི་མེད་ལུང་སྟོང་ཞིག་རེད། དེར་བརྟེན་ཉིན་ལྟར་ཕྱུགས་འཚོ་བའི་ལམ་བར་དུ་ང་དང་ཨ་ཕ་དང་འབྲི་གཡག་གི་རྐང་རྗེས་ལས་མཐོང་རྒྱུ་མེད”ཅེས་བགྲང་བྱ་16སོང་བའི་མིག་དམར་བསམ་གྲུབ་ཀྱིས་རྒྱལ་ལ་ཕུག་ཏུ་ཐེངས་དང་པོ་ཕྱུགས་འཚོ་བའི་གནས་ཚུལ་གསལ་པོར་ངེས་ཡོད།
          མེས་པོའི་འབྲོག་ར་སྲུང་སྐྱོང་བྱ་ཆེད། མི་འགྱུར་བཀྲ་ཤིས་དང་གྲོང་མི་3གྱིས་ལོ་གཅིག་དུས་བཞི་ཚང་མ་རྨ་བྱ་ཐང་དུ་འཚོ་སྡོད་བྱས་ཡོད། ཕྱུགས་འཚོ་མཐའ་སྲུང་བྱས་པའི་ལོ་25ཡི་ནང་2015ལོར་ཁོང་གཞི་ནས་ལ་རྒྱབ་ཤང་དུ་ལོག་ནས་ནང་མི་དང་མཉམ་དུ་བོད་ཀྱི་ལོ་གསར་གཏོང་རྒྱུ་བྱུང་བ་རེད།
          རྨ་བྱ་ཐང་དུ་ཐོག་མར་སླེབས་སྐབས་དངོས་ཡོད་འཚོ་བའི་ནང་གི་དཀའ་ངལ་དང་རི་གྲོང་གི་ཧ་ཅང་ཡུལ་པོ་ཡོད་པའི་འཚོ་བ་ལས་བྱིས་པའི་དུས་ཀྱི་མིག་དམར་བསམ་གྲུབ་ལ་སྐྱོ་སྣང་ཆེན་པོ་ཡོང་གི་ཡོད། རྨ་བྱ་ཐང་ནས་ཁ་འབྲལ་ཆེད། ཁོང་དང་ཨ་ཕ་དབར་ཁ་རྩོད་མང་པོ་ཤོར་མྱོང་ཡོད་ལ། རང་ཉིད་གཅིག་པུར་ཉལ་ཆས་ནང་ཐེངས་མང་ངུ་མྱོང་ཡོད། སྐབས་དེར་མིག་དམར་བསམ་གྲུབ་ལ་འདུན་པ་ཆེ་ཤོས་གཅིག་ལས་མེད་པ་དེ་ནི་རྨ་བྱ་ཐང་དང་ལ་རྒྱབ་ཤང་ནས་ཁ་འབྲལ་རྒྱུ་དེ་རེད།
          མི་འགྱུར་བཀྲ་ཤིས་ཀྱིས་བུའི་བསམ་ཚུལ་རྟོགས་ནས་གང་ལྟར་ཁོམ་པ་བྱུང་ཚེ་ཁོང་གིས་བུ་དང་མཉམ་དུ་ཕྱུགས་འཚོ་བར་འགྲོ་ཡི་ཡོད། ཨ་སྔོན་སྤྲིན་དཀར་དང་ཁ་བ་བུ་ཡུག་ཁྲོད་མི་འགྱུར་བཀྲ་ཤིས་ཀྱིས་ཁོང་ལ་ཤང་ཀྲང་ཀུན་བཟང་བསྟན་འཛིན་གྱི་བཀའ་མངགས་ཡང་ནས་ཡང་དུ་བརྗོད་པ་དང་ཕྱུགས་འཚོ་མཐའ་སྲུང་བྱེད་དགོས་པའི་གནས་ལུགས་དང་མི་གཞན་གྱིས་མི་རྟོགས་པའི་རྨ་བྱ་ཐང་གི་དགོད་བྲོའི་གནས་ཚུལ་བརྗོད་ཀྱི་ཡོད། ཡུན་ནས་ཡུན་དུ་སོང་རྗེས་རྒྱལ་ལ་ཕུག་ནི་ལ་རྒྱབ་བ་མི་རབས་ནས་མི་རབས་བར་ཕྱུགས་འཚོ་ས་དང་། དེ་ནི་ཀྲུང་གོའི་ས་ཆ་དང་། ང་ཚོའི་འབྲོག་ར། ང་ཚོའི་ཁྱིམ་གཞིས། ང་ཚོ་འཚར་ལོངས་བྱུང་ས་བཅས་ཡིན་པས་ངེས་པར་དུ་ཡག་པོ་སྲུང་དགོས་པའི་འདུ་ཤེས་ཤིག་མིག་དམར་བསམ་གྲུབ་ཀྱི་སེམས་ནང་ཟུག་ཡོད།
          “ཨ་ཕ། རི་གཤམ་གྱི་སྟག་མའི་མེ་ཏོག་བཞད་འདུག ཉིན་ཁ་ཤས་ནས་རི་རུ་མྱང་རྩི་སྤྲས་དང་བེ་ཤ་འཚོལ་བར་འགྲོ་ཆོག”
          “ཨ་ཕ། དེ་རིང་རི་རུ་རྩེད་མོ་རྩེ་སྐབས་དེ་གོང་རི་སྐོར་འགྲོ་དུས་བཞག་པའི་རྟགས་མཐོང་བྱུང”……
          དུས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱེད་པ་དང་བསྟུན་ནས་ཉིན་རེ་བཞིན་ལུས་སྟོབས་རྒྱས་པའི་མིག་དམར་བསམ་གྲུབ་ཀྱིས་ཨ་ཕ་དང་གྲོང་མི་ཚོའི་རྗེས་སུ་རི་སྐོར་རྒྱག་པའི་དུས་ཚོད་ཇེ་རིང་དུ་སོང་བ་དང་བསྐྱོད་པའི་ས་ཆ་ཡང་ཇེ་མང་དུ་སོང་ཡོད།
          2020ལོ་ནི་མི་འགྱུར་བཀྲ་ཤིས་ཀྱིས་རྒྱལ་ལ་ཕུག་ཏུ་ཕྱུགས་འཚོ་མཐའ་སྲུང་བྱས་པའི་ལོ་25དེ་རེད། ལོ་དེར་མིག་དམར་བསམ་གྲུབ་ཨ་ཕའི་རྗེས་སུ་འབྲངས་ནས་རྒྱལ་ལ་ཕུག་ཏུ་རྩ་བ་ཚུགས་པའི་ལོ་16དེའང་རེད། དེ་སྔ་ཕྲུ་གུ་ཆུང་ཆུང་དེ་ད་ཆ་རྒྱལ་ལ་ཕུག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་འཚར་ལོངས་བྱུང་ཡོད། མི་འགྱུར་བཀྲ་ཤིས་ཕ་བུ་སོགས་ཀྱི་ཤུགས་རྐྱེན་འོག་རྒྱལ་ལ་ཕུག་གྲོང་ཚོར་ཡོང་མཁན་ལ་རྒྱབ་ཤང་གི་མང་ཚོགས་ཇེ་མང་དུ་སོང་ནས་ད་ཆ་ལོ་ཧྲིལ་པོར་ཕྱུགས་འཚོ་མཐའ་སྲུང་བྱེད་མཁན་མང་ཚོགས་དུད་ཚང་10ཡི་མི་23ཟིན་གྱི་ཡོད།
          ཟླ་4ཚེས་14ཉིན། ཁ་བས་བཀླུབས་པའི་རྒྱལ་ལ་ཕུག་ཏུ་ཉི་འོད་རབ་ཏུ་འཕྲོ་ཞིང་། ནགས་གསེབ་ནས་བྱ་བྱིའུ་ཡི་སྐད་སྙན་ཡང་ཡང་གྲགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ལ་ཕུག་གི་ལས་བྱེད་པ་དང་མང་ཚོགས་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་དྲན་སེམས་ཟབ་མོ་བསྣམས་ནས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་གི་ཏང་ཨུད་ཧྲུའུ་ཅི་དང་པོ་ཝུའུ་དབྱིང་ཅེ་དང་བཅས་པ་རླངས་འཁོར་ལ་བཞུགས་ཏེ་ལམ་བར་གྱི་ངལ་དུབ་ལ་མ་འཛེམས་པར་བྱ་མོ་གོང་ལ་དང་གནམ་གུང་ལ་བསྟུད་མར་བརྒྱབ་ནས་རྒྱལ་ལ་ཕུག་གྲོང་ཚོར་ཕེབས། ཝུའུ་དབྱིང་ཅེས་གྲོང་མི་ཚོ་དང་མཉམ་དུ་ཞུགས་ནས་གླེང་མོལ་གནང་བ་དང་འབྲེལ། སྐར་ལྔའི་དར་དམར་ཞིག་རྒྱལ་ལ་ཕུག་གྲོང་ཚོའི་མང་ཚོགས་ཀྱི་འཐུས་མི་མིག་དམར་བཀྲ་ཤིས་ཕ་བུ་གཉིས་ཀྱི་ལག་ཏུ་སྤྲད་གནང་ནས། ཁོང་ཚོར་མཐའ་མཚམས་ས་ཁུལ་གྱི་རྩྭ་དང་རྩི་ཤིང་ཚང་མར་སྲུང་སྐྱོང་ཡག་པོ་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།
          “ཧྲུའུ་ཅིས་ང་ཚོར་མཐེ་བོང་བསྒྲེངས་ནས་ཡག་པོ་འདུག་ཅེས་གསུངས་པ་མ་ཟད། ད་དུང་སྐར་ལྔའི་དར་དམར་ངའི་ལག་ཏུ་སྤྲད་གནང་བྱུང་། དེ་ལས་རང་ཉིད་ཀྱིས་ལོ་འདི་དག་ནང་མཐའ་མཚམས་བརྟན་སྲུང་བྱེད་པའི་དོན་སྙིང་དང་རིན་ཐང་རྙེད་བྱུང་། ལོ་16བརྟན་སྲུང་བྱས་ནས་འབྲས་བུ་ཐོབ་སོང་། ངས་ངེས་པར་དུ་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས་རྒྱལ་ལ་ཕུག་གྲོང་ཚོའི་གྲོང་མིའི་སྣེ་འཁྲིད་དེ་ང་ཚོའི་འབྲོག་ར་སྲུང་སྐྱོང་བྱེད་པ་དང་མེས་རྒྱལ་གྱི་མངའ་ཁོངས་སྲུང་སྐྱོང་བྱས་ནས། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དེ་གངས་རིའི་རྩེ་མོར་ལྷབ་ལྷུབ་ཏུ་གཡོ་བ་བྱེད་ཀྱི་ཡིན”ཞེས་མིག་དམར་བསམ་གྲུབ་ཀྱིས་གདེང་ཚོད་ཡོད་པའི་སྒོ་ནས་བརྗོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།