ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

སྤེལ་དུས 2020-10-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ། ཝུའུ་དབྱིང་ཅེ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ། ཝུའུ་དབྱིང་ཅེ་དང་བློ་བཟང་རྒྱལ་མཚན་རྣམ་གཉིས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། བོད་དམག་ཁུལ་ཁང་བཅས་ཀྱི་ཚབ་ཞུས་ནས་ཆབ་མདོ་གྲོང་ཁྱེར་ལ་རྟེན་འབྲེལ་སྒོ་བན་གནང་བ།
        འདི་ནི་ཚེས་9ཉིན་གྱི་སྔ་དྲོ། ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཆབ་མདོ་གྲོང་ཁྱེར་ཕྱོགས་བསྡུས་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ། རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཝུའུ་དབྱིང་ཅེ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ།
        ཚེས་9ཉིན་གྱི་སྔ་དྲོ། ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཆབ་མདོ་གྲོང་ཁྱེར་ཕྱོགས་བསྡུས་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་འཚོགས་པ་རེད། འདི་ནི་ཚོགས་ཆེན་འཚོག་ཡུལ་ཡིན་པ།
        ལོ་ངོ་70ཡི་རིང་འབད་འབུངས་ཡར་བརྩོན་བྱས། ལོ་ངོ་70ཡི་རིང་འགྱུར་ལྡོག་ཆེན་པོ་བྱུང་། ཚེས་9ཉིན་གྱི་སྔ་དྲོ། ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཆབ་མདོ་གྲོང་ཁྱེར་ཕྱོགས་བསྡུས་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་། བོད་དམག་ཁུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ། རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཝུའུ་དབྱིང་ཅེ་རྟེན་འབྲེལ་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ཝང་ཉིང་དང་། རྒྱལ་ཡོངས་སྲིད་གྲོས་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དབྱང་སུང་། ནུབ་རྒྱུད་འཐབ་ཁུལ་གྱི་ཚན་མོའུ་ཀྲང་གཞོན་པ་ཏེང་ཀྲི་ཕིང་བཅས་དང་། དེ་བཞིན་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་གཞོན་པ་བློ་བཟང་རྒྱལ་མཚན་དང་། ཏིང་ཡེ་ཤན། ཀྲོང་ཡན། དབང་ཧའེ་ཅང་། ལིའུ་ཅང་བཅས་རྟེན་འབྲེལ་ཚོགས་ཆེན་ལ་ཕེབས་པ་རེད།
        ཚེས་9ཉིན་བོད་ཤར་གྱི་མུ་ཏིག་ཅེས་གྲགས་པའི་ཆབ་མདོ་གྲོང་ཁྱེར་དུ་མེ་ཏོག་ཚོན་མདངས་རྣམ་པར་བཀྲ་བ་དང་དར་ཚོན་ལྷབ་ལྷུབ་ཏུ་གཡོ་ཞིང་དགའ་སྟོན་རྟེན་འབྲེལ་གྱི་རྣམ་པས་ཡོངས་སུ་ཁེངས། ལུས་ལ་གཟབ་མཆོར་ལེགས་པར་སྤྲས་པའི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཁྲི་1ལྷག་ཙམ་ཆབ་མདོ་གྲོང་ཁྱེར་གྱི་ཕྱོགས་བསྡུས་ལུས་རྩལ་ཁང་དུ་ལྷན་དུ་འཛོམས་ནས་དུས་ཆེན་གཟབ་རྒྱས་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་རེད།
        སྔ་དྲོའི་ཆུ་ཚོད་10པར། རྟེན་འབྲེལ་ཚོགས་ཆེན་འགོ་ཚུགས་ཤིང་། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་རྒྱལ་གླུ་དཀྲོལ་གཏོང་བྱས་པ་དང་། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལུས་རྩལ་ཁང་དུ་དལ་བུར་བསྒྲེངས་པ་རེད།
        ཚོགས་ཆེན་ཐོག་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད།
        ཝུའུ་དབྱིང་ཅེ་དང་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། བོད་དམག་ཁུལ་ཁང་བཅས་ཀྱི་ཚབ་ཞུས་ནས་ཆབ་མདོ་གྲོང་ཁྱེར་ལ“ལོ་ངོ་བདུན་ཅུར་ངོ་མཚར་བྱས་རྗེས་བསྐྲུན། དུས་རབས་གསར་པར་མཛད་བཟང་བསྐྱར་དུ་གཏོད”ཅེས་པའི་རྟེན་འབྲེལ་སྒོ་བན་གནང་བ་རེད། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨ་པུའུ་དང་། ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་ཁྲེན་ཅུན་གྱིས་ཆབ་མདོ་གྲོང་ཁྱེར་གྱི་ཚབ་ཞུས་ནས་རྟེན་འབྲེལ་སྒོ་བན་བླངས་པ་རེད།
        སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཝུའུ་དབྱིང་ཅེས་གསུང་བཤད་གནང་ཞིང་། ཁོང་གིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། བོད་དམག་ཁུལ་ཁང་། ལྗོངས་ཡོངས་ཀྱི་མི་དམངས་བཅས་ཀྱི་ཚབ་ཞུས་ནས། ཆབ་མདོ་བཅིངས་འགྲོལ་གཏོང་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་སྔོན་བྱོན་པ་ཚོར་སྙིང་དབུས་ནས་དྲན་གསོ་ཞུས་པ་དང་། རྟེན་འབྲེལ་བྱེད་སྒོར་ཞུགས་མཁན་འགོ་ཁྲིད་དང་། སྐུ་མགྲོན། གྲོགས་པོ་རྣམ་པ་བཅས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ། གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེའི་བཟོ་པ་དང་། ཞིང་འབྲོག་པ། ཤེས་ཡོན་ཅན། ལས་བྱེད་པ། ལས་རིགས་ཁག་གི་མི་སྣ་བཅས་དང་། དེ་བཞིན་ཆབ་མདོར་བཅའ་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག་ལ་བྱམས་བརྩེའི་འཚམས་འདྲི་དང་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ། དུས་ཡུན་རིང་པོའི་ནང་ཆབ་མདོར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཡོངས་མི་དམངས་དང་། ལྷག་པར་དུ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི“གྲོང་ཁྱེར་གསུམ་དང་། ཞིང་ཆེན་གསུམ། ཁེ་ལས་དྲུག”དང་དེ་བཞིན་ཆབ་མདོའི་འཕེལ་རྒྱས་ཡར་ཐོན་དང་མི་དམངས་ཀྱི་བདེ་སྐྱིད་ཆེད་ལེགས་སྐྱེས་འབུལ་མཁན་བློ་མཐུན་ཚོ་དང་གྲོགས་པོ་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
        ཝུའུ་དབྱིང་ཅེས། ལོ་ངོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། ཏང་གི་མི་རིགས་སྲིད་ཇུས་ཀྱི་གཟིགས་སྐྱོང་ཆེན་པོ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྒེར་སེམས་མེད་པའི་རྒྱབ་སྐྱོར་བཅས་ཀྱི་འོག ཆབ་མདོའི་མི་རིགས་ཁག་གི་མི་དམངས་ཀྱིས“གནམ་ས་བླ་འོག་བསྒྱུར་བར་ཕོད་པའི”ཞུམ་མེད་ཀྱི་བློ་སྟོབས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་སྒྱུར་བཅོས་སྒོ་དབྱེའི་རླབས་ཆེན་བྱ་གཞག་ནང་ཧུར་ཐག་ཞུགས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུཌ་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་བསྐྱོད་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆབ་མདོའི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་ཚད་མཐོའི་མཐོང་ཆེན་དང་ཆབ་མདོའི་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བདེ་ཡོང་བར་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ཞིང་། ཆབ་མདོའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་། དུས་ཡུན་རིང་པོར་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་སྒྲུབ་ཐུབ་པས། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་ལྗོངས་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་འཕེལ་རྒྱས་མྱུར་པོ་འགྲོ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
        ཝུའུ་དབྱིང་ཅེས། ལོ་ངོ་70ཡི་རིང་ཆབ་མདོའི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་དང་། རྫོང་དབུལ་པོ་དང་མང་ཚོགས་དབུལ་པོ་ཚང་མའི་དབུལ་ཞྭ་ཕུད་དེ་སྤྱི་ཚོགས་ཀྱི་བྱ་གཞག་བྱ་འཕུར་བ་ལྟར་གོང་འཕེལ་དང་། སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས། མི་དམངས་ཀྱི་འཚོ་བ་ལེགས་བཅོས་ཆེན་པོ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱུང་ནས་མི་རིགས་འཆམ་མཐུན་དང་བསྟན་དོན་ལམ་ལྷོངས་བྱུང་ཡོད། འོད་སྟོང་འཕྲོ་བའི་གྲུབ་འབྲས་འདི་དག་ནི། ཏང་ཀྲུང་དབྱང་གིས་བྱམས་བརྩེའི་ཐུགས་ཁུར་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་དང་། རྒྱལ་ཡོངས་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ། ཆབ་མདོའི་མི་རིགས་ཁག་གི་མི་དམངས་ཀྱིས་ཕན་ཚུན་ལྟ་སྐྱོང་དང་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་བཅས་ཡིན། དེ་ཐོག་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་གང་ལེགས་མངོན་ཡོད། གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་བོད་ལྗོངས་གསར་པ་མེད་ལ། ཆབ་མདོ་གསར་པ་དེ་བས་མེད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བཅས་བྱས་ཚེ། ཆབ་མདོར་གཞི་ནས་དར་རྒྱས་ཡར་ཐོན་གྱི་ད་ཆ་ཡོད་པ་དང་། གཞི་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་པ་ལོ་རྒྱུས་ཀྱིས་རྩོད་ཐབས་བྲལ་བའི་དཔང་པོ་བྱས་ཡོད་ཅེས་ནན་བཤད་གནང་བ་རེད།
        ཝུའུ་དབྱིང་ཅེས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཐོབ་ཉེར་ཡོད་ལ། ང་ཚོ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་གྲབས་ཡོད། མི་རིང་བའི་གོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ཇུས་འགོད་དང་། བཀོད་སྒྲིག གཙོ་སྐྱོང་བཅས་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན་གྱི་བོད་ཀྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་དང་། བོད་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་གསར་པར་དབྱེ་ཞིབ་གཏིང་ཟབ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད། བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་མཛུབ་ཁྲིད་བསམ་བློ་དང་། སྤྱིའི་བླང་བྱ། གཙོ་གནད་ལས་འགན་སྔར་བས་གསལ་སྟོན་བཅས་གནང་ནས། ང་ཚོས་དུས་རབས་གསར་པའི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་ཆེད་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་ཆེད། ལྗོངས་ཏང་ཨུད་ཀྱིས་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཞིབ་ཕྲའི་བཀོད་སྒྲིག་བྱས་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་མཚོན་རྟགས་སུ་བྱས་ཏེ། ལྗོངས་ཡོངས་དང་འདྲ་བར་ཆབ་མདོ་ཡང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་སྔར་བྱུང་མ་མྱོང་བ་དང་ཐོབ་པར་དཀའ་བའི་རྩ་ཆེའི་གོ་སྐབས་འཕྲད་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཆབ་མདོའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་བཅས་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། དུས་བབ་བཟང་པོར་ཧ་ཅང་གཅེས་འཛིན་བྱེད་པ། ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཧ་ཅང་གཅེས་འཛིན་བྱེད་པ། རྩ་ཆེའི་གོ་སྐབས་ལ་ཧ་ཅང་གཅེས་འཛིན་བྱེད་པ། འབད་འབུངས་ཡར་བརྩོན་གྱི་བསམ་བློའི་འཁྱེར་སོར་བརྟེན་པ། བརྟན་ལྷིང་དང་། འཕེལ་རྒྱས། སྣོད་བཅུད། མཐའ་མཚམས་སྟོབས་ལྡན་བཅས་ཀྱི་དོན་ཆེན་བཞི་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ། ཆབ་མདོའི་མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་དགོས། ཏང་གི་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་ཞུ་བ་དང་། སྲོག་ཤིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། དུས་ནམ་ཡང་ཏང་ལ་བློ་དཀར་སེམས་དཀར་བྱེད་པ། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ཚོས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཉེ་འགྲམ་གྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ཀྱི་ཁྲོད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཐུགས་ཁུར་དང་གཟིགས་སྐྱོང་གནང་ལུགས་ཏན་ཏིག་ཚོར་བ་བྱས་ཏེ་སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་དགའ་གུས་དང་ཏང་ཀྲུང་དབྱང་ལ་བརྩི་བཀུར་ཞུ་དགོས། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་ཕུགས་འཕེར་གྱི་ཇུས་གཞི་མང་ཙམ་འདིང་བ་དང་། རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱད་དེ། རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ཚོས་རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་ཕྱེ་ནས་བརྟན་ལྷིང་ཐད“རང་འགུལ་དུ་འགྱུར་བའི”འདུ་ཤེས་ཟབ་ཏུ་བཏང་སྟེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟངས་གྱང་ལྕགས་རྩིག་བརྟན་དུ་གཏོང་དགོས། མི་རིགས་ཆོས་ལུགས་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ཏེ་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ཚོས“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་བརྟན་པོ་བཅངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་ཧུར་ཐག་བསྟར་བ་དང་། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་ཏེ་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས། དམངས་འཚོ་ལེགས་སུ་གཏོང་བའི་ཐད་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དོན་འཁྱོལ་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། བདེ་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་འགྲོ་བའི་འགན་ལེན་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ཚོས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་སྟོབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས། མཛེས་སྡུག་ལྡན་པའི་ཆབ་མདོ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བར། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། མི་རིགས་ཁག་གི་མང་ཚོགས་ཚོས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་རང་རྟོགས་ཀྱི་བྱ་སྤྱོད་ལ་བརྩི་དགོས། ཏང་གིས་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་བྱས་ཏེ་ཏང་གིས་ཆབ་མདོར་སྲིད་སྐྱོང་བའི་རྨང་གཞི་དེ་བས་བརྟན་དུ་འགྲོ་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
        མཇུག་ཏུ་ཝུའུ་དབྱིང་ཅེས། དུས་རབས་གསར་པས་ལས་འགན་གསར་པ་སྤྲད། རྒྱང་སྐྱོད་ལམ་བུ་གསར་པར་བྱས་རྗེས་གསར་པ་འཇོག ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན། མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་འཆང་བ་དང་དྲིན་ཚོར་ཡར་བརྩོན་བཅས་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་མཉམ་དུ་འཛུགས་སྐྲུན་བྱས་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་དགོས་ཞེས་གསུངས་པ་རེད།
        ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨ་པུའུ་ཡིས་ཚོགས་ཆེན་ཐོག་གཏམ་བཤད་གནང་སྐབས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པས་ང་ཚོར་དེ་བས་མཛེས་སྡུག་ལྡན་པའི་འཆར་གཞི་བཀོད་པ་དང་། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གདོང་མཆོང་གི་དུང་བརྡ་བསྒྲགས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་ལ་གཞིགས་པ། ཐོག་མཐའ་བར་གསུམ་དུ“སྤྱི་ཡོངས་གཉིས”བློ་ལ་འཆང་བ། ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཆབ་མདོ་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་རྒྱུའི་ཆོད་སེམས་ང་ཚོར་ཡོད་ཅེས་གསུངས་པ་རེད།
        ཡར་ལངས་ཞིང་བྲན་གྱི་འཐུས་མི་ངག་དབང་རྒྱལ་མཚན་དང་། ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི་རིན་ཆེན་མཚོ་མོ། གཞོན་ནུ་ལོ་ཆུང་སློབ་མའི་འཐུས་མི་བསམ་སྒྲོན། ཆབ་མདོ་དམག་ཁུལ་ཡན་ལག་ཁང་གི་ཆབ་སྲིད་ཨུ་ཡོན་ཝང་ཞའོ་ཅུན་བཅས་ཀྱིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་རེད།
        རྟེན་འབྲེལ་ཚོགས་ཆེན་གྲོལ་རྗེས། མང་ཚོགས་ཀྱི་རུ་སྟར་གྲུ་བཞིའི་སྐོར་སྐྱོད་དང་རིག་རྩལ་འཁྲབ་སྟོན་གཟབ་རྒྱས་བྱས་པ་རེད། མང་ཚོགས་ཀྱི་རུ་སྟར་གྲུ་བཞི་23གྱིས་གླུ་ལེན་གར་འཁྲབ་བྱས་ནས། ཆབ་མདོ་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ཀྱི་རྣམ་པ་སླར་ཡང་ཇི་མ་ཇི་བཞིན་མངོན་པར་བྱས་པ་དང་སྦྲགས། བོད་ཤར་རྒྱུད་ཀྱི་བུ་ཕྲུག་ཚོས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད། རིག་རྩལ་འཁྲབ་སྟོན་དེ་ཁྱོན་ལེའུ་གསུམ་ལ་ཕྱེ་བ་སྟེ། 《ངོ་མཚར་རྨད་དུ་བྱུང་བའི་ཆབ་མདོར་ཕྱིར་མིག་ལྟ》དང་། 《བདེ་སྐྱིད་ལྡན་པའི་ཆབ་མདོར་བསྟོད་གླུ་ལེན》《ཆབ་མདོའི་འཕོ་འགྱུར་ཧ་ཅང་ཆེན་པོའི་དཔང་པོ་བྱེད》བཅས་ཡིན་ཞིང་། བོད་ཤར་རྒྱུད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ལག་ཏུ་དཀར་གཙང་མཇལ་དར་འཁྱེར་བ་དང་། འཁྲུག་ཆ་དོད་པའི་སྐོར་བྲོ་འཁྲབ་པ། སྙན་ཞིང་འཇེབས་པའི་པི་ཝང་དཀྲོལ་བ་བཅས་བྱས་ནས། རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་དང་ཆབ་མདོའི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཡོང་བའི་སྨོན་འདུན་ཞུས་པ་རེད།