དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སྲིད་གཞུང་གི་ལས་དོན་སྙན་སྒྲོན།

སྤེལ་དུས 2021-03-17 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
—— 2021ལོའི་ཟླ་3ཚེས་5ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ལི་ཁེ་ཆང་།
       འཐུས་མི་རྣམ་པ།
       ད་ལྟ་ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས། གྲོས་ཞིབ་གནང་རོགས་ཞུ་རྒྱུ་མ་ཟད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཀྱང་དགོངས་འཆར་གནང་རོགས་ཞུ་རྒྱུ་ཡིན།
གཅིག 2020ལོའི་ལས་དོན་ལ་ཕྱིར་དྲན་བྱེད་པ།
       འདས་ཟིན་པའི་ལོ་གཅིག་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་རིམས་ནད་དང་། འཛམ་གླིང་དཔལ་འབྱོར་ཉམས་རྒུད་ཆེན་པོ་བྱུང་བ་སོགས་ཀྱི་རྡབ་རྡེག་ཚབས་ཆེན་མང་པོའི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱིས་འབད་བརྩོན་བྱས་པ་ལས། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། གོ་ལ་ཧྲིལ་པོའི་དཔལ་འབྱོར་ཚོགས་པ་གཙོ་བོའི་ཁྲོད་དཔལ་འབྱོར་འཕར་བ་གཅིག་པུ་ཡིན་ཞིང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པས། མི་དམངས་བློ་ཡིད་ཚིམ་པ་དང་། འཛམ་གླིང་གིས་དོ་སྣང་བྱེད་པ། ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་ཆོག་པ་བཅས་ཀྱི་རྒྱུགས་ལན་ཞིག་ཕུལ་ཡོད། ལོ་ཧྲིལ་པོའི་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་ལེགས་པོ་གྲུབ་པ་དང་། རང་རྒྱལ་གྱི་སྒྱུར་བཅོས་ཅུང་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སླར་ཡང་འཕེལ་རྒྱས་གལ་ཆེན་གསར་པ་བྱུང་ཡོད།
       དཀའ་ཚེགས་ཆེ་བའི་རིམས་འགོག་གི་བརྒྱུད་རིམ་ཁྲོད། ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་རྒྱུན་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བཀོད་འདོམས་དང་བཀོད་སྒྲིག་གནང་བ་དང་། ཕྱོགས་ཁག་གིས་རྒྱུན་མཐུད་འབད་བརྩོན་བྱས་པས། སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཡོད། ང་ཚོས་རིམས་ནད་གནས་ཚུལ་གྱི་འགྱུར་ལྡོག་ལ་དམིགས་ནས་སྔོན་འགོག་དང་ཚོད་འཛིན་གྱི་ཐབས་ཇུས་དུས་ཐོག་ཏུ་ལེགས་སྒྲིག་བྱས་ཤིང་། རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། ས་ཁུལ་ཁ་ཤས་ཀྱི་མཉམ་འདུས་རང་བཞིན་གྱི་རིམས་ནད་ཐག་གཅོད་ནུས་ལྡན་བྱས་ཏེ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བྱས་པས། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་ཡོང་བར་དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་ཡོད།
       ལོ་གཅིག་གི་རིང་ལ། ང་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཤིང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་འདོམས་ཀྱིས་སྐུལ་འདེད་བཏང་ནས་གཙོ་བོ་གཤམ་གསལ་གྱི་ལས་དོན་ཁག་བསྒྲུབས་ཡོད།
       གཅིག་ནི་ཁྲོམ་རའི་བྱེད་པོར་མཁོ་གལ་ཆེ་བར་དམིགས་ནས་སྤྱི་ཁོག་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱས་པས། དཔལ་འབྱོར་གྱི་གཞི་རྩའི་རྨང་གཞི་བརྟན་པོ་བྱུང་ཡོད། ལོ་རྒྱུས་ཐོག་མཐོང་དཀོན་པའི་རྡབ་རྡེག་གི་མདུན་དུ། ང་ཚོས“བརྟན་པོ་དྲུག”གི་ལས་ཀའི་རྨང་གཞིའི་ཐོག“འགན་སྲུང་དྲུག་”གི་ལས་འགན་གསལ་པོ་བཏོན་པ་དང་། ལྷག་པར་དུ་ལས་ཞུགས་འགན་སྲུང་དང་དམངས་འཚོ་འགན་སྲུང་དང་ཁྲོམ་རའི་བྱེད་པོ་འགན་སྲུང་བྱས་ནས། འགན་སྲུང་གིས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་བརྟན་ཐོག་ཡར་འཕེལ་ཡོང་བར་བྱས་ཡོད། རྒྱལ་ཁབ་ཀྱི་གནས་ཚུལ་དངོས་ལ་གཞི་ཚུགས་ཏེ། དུས་ཐོག་ཏུ་འཕྲལ་ཐག་ཆོད་ཅིང་ཚུགས་ཤུགས་མཐའ་འཁྱོངས་བྱས་པ་དང་། “ཞིང་ཆུ་ལེབ་གཏོང”མི་བྱེད་པར་ཚན་རིག་དང་མཐུན་པའི་གཞི་ཁྱོན་རང་བཞིན་ལྡན་པའི་སྲིད་ཇུས་དོ་མཉམ་ཡོང་བར་བྱས་ཡོད། སྒྱུར་བཅོས་དང་གསར་གཏོད་ཀྱི་བྱེད་ཐབས་སྤྱོད་པར་མཐོང་ཆེན་དང་། ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་དང་གསོན་ཤུགས་སྐུལ་སློང་མཉམ་སྤེལ་བྱས་ཏེ། རྡབ་རྡེག་ཕོག་ཤུགས་ཆེ་བ་མ་ཟད་ད་དུང་ཕོག་རྒྱ་ཆེ་ཤོས་ཀྱི་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ལ་དཀའ་གནད་ལས་སྒྲོལ་རོགས་བྱས་ཡོད། དུས་རིམ་རང་བཞིན་གྱི་གཞི་ཁྱོན་ཆེ་བའི་ཁྲལ་རིན་གཉིས་གཅོག་ལག་བསྟར་བྱས་ཤིང་། ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ། ལོ་ཧྲིལ་པོར་ཁྲོམ་རའི་བྱེད་པོར་སྒོར་དུང་ཕྱུར་ཁྲི་2.6ལས་བརྒལ་བའི་ཁུར་པོ་ཡང་དུ་བཏང་བ་དང་། དེའི་ནང་སྤྱི་ཚོགས་འགན་བཅོལ་གྱི་གྲོན་དངུལ་སྒོར་དུང་ཕྱུར་ཁྲི་1.7རྩ་ཆག་དང་ཆག་ཡང་བཏང་ཡོད། སྤྱི་ཁོག་སྲིད་ཇུས་ལག་བསྟར་བྱེད་སྟངས་གསར་དུ་བཏོད་ནས། ཀྲུང་དབྱང་གི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་ཁྲི་2གསར་དུ་བསྣན་པ་ཐད་ཀར་འབྱོར་བའི་ལམ་སྲོལ་བཙུགས་པ་དང་། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་གཤམ་དུ་གཏོང་ཤུགས་ཆེ་རུ་བཏང་སྟེ། ཐུན་མོང་ཐོག་གྲོང་ཁྱེར་དང་རྫོང་གི་གཞི་རིམ་གྱིས་ཁེ་ལས་དང་མི་དམངས་ལ་དངོས་ཕན་ཐོབ་པའི་སྲིད་ཇུས་དོན་འཁྱོལ་བྱེད་པར་དུས་ཐོག་ཏུ་ནོར་ཤུགས་ཁ་གསབ་བརྒྱབ་ཡོད། དངུལ་ཁང་གིས་ཕྱོགས་ངེས་དངུལ་བུན་མང་དུ་གཏོང་བ་མ་ཟད་སྐྱེད་ཀའི་ཚད་གཞི་ཡང་དམའ་རུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་དངུལ་བུན་གྱི་མ་སྐྱེད་འགྱངས་སྤྲོད་བྱེད་ཅིང་། ཚོང་ལས་དངུལ་ཁང་ཆེ་གྲས་ཀྱི་ཀུན་ཕན་ཅན་གྱི་ཁེ་ལས་ཆུང་ཕྲན་གྱི་དངུལ་བུན་50%ཡན་འཕར་བ་དང་། དངུལ་རྩའི་མ་ལག་གིས་དངོས་གཞིའི་དཔལ་འབྱོར་ལ་ཁེ་བཟང་སྒོར་དུང་ཕྱུར་ཁྲི་1.5སྤྲད་ཡོད། ཁེ་ལས་ཆེ་གྲས་ཀྱི་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོའི་ཁ་གཏད་གནད་འཁེལ་གྱི་ཞབས་ཞུ་སྒྲུབ་པར་ཤུགས་སྣོན་བརྒྱབ་ཡོད། དཀའ་སྤྱད་འབད་བརྩོན་བརྒྱུད་ང་ཚོའི་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་སྔོན་ལ་མངོན་འགྱུར་བྱུང་ཞིང་། དཔལ་འབྱོར་སླར་གསོ་བྱུང་བ་སྔོན་དཔག་ལས་ལེགས་པ་དང་། ལོ་ཧྲིལ་པོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་2.3%འཕར་ལ། སྤྱི་ཁོག་སྙོམས་སྒྲིག་ཐད་ཉམས་མྱོང་གསར་པ་བསགས་པས། ལུགས་མཐུན་གྱི་རིན་དོད་ལ་བརྟེན་ནས་ཕན་འབྲས་ཆེ་ཙམ་ཐོབ་པར་བྱས་ཡོད།
       གཉིས་ནི་སྔོན་ལ་ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་སྲུང་བྱས་པས། མི་དམངས་ཀྱི་འཚོ་བར་དངོས་འབྲེལ་འགན་སྲུང་བྱུང་བ། ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན་ལ། ཁྲོམ་རའི་བྱེད་པོ་འགན་སྲུང་བྱེད་པའང་ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་སྲུང་བྱེད་ཆེད་ཡིན། ས་གནས་ཁག་གིས་ལས་གནས་བརྟན་པོ་དང་ལས་གནས་རྒྱ་སྐྱེད་པར་སྐུལ་ལྕག་གཏོང་ཤུགས་ཆེ་རུ་བཏང་ནས། ཁེ་ལས་དང་ལས་བཟོ་པས་ཐུན་མོང་ཐོག་དཀའ་ངལ་ཁྱད་གསོད་བྱས་དང་བྱེད་བཞིན་ཡོད། ཐབས་ལམ་མང་པོར་བརྟེན་ནས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལས་དོན་ཡག་པོ་བསྒྲུབས་པ་དང་། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་བརྟེན་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པར་རྒྱབ་སྐྱོར་བྱས་ཡོད། ཁྲོམ་རའི་བྱེད་པོ་གསར་པ་སླར་གསོ་དང་མགྱོགས་མྱུར་གོང་འཕེལ་བྱུང་བས་ལས་ཞུགས་ཀྱི་ལས་གནས་འབོར་ཆེན་བཏོད་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་1186གསར་དུ་འཕར་བ་དང་། ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་འབྲས་བུ་ལས་ལས་ཀ་ཤོར་ཚད་5.2%བར་ཆག་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ངོས་ནས་བརྗོད་ན། རྡབ་རྡེག་ཧ་ཅང་ཆེན་པོ་ཕོག་པའི་འོག་ལས་ཞུགས་ཀྱི་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་ནི་དེ་བས་ཀྱང་ལས་སླ་པོ་ཞིག་མ་རེད། འཚོ་བའི་ཉེར་མཁོའི་དངོས་རྫས་འདོན་སྤྲོད་འགན་སྲུང་དང་རིན་གོང་བརྟན་པོ་ཡོང་བར་ཤུགས་སྣོན་བརྒྱབ་པ་དང་། གྲོང་མིའི་འཛད་སྤྱོད་རིན་གོང་2.5%འཕར་ཡོད། དྲ་ཐོག་གཞུང་དོན་སྒྲུབ་པ་དང་། དྲ་ཐོག་ཉོ་སྒྲུབ་བྱེད་པ། འཕྲད་ཐུག་མེད་པའི་སྡེབ་སྐྱེལ་སོགས་རྒྱ་ཁྱབ་ཏུ་སྤེལ་ཡོད། ལས་ཤོར་འགན་བཅོལ་གྱི་འགན་སྲུང་ཁྱབ་ཁོངས་ཚད་གཞི་མཐོ་པོས་རྒྱ་བསྐྱེད་ཡོད། རིམས་ནད་རྐྱེན་གྱིས་དཀའ་ངལ་འཕྲད་པའི་མང་ཚོགས་ལ་དུས་ཐོག་ཏུ་རོགས་སྐྱོབ་བྱས་ཏེ། མ་མཐའི་འཚོ་བ་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཅན་གྱི་འཚོ་སྐྱོང་ནང་གསར་དུ་བཅུག་པའི་མི་ཁྲི་600ཙམ་དང་། གནས་སྐབས་རོགས་སྐྱོབ་བྱས་ཚད་མི་ཐེངས་ཁྲི་800ལས་བརྒལ་ཡོད། ཆུ་ལོག་གམ་ཞོད་སྐྱོན་ཚབས་ཆེན་དང་། རྒྱ་མཚོའི་རླུང་འཚུབ་དྲག་པོ་སོགས་རང་བྱུང་གནོད་འཚེ་བཀག་འགོག་བྱས་ནས། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱས་པས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་གཞི་རྩའི་འཚོ་བ་འགན་སྲུང་བྱས་ཡོད།
       གསུམ་ནི་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་མཐའ་གཅིག་ཏུ་ལེགས་པར་བརྒྱབ་པས། དམིགས་ཚད་ལས་འགན་གཙོ་བོ་དུས་བཀག་ལྟར་ལེགས་འགྲུབ་བྱུང་ཡོད། ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་གཏོང་ཤུགས་ཅུང་ཆེ་རུ་ཕྱིན་ཡོད། ལས་ཀའི་དཀའ་གནད་ཆེ་བའི་རྫོང་དབུལ་པོ་དང་གྲོང་ཚོ་དབུལ་པོར་སྒོ་བྱང་བཀལ་ནས་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ། རོགས་སྐྱོར་བྱེད་ཐབས་ཁག་གནད་འཁེལ་དོན་འཁྱོལ་ཡོང་བར་བྱས་ཡོད། ངལ་རྩོལ་ནུས་ཤུགས་ཞན་མཁན་གྱི་ལས་གནས་བརྟན་ཞིང་ལས་ཞུགས་ཐུབ་པར་སྔོན་ལ་རྒྱབ་སྐྱོར་དང་། ཕ་ཡུལ་དུ་ལོག་པའི་ངལ་རྩོལ་ནུས་ཤུགས་ཞན་མཁན་ཡང་བསྐྱར་ལས་ཞུགས་བྱེད་པར་རོགས་རམ་བྱས་ཏེ། ལས་མིའི་ཡོང་འབབ་བརྟན་པོ་ཡོང་གང་ཐུབ་བྱས་ཡོད། ཐོན་ལས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འཛད་སྤྱོད་དབུལ་སྐྱོར་གཏིང་ཟབ་སྤེལ་ཡོད། ཡང་བསྐྱར་དབུལ་འགྱུར་དང་དབུལ་པོར་འགྱུར་སླ་བའི་མི་འབོར་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། ལོ་འགོར་ལྷག་པའི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་551ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང་དབུལ་པོ་52ཚང་མའི་དབུལ་ཞྭ་ཕུད་ཡོད། གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་སྲུང་བའི་དམག་འཐབ་མུ་མཐུད་ཡག་པོ་བརྒྱབ་སྟེ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཀྱི་དུས་མཚམས་རང་བཞིན་གྱི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱས་ཡོད། འབྲི་ཆུ་དང་། རྨ་ཆུ། མཚོ་འགྲམ་རྒྱུད་སོགས་སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོང་དང་སླར་གསོ་བྱེད་པའི་ལས་གྲྭ་འགངས་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ཡོད། ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་འོས་འཚམ་གྱིས་སེལ་བ་དང་། དངུལ་རྩའི་ཉམས་ཉེན་ཚབས་ཆེན་ཁག་གཅིག་དུས་ཐོག་ཏུ་ཐག་བཅད་ཡོད།
       བཞི་ནི་བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་བས། འཕེལ་རྒྱས་ཀྱི་གསོན་ཤུགས་དང་ནང་སྐྱེས་སྒུལ་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད། རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་དུ་བཀོད་སྒྲིག་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། “གཤམ་སྤྲོད་དོ་དམ་ཞབས་ཞུ”གསུམ་གྱི་སྒྱུར་བཅོས་ཟབ་སྤེལ་དང་། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་སྲོལ་ཡིག་ལག་བསྟར་བྱས་ཡོད། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ལོ་གསུམ་བྱ་སྤྱོད་ཇུས་གཞི་བཏོན་པ་དང་། དམངས་གཉེར་ཁེ་ལས་འཕེལ་རྒྱས་ཡོང་བར་རྒྱབ་སྐྱོར་བྱས་ཡོད། མ་རྩའི་ཁྲོམ་རའི་རྨང་གཞིའི་ལམ་ལུགས་འཐུས་ཚང་དུ་བཏང་ཞིང་། ཞིང་ལས་གྲོང་གསེབ་དང་སྤྱི་ཚོགས་བྱ་གཞག་སོགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་གོམ་སྟབས་བརྟན་པོས་སྐུལ་འདེད་བཏང་བ་དང་། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱེད་ཐབས་གལ་ཆེན་སྔ་རྗེས་སུ་བཏོན་ཡོད། སྐབས་གསུམ་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་དང་། ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུའི་ཉོ་ཚོང་འདུ་ཚོགས་བདེ་བླག་ངང་གཉེར་ཡོད། ས་ཁོངས་སྤྱི་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་ལ་མིང་རྟགས་འགོད་པར་སྐུལ་འདེད་བཏང་བ་དང་། ཀྲུང་གོ་དང་ཡོ་རོབ་གླིང་བར་མ་དངུལ་འཇོག་པའི་གྲོས་ཆོད་གྲོས་མོལ་ལེགས་འགྲུབ་བྱུང་ཡོད། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བར་སྲུང་སྐྱོང་བྱས་ཤིང་། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་དངུལ་བེད་སྤྱད་ཚད་འཕར་སྣོན་བྱུང་བ་རྒྱུན་འཁྱོངས་བྱས་ཡོད།
       ལྔ་ནི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། ཐོན་ལས་རིགས་སྒྱུར་རིམ་སྤོར་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ཡོད། རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་དང་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཚན་རིག་ལྟེ་གནས་འཛུགས་སྐྲུན་བྱས་ཏེ། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་ཁག་དང་པོ་བདེ་བླག་ངང་བསྐྲུན་ཡོད། “མཁའ་འདྲི་ཨང་དང་པོ”དང་། “ཟླ་བའི་ལྷ་མོ་ཨང་ལྔ་པ།” “འབད་འཐབ་པ”རྟགས་ཅན་སོགས་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་བླངས་ཤིང་། གནད་འགག་དང་སྲོག་ཤིང་གི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་བཀོལ་སྤྱོད་བྱེད་པར་རྒྱབ་སྐྱོར་དང་། ཁེ་ལས་ཆེ་འབྲིང་ཆུང་གསུམ་མཉམ་འདྲེས་ངང་གསར་གཏོད་བྱེད་པར་སྐུལ་འདེད་བཏང་བ། ཕྱོགས་ཡོངས་ནས་གསར་གཏོད་དང་སྒྱུར་བཅོས་བྱེད་པའི་ཚོད་ལྟའི་འབྲེལ་ཡོད་བྱེད་ཐབས་ཁྱབ་སྤེལ་བཏང་ཡོད། ཐོན་ལས་གྲངས་ཀ་ཅན་དང་རིག་ནུས་ཅན་དུ་སྒྱུར་བཀོད་བྱེད་པར་སྐུལ་འདེད་བཏང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་འགྲོ་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་ཡོད།
       དྲུག་ནི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བས། གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་འཕེལ་རྒྱས་ཀྱི་བཀོད་པ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་བཏང་བ་དང་། གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ཡོད། འབྲུ་རིགས་ཐོན་འཕར་མངོན་འགྱུར་བྱུང་ཞིང་། ཕག་ཤའི་ཐོན་ནུས་མགྱོགས་མྱུར་སླར་གསོ་བྱུང་བ་དང་། གྲོང་གསེབ་འཛུགས་སྐྲུན་གྱི་ལས་དོན་བརྟན་པོའི་ངང་སྤེལ་ལ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། སོལ་གློག་སྣུམ་རླངས་ཀྱི་ཐོན་འདོན་གསོག་འཚོང་གི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བས། ནུས་ཁུངས་ཀྱི་བདེ་འཇགས་འགན་སྲུང་བྱེད་ནུས་ཆེ་རུ་ཕྱིན་ཡོད། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་བཏང་སྟེ། ས་ཁོངས་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གལ་ཆེན་ལག་བསྟར་བྱེད་པའི་ཐད་བྱེད་ཐབས་གསར་པ་ཁག་གཅིག་བཏོན་ཡོད།
       བདུན་ནི་ཁྲིམས་ལྟར་སྲིད་འཛིན་དང་སྤྱི་ཚོགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པས། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་བཅའ་ཁྲིམས་ཀྱི་གྲོས་གཞི་9གྲོས་ཞིབ་གནང་རྒྱུར་ཕུལ་བ་དང་། སྲིད་འཛིན་ཁྲིམས་སྲོལ་37གཏན་འབེབས་དང་དག་བཅོས་བྱས་ཡོད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲོས་འགོ་དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་ནན་ཏན་ངང་བསྒྲུབས་ཡོད། དྲ་ཐོག་གི་སློབ་ཁྲིད་རྒྱ་ཁྱབ་ཏུ་སྤེལ་བས། སྟོན་ཁའི་སློབ་དུས་ཀྱི་སློབ་ཁྲིད་ཕྱོགས་ཡོངས་ནས་སླར་གསོ་བྱུང་ཞིང་། མཐོ་འབྲིང་སློབ་ཐོན་སློབ་མ་ཁྲི་1000ལྷག་གི་མཐོ་རྒྱུགས་བདེ་བླག་ངང་ལེགས་འགྲུབ་བྱུང་ཡོད། སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་སྤེལ་བ་དང་། མཐོ་རིམ་ལས་རིགས་སློབ་གྲྭའི་སློབ་མ་ཁྲི་100ཡི་བསྡུ་རྒྱ་ཆེ་རུ་གཏོང་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད། གཞི་ཁྱོན་ཆེ་བའི་ཉིང་སྐྱུར་བརྟག་དཔྱད་བྱེད་ནུས་ཆེ་རུ་བཏང་སྟེ། ཏོག་གསར་གློ་ཚད་རིམས་ནད་ཕོག་པའི་ནད་པའི་སྨན་བཅོས་འགྲོ་གྲོན་ཚང་མ་རྒྱལ་ཁབ་ཀྱིས་འགན་འཁུར་ཡོད། རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་མཐོ་རུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་དམའ་ཤོས་མཐོ་རུ་བཏང་བ། རྒན་གསོའི་དངུལ་དུས་ཐོག་དང་ཆད་ལུས་མེད་པར་སྤྲོད་པར་འགན་སྲུང་བྱས་པས། ཁེ་ལས་ཀྱི་རྒན་གསོའི་འགན་བཅོལ་ཐེབས་རྩ་ཞིང་ཆེན་རིམ་པའི་སྡེབ་ལེན་སྡེབ་གཏོང་བྱེད་པ་མངོན་འགྱུར་བྱུང་ཡོད། སྤྱི་པའི་རིག་གནས་ཞབས་ཞུར་ཤུགས་སྣོན་བརྒྱབ་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་འཐུས་ཚང་དུ་བཏང་བ། ཡིག་བསྐུར་ངོ་བཅར་ལས་དོན་ཏན་ཏིག་ངང་ཡག་པོར་བསྒྲུབས་པ། རྩིས་བཤེར་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་བྱས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་མོ་སྤེལ་བ། རྒྱལ་ཡོངས་ཀྱི་མི་འབོར་ཡོངས་བཤེར་ཐེངས་བདུན་པ་དང་རྒྱལ་ཁབ་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཡོངས་བཤེར་ཡག་པོ་བྱས་ཡོད། ཐོན་སྐྱེད་བདེ་འཇགས་ཐད་ཀྱི་དོན་རྐྱེན་སྔོན་འགོག་དང་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ། བཟའ་བཅའ་དང་སྨན་རྫས་དང་རིམས་འགོག་སྨན་ཁབ་ལ་ལྟ་སྐུལ་དོ་དམ་ནན་པོ་བྱས་ཡོད། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནག་སེལ་གཤེད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་ལ་མུ་མཐུད་སྐུལ་འདེད་བཏང་བས། དུས་བདེ་ཞོད་འཇགས་ཀྱི་ཀྲུང་གོ་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།
       ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཤུགས་སྣོན་བརྒྱབ་ཡོད། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་ཞིང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་པོ་བྱས་ནས་གཞི་རིམ་གྱི་ཁུར་པོ་མུ་མཐུད་ཡང་དུ་བཏང་ཡོད།
       ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་བརྙན་ལམ་བརྒྱུད་ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཐུན་སྒྲིལ་ངང་རིམས་འགོག་བྱེད་པའི་དམིགས་བསལ་དབུ་ཚོགས་གཙོ་སྐྱོང་གནང་ཞིང་། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་75འཁོར་བའི་རིམ་མཐོའི་ཚོགས་འདུ་རབ་དང་རིམ་པ་དང་། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འགོ་ཁྲིད་པའི་ཞལ་འཛོམས། ཨེ་ཤེ་ཡ་ཤར་མའི་མཉམ་ལས་འགོ་ཁྲིད་པའི་ཚོགས་འདུ་རབ་དང་རིམ་པ་སོགས་ཀྱི་བྱེད་སྒོ་གལ་ཆེན་ནང་ཞུགས་ཡོད། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐུལ་འདེད་བཏང་ཞིང་། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་རྒྱབ་སྐྱོར་བྱས་ནས། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་འདུས་གྲུབ་གཏོད་པའི་གྲོས་གཞི་བཏོན་ཡོད། ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
       ལོ་གཅིག་རིང་གི་ལས་དོན་ནི་ལས་སླ་པོ་ཞིག་གཏན་ནས་མིན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཡོངས་ལ་ལྟ་རྟོག་དང་རང་འགན་གཙང་སྒྲུབ་བྱས་པ་དང་། ཁྲོམ་རའི་བྱེད་པོ་དུང་ཕྱུར་མང་པོས་རྡབ་རྡེག་ལ་ཁ་གཏད་འཇལ་བའི་ཁྲོད་འགྱུར་མེད་ཀྱི་སེམས་ཤུགས་བརྟན་པོ་མངོན་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དཀའ་སྤྱད་ལས་བརྩོན་དང་དུས་ངལ་མཉམ་སེལ་བྱས་པས། ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པའི་མི་རིགས་ཀྱི་སྙིང་སྟོབས་གསལ་བཤད་བྱས་ལ། མི་དམངས་ནི་དཔའ་བོ་ངོ་མ་ཡིན་པ་གསལ་པོར་མཚོན་ཡོད། འདི་ནི་ང་ཚོ་དཀའ་ངལ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན།
       འཐུས་མི་རྣམ་པ།
       འདས་པའི་ལོ་གཅིག་རིང་ཐོབ་པའི་གྲུབ་འབྲས་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བའི་འབྲས་བུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་བའི་འབྲས་བུ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུ་བཅས་ཡིན། ངས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། དམངས་གཙོ་ཏང་ཤོག་ཁག་དང་མི་དམངས་ཀྱི་ཚོགས་པ་ཁག ལས་རིགས་ཁག་གི་མི་སྣ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་པ། ཕྱིར་སྡོད་སྤུན་ཟླ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་གོ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། རྒྱལ་སྤྱིའི་རྩ་འཛུགས། རྒྱལ་ཁབ་ཁག་གི་གྲོགས་པོ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
       གྲུབ་འབྲས་ལ་ཁས་ལེན་བྱེད་པ་དང་ཆབས་ཅིག ང་ཚོས་མདུན་དུ་འཕྲད་པའི་དཀའ་ངལ་དང་འགྲན་སློང་ཡང་གསལ་པོར་མཐོང་བར་བྱེད་དགོས། ཏོག་གསར་གློ་ཚད་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་མཆེད་པ་དང་། རྒྱལ་སྤྱིའི་གནས་བབ་ཁྲོད་བརྟན་པོ་མིན་པ་དང་ངེས་གཏན་མིན་པའི་རྒྱུ་རྐྱེན་ཇེ་མང་ཡིན་ལ། འཛམ་གླིང་དཔལ་འབྱོར་གྱི་གནས་བབ་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཞིག་ཡོད། རྒྱལ་ནང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐད་སྔར་བཞིན་ཞན་ཆ་ཡོད་པ་དང་། དཔལ་འབྱོར་སླར་གསོའི་རྨང་གཞི་ད་དུང་བརྟན་པོ་མེད་པ། གྲོང་མིའི་འཛད་སྤྱོད་ལ་སྔར་བཞིན་ཚོད་འཛིན་ཕོག་པ། མ་དངུལ་འཇོག་པའི་འཕར་སྣོན་གྱི་གཏིང་ཤུགས་མི་འདང་ལ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ལ་དཀའ་ངལ་ཅུང་མང་ཞིང་ལས་ཞུགས་བརྟན་པོ་ཡོང་བར་གནོན་ཤུགས་ཅུང་ཆེན་པོ་ཡོད། ཁྱབ་ཁོངས་གནད་འགག་གི་གསར་གཏོད་ནུས་པ་ཅུང་ཞན་པ་དང་། ས་གནས་ཁ་ཤས་ཀྱི་ནོར་སྲིད་གཏོང་ཡོང་གི་འགལ་བ་འབུར་ཐོན་ཡིན་ལ། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱེད་པའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་འགན་ལྕི་ལ་ལམ་ཐག་རིང་བ་དང་། དམངས་འཚོའི་ཁྱབ་ཁོངས་སུ་ད་དུང་ཆད་སྐྱོན་མི་ཉུང་བ་ཞིག་ཡོད། སྲིད་གཞུང་གི་ལས་དོན་ཐད་མི་འདང་ས་ཡོད་ཅིང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཚད་མི་འདྲ་བ་གནས་ཡོད། ལས་བྱེད་པ་ཉུང་ཤས་ཀྱིས་འགན་མི་འཁུར་བ་དང་། དགོས་པའི་ལས་མི་སྒྲུབ་པའམ་ལེགས་པོ་སྒྲུབ་ཀྱི་མེད། ཁྱབ་ཁོངས་ཁ་ཤས་སུ་རུལ་སུངས་ཀྱི་གནད་དོན་སྔར་བཞིན་ཐོན་གྱི་ཡོད། ང་ཚོས་ངེས་པར་དུ་གནད་དོན་དང་འགྲན་སློང་ལ་ཁ་གཏད་དེ། སེམས་ནུས་ཡོད་རྒུས་ལས་ཀ་བྱེད་སྟངས་ལེགས་བཅོས་བྱས་ནས་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་གཏན་ནས་གཏོང་མི་རུང་།
གཉིས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་དམིགས་ཚད་དང་ལས་འགན་གཙོ་བོ།
       འདས་པའི་ལོ་ལྔའི་རིང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་ཀྱི་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་ཡོད། དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་ལྷིང་ཡིན་པ་དང་། དཔལ་འབྱོར་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་70མི་ཟིན་པ་ནས་སྒོར་དུང་ཕྱུར་ཁྲི་100ལས་བརྒལ་བར་འཕར་སྣོན་བྱུང་ཡོད། གསར་གཏོད་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། མི་བཞུགས་འཇིག་རྟེན་འཕུར་སྐྱོད་དང་། ཟླ་དཔྱད་ལས་གྲྭ མཚོ་གཏིང་ལས་གྲྭ རིམ་འདས་རྩིས་རྒྱག ཚད་རྡུལ་ཆ་འཕྲིན་སོགས་ཁྱབ་ཁོངས་སུ་ཚན་རྩལ་གྱི་གྲུབ་འབྲས་གལ་ཆེན་ཁག་གཅིག་ཐོབ་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཅིང་། གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཁྲི་5575དབུལ་སྒྲོལ་ཐུབ་པ་དང་། ཡིག་ཚགས་དང་གཱ་་བཟོས་པའི་མི་འབོར་དབུལ་པོ་ཁྲི་960ལྷག་ཙམ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ་བརྒྱུད། “ཡུལ་གཅིག་གི་ས་ཆུས་ཡུལ་དེ་གའི་མི་གསོ་དཀའ་བའི”དཀའ་གནད་ལས་བསྒྲལ་ཡོད། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཕོངས་ཐག་བཅད་པ་དང་། དབུལ་པོ་དབུལ་རྐྱང་སེལ་བའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་འགྲུབ་བྱུང་ཡོད། ཞིང་ལས་དེང་རབས་ཅན་དུ་སྐུལ་འདེད་བརྟན་པོ་བཏང་བས་འབྲུ་རིགས་ཐོན་སྐྱེད་ལ་ལོ་བསྟུད་མར་ལོ་ལེགས་བྱུང་ཡོད། ཞིང་ལས་གནས་སྤོས་མི་འབོར་དུང་ཕྱུར་1དང་རྒྱུན་སྡོད་མི་འབོར་གཞན་དག་གྲོང་ཁྱེར་དང་གྲོང་རྡལ་དུ་ཁྱིམ་གཞིས་ཆགས་པའི་དམིགས་ཚད་བདེ་བླག་ངང་མངོན་འགྱུར་བྱུང་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་བྱས་ཚད་ཁྲི་2100ལས་བརྒལ་ཡོད། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་ལ་སྐུལ་སྤེལ་ཏན་ཏིག་བཏང་ཡོད། སྦགས་བཙོག་འགོག་བཅོས་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཐོན་ཁུངས་དང་ནུས་ཁུངས་བེད་སྤྱོད་བྱེད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཞིང་། སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། དངུལ་རྩའི་ཉེན་ཁ་ཐག་གཅོད་བྱེད་པར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱེད་པར་ཚད་བརྒལ་ཆེན་པོ་བྱུང་བ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་ཞིང་། “གཤམ་སྤྲོད་དོ་དམ་ཞབས་ཞུ”གསུམ་གྱི་སྒྱུར་བཅོས་རྒྱུན་ཆད་མེད་པར་ཟབ་ཏུ་སྤེལ་བ་དང་། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་མུ་མཐུད་ཆེ་རུ་བཏང་བས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་དུ་འཕར་བའི་ལས་ཞུགས་ཐུབ་ཚད་མི་ཁྲི་6000ལས་བརྒལ་ཞིང་། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་བཙུགས་པ་དང་། དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་པོ་སྐྱོན་ཅན་ཚབས་ཆེ་བའི་བདག་སྐྱོང་ཁ་གསབ་སྤྲོད་པའི་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་ཡོད། སློབ་གསོ་དང་འཕྲོད་བསྟེན། རིག་གནས་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་སྟེ། སློབ་གསོའི་དྲང་སྙོམས་དང་སྤུས་ཚད་ཅུང་མཐོ་རུ་ཕྱིན་པ་དང་། སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་མགྱོགས་པོ་ཕྱིན་པ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་བྱུང་ཡོད། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་ཆུ་ཚད་ཚད་མཐོ་པོས་མཐོ་རུ་ཕྱིན་ཞིང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱུང་ཡོད། ལོ་ལྔའི་རིང་མུ་མཐུད་འབད་འཐབ་བྱས་པ་བརྒྱུད“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་གཙོ་བོ་རྒྱལ་ཁའི་ངང་ལེགས་འགྲུབ་བྱུང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་མདུན་ཕྱོགས་སུ་གོམ་སྟབས་གསར་པ་ཞིག་སྤོས་ཡོད།
       “ལོ་ལྔ་ཚན་བཅུ་བཞི་པའི”རིང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པ་འབྱེད་པའི་ལོ་ལྔ་ཚན་དང་པོ་ཡིན། རང་རྒྱལ་གྱི་འཕེལ་རྒྱས་དེ་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ཞིག་ཏུ་གནས་ཡོད་མོད། འོན་ཀྱང་གོ་སྐབས་དང་འགྲན་སློང་ཚང་མར་འཕེལ་རྒྱས་དང་འགྱུར་ལྡོག་གསར་པ་བྱུང་ཡོད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཡང་དག་པར་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་མགྱོགས་མྱུར་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱིས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགོ་ཡག་པོ་འཛུགས་དགོས།
       《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་རྒྱང་རིང་གི་དམིགས་ཚད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི》ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དང་2035ལོའི་རྒྱང་རིང་གི་དམིགས་ཚད་རྩ་གནད(མ་ཟིན)》བཟོས་ཡོད། 《རྩ་གནད་ཀྱི་མ་ཟིན》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་དང་ལས་འགན་གལ་ཆེན་མཐོང་ཆོས་ཅན་དང་གྲངས་ཚད་ཅན་དུ་བཏང་ཡོད། རྩ་གནད་ཀྱི་མ་ཟིན་ཧྲིལ་པོ་ཚོགས་ཆེན་ལ་གྲོས་ཞིབ་གནང་བར་ཕུལ་བ་དང་། གཤམ་དུ་ཕྱོགས་འགའི་ཐད་ནས་མདོར་ཙམ་བརྗོད་རྒྱུ་ཡིན་ཏེ།
       —— འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་ནས། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། འཕེལ་རྒྱས་ནི་རང་རྒྱལ་གྱི་གནད་དོན་མཐའ་དག་ཐག་གཅོད་པའི་རྨང་གཞི་དང་འགག་རྩ་ཡིན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ངེས་པར་དུ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ནི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་ཁྱབ་པར་བྱེད་ཅིང་། ཕྱོགས་གང་ཅིའི་ལས་ཀའི་གཙོ་གནད་དེ་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བའི་ཐད་འཇོག་པར་སྣེ་ཁྲིད་པ་དང་། འཕར་སྣོན་གྱི་གཏིང་ཤུགས་འདོན་སྤེལ་གང་ལེགས་བྱེད་པར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་བྱས་ཏེ། ལོ་འཁོར་སོ་སོའི་གནས་ཚུལ་ལ་གཞིགས་ནས་དཔལ་འབྱོར་འཕར་སྣོན་གཏོང་བའི་སྔོན་དཔག་དམིགས་ཚད་འདོན་པ་དང་། ལས་མི་ཡོངས་ཀྱི་ངལ་རྩོལ་ཐོན་སྐྱེད་ལས་ཆོད་འཕར་ཚད་དེ་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་འཕར་ཚད་ལས་མཐོ་བ་བྱེད་ཅིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ཀྱི་ལས་ཀ་ཤོར་ཚད་5.5%ཡི་ནང་དུ་ཚོད་འཛིན་བྱེད་པ་དང་། ཟོག་གོང་གི་ཆུ་ཚད་སྤྱིའི་ཆ་ནས་བརྟན་བརླིང་ཡོང་བ་རྒྱུན་འཁྱོངས་བྱས་ནས། སྔར་བས་སྤུས་ཚད་མཐོ་ཞིང་ལས་ཆོད་ཆེ་བ་དང་། སྔར་བས་དྲང་གཞག་ཡིན་ལ་རྒྱུན་མཐུད་ཆོག་པ། སྔར་བས་བདེ་འཇགས་ཡིན་པ་བཅས་ཀྱི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་དགོས།
       —— གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། དེང་རབས་ཀྱི་ཐོན་ལས་མ་ལག་འཕེལ་རྒྱས་མགྱོགས་པོ་གཏོང་དགོས། རང་རྒྱལ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་སྤྱི་ཡོངས་ཁྲོད་ཀྱི་གསར་གཏོད་ཀྱི་སྲོག་ཤིང་གནས་བབ་རྒྱུན་འཁྱོངས་བྱས་ཏེ། ཚན་རྩལ་གྱི་རང་ཚུགས་རང་བརྩོན་དེ་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་དུ་འཇོག་དགོས། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཚོད་ལྟ་ཁང་གིས་སྣེ་ཁྲིད་པའི་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་གང་མགྱོགས་ཀྱིས་སྐྱེད་པ། གནད་འགག་དང་སྲོག་ཤིང་གི་ལག་རྩལ་འགག་སྒྲོལ་བྱེད་པའི་ལས་ཀ་ལེགས་པོ་སྒྲུབ་པ། རྨང་གཞིའི་ཞིབ་འཇུག་གི་ལོ་བཅུའི་བྱ་སྤྱོད་ཇུས་གཞི་གཏན་འབེབས་དང་ལག་བསྟར་བྱེད་པ། ཁེ་ལས་ཀྱི་ལག་རྩལ་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣའི་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་བྱེད་པ། ཚན་རྩལ་གསར་གཏོད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་གཏོང་ཚད་ཀྱི་ལོ་རེའི་ཆ་སྙོམས་ཀྱི་འཕར་ཚད་7%ཡན་དུ་སླེབས་པ་དང་གཏོང་ཚད་དེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དོན་དངོས་ལས་ཆེ་བ་ཡོང་བར་བརྩོན་ལེན་བཅས་བྱེད་དགོས། ཚན་རིག་ཁྱབ་གདལ་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་དགོས། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དངོས་གཞིའི་དཔལ་འབྱོར་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས། ཐོན་ལས་ཀྱི་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་སྦྲེལ་ཐག་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་སྡུར་ཚད་གཞི་རྩའི་ཐོག་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱེད་པ། སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤོར་བྱེད་པ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས། ཞབས་ཞུའི་ལས་རིགས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་བཀོད་དང་རྨང་གཞིའི་སྒྲིག་བཀོད་རིགས་གསར་པ་འཛུགས་སྐྲུན་བྱེད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་དགོས། གྲངས་ཀ་ཅན་གྱི་འཕེལ་རྒྱས་མགྱོགས་སུ་བཏང་ནས། གྲངས་ཀའི་དཔལ་འབྱོར་གྱི་ལེགས་ཆ་གསར་པ་གཏོད་པ་དང་། གྲངས་ཀའི་ཐོན་ལས་ཅན་དང་ཐོན་ལས་གྲངས་ཀ་ཅན་དུ་རིགས་སྒྱུར་བར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། གྲངས་ཀའི་སྤྱི་ཚོགས་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ། གྲངས་ཀའི་སྲིད་གཞུང་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་བ། གྲངས་ཀའི་སྐྱེ་ཁམས་བཟང་པོ་གཏོད་པ་བཅས་བྱས་ནས་གྲངས་ཀའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས།
       —— རྒྱལ་ནང་གི་ཁྲོམ་ར་སྟོབས་ལྡན་ཆགས་པར་བྱས་ནས། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་སྐྲུན་དགོས། ནང་མཁོ་རྒྱ་སྐྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པ་དེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་སྤེལ་བ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། གསར་གཏོད་ཀྱིས་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོན་པོས་མཁོ་སྤྲོད་བྱེད་པར་བརྟེན་ནས་དགོས་མཁོ་གསར་པར་སྣེ་ཁྲིད་དང་གསར་གཏོད་བྱེད་དགོས། རྒྱུ་རྐྱེན་གཙོ་བོ་འཁོར་རྒྱུག་ལུགས་མཐུན་ཡོང་བར་ཚོད་འཛིན་བྱེད་པའི་འགག་གནས་མེད་པར་བཟོས་ནས། ཐོན་སྐྱེད་དང་། བགོ་བཤའ། འཁོར་རྒྱུག འཛད་སྤྱོད་བཅས་ཀྱི་ལྷུ་ཚིགས་སོ་སོ་འབྲེལ་མཐུད་བྱས་ཏེ། རྒྱལ་དམངས་དཔལ་འབྱོར་གྱི་འཁོར་རྒྱུག་ལེགས་པོ་ཡོང་བ་བྱེད་དགོས། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོར་གཞི་ཚུགས་ཏེ། རྒྱལ་ནང་གི་ཁྲོམ་ར་སྟོབས་ལྡན་དང་ཉོ་ཚོང་སྟོབས་ལྡན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། རྒྱལ་ནང་གི་དཔལ་འབྱོར་འཁོར་རྒྱུག་མ་ལག་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ཀྱི་འཐེན་ཤུགས་ཆེན་པོ་ཆགས་པར་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཀར་སྐུལ་འདེད་གཏོང་དགོས། ནང་མཁོ་རྒྱ་སྐྱེད་པའི་ཕན་ནུས་ལྡན་པའི་ལམ་ལུགས་འཛུགས་པ་དང་། འཛད་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བ། མ་དངུལ་འཇོག་པའི་བར་སྟོང་རྒྱ་བསྐྱེད་ནས། ནང་མཁོའི་མ་ལག་ཆ་ཚང་སྐྱེད་སྲིང་གང་མགྱོགས་བྱེད་དགོས།
       —— གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཐབ་ཇུས་འཐུས་ཚང་དུ་གཏོང་དགོས། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་། རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་ནན་སྲུང་། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལས་གྲྭ་དང་ས་ནག་སྲུང་སྐྱོང་ལས་གྲྭ་ལག་བསྟར་བྱེད་པ། སོན་ཁུངས་བདེ་འཇགས་ཡོང་བར་འགན་ལེན་བྱེད་པ། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལག་བསྟར་བྱེད་པ་བཅས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། དབུལ་སྒྲོལ་ས་ཁུལ་གྱི་སྤྱི་ཡོངས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་དགོས། མི་ལྟེ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཐབ་ཇུས་ལ་སྐུལ་འདེད་ཟབ་མོ་བཏང་སྟེ། ཞིང་ལས་གནས་སྤོས་མི་འབོར་གྲོང་མི་ཅན་དུ་འགྱུར་ཚད་མགྱོགས་སུ་གཏོང་བ་དང་། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་65%ལ་སླེབས་པར་བྱེད་པ། གྲོང་ཁྱེར་ཁྱུ་ཚོགས་དང་གྲོང་ཁྱེར་སྐོར་ཚོགས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བ། རྫོང་གྲོང་དེ་གཞི་རྟེན་གལ་ཆེན་དུ་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་ལག་བསྟར་བྱེད་པ། སྡོད་ཁང་ཁྲོམ་རའི་མ་ལག་དང་སྡོད་ཁང་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རྒྱས་སྤུས་ཚད་མཐོ་རུ་གཏོང་དགོས།
       —— ས་ཁོངས་ཀྱི་དཔལ་འབྱོར་བཀོད་པ་ལེགས་སུ་བཏང་ནས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་དགོས། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས། གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཁོངས་དཔལ་འབྱོར་གྱི་བཀོད་པ་དང་རྒྱལ་ཁོངས་བར་སྟོང་གི་འདེགས་སྐྱོར་མ་ལག་འཛུགས་དགོས། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་གསུམ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་དང་། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་གཏོང་བ། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་བྱེད་པ། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་དུ་འཕེལ་རྒྱས་གཏོང་བ། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བ་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ཁར། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་དགོས། ནུབ་རྒྱུད་ཐོན་འབྱེད་ཆེ་མོར་བཀོད་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་བ་དང་། བྱང་ཤར་དར་རྒྱས་ལ་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་བ། དབུས་རྒྱུད་ས་ཁུལ་དར་རྒྱས་མགྱོགས་མྱུར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཤར་རྒྱུད་ས་ཁུལ་གྱིས་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་མགྱོགས་པོ་བྱེད་པར་བསྔགས་སྐུལ་བྱེད་དགོས། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་བར་འཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱས་ནས། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བར་སྟོང་ཧུར་ཐག་གིས་རྒྱ་སྐྱེད་དགོས།
       —— སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་ཟབ་སྤེལ་བྱས་ཏེ། འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་འཛུགས་པ་དང་། ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་སྐུལ་སློང་བྱེད་དགོས། གཞུང་དབང་དཔལ་འབྱོར་གྱི་བཀོད་པ་ལེགས་སུ་དང་གྲུབ་ཆ་ལེགས་སྒྲིག་བྱེད་མགྱོགས་སུ་བཏང་ནས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ལེགས་སུ་གཏོང་དགོས། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་འཛུགས་སྐྲུན་བྱེད་པ་དང་། རྒྱུ་ནོར་བདག་དབང་ལམ་ལུགས་ཕྱོགས་ཡོངས་ནས་འཐུས་ཚང་དུ་གཏོང་དགོས། རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་དུ་བཀོད་སྒྲིག་བྱེད་པའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། འགྲན་རྩོད་སྲིད་ཇུས་ཀྱི་རྨང་གཞིའི་གནས་བབ་ལ་ཤུགས་སྣོན་རྒྱག་པ། འགྲན་རྩོད་ཀྱི་སྲིད་ཇུས་སྒྲོམ་གཞི་འཐུས་སྒོ་ཚང་དུ་གཏོང་དགོས། དེང་རབས་ཀྱི་ནོར་ཁྲལ་དངུལ་རྩའི་སྒྲིག་སྲོལ་བཙུགས་ནས། སྲིད་གཞུང་གི་དཔལ་འབྱོར་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་དགོས། “གཤམ་སྤྲོད་དོ་དམ་ཞབས་ཞུ”གསུམ་གྱི་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ཚོང་གཉེར་ཁོར་ཡུག་ཡག་ཤོས་འཛུགས་དགོས། ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་པ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཉོ་ཚོང་ཁུལ་གྱི་དྲ་རྒྱ་འཛུགས་དགོས།
       —— ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་དགོས། རི་སྔོན་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་མ་ལག་དང་ལྡན་པར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྐྱེ་ཁམས་སྲུང་ཡོལ་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་བསྐྲུན་ནས་ནགས་ཚལ་ཁྱབ་ཚད་24.1%ཟིན་པར་བྱེད་དགོས། ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་བྱེད་པ་དང་། སྦགས་བཙོག་ཆེ་བའི་གནམ་གཤིས་དང་གྲོང་ཁྱེར་གྱི་བཙོག་ཆུ་དྲི་ཅན་གཞི་རྩའི་ཆ་ནས་མེད་པར་བཟོ་དགོས། 2030ལོར་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་རང་བརྟེན་བྱས་རྗེས་ཀྱི་དམིགས་ཚད་དོན་འཁྱོལ་བྱེད་དགོས། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཏུ་རིགས་སྒྱུར་རྒྱུ་མགྱོགས་སུ་གཏོང་བ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོང་བྱེད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་ཞིང་། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་དང་དབྱང་གཉིས་ཐན་རྫས་འབུད་ཚད་སོ་སོར་13.5%དང་18%ཆག་པར་བྱེད་དགོས།
       —— དམངས་འཚོའི་བདེ་རྩ་མུ་མཐུད་ཆེ་རུ་བཏང་སྟེ། ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་ཏན་ཏིག་གཏོང་དགོས། གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་རྒྱུན་འཁྱོངས་བྱས་ནས། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་རྩ་གནད་གཏན་འབེབས་བྱས་ནས། མི་དམངས་ཡོངས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་དྲང་སྙོམས་ངང་ཐོབ་པར་བྱེད་དགོས། ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་བྱས་ནས་ལས་ཞུགས་ཤོང་ཚད་རྒྱ་སྐྱེད་དགོས། ཡོང་འབབ་དམའ་བའི་མི་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏོང་བར་ཤུགས་རྒྱག་པ་དང་། ཡོང་འབབ་འབྲིང་ཙམ་གྱི་མི་ཚོགས་རྒྱ་སྐྱེད་དགོས། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་སྣོན་བྱུང་བ་དེ་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་སྣོན་བྱུང་བ་དང་གཞི་རྩའི་ཐོག་དུས་མཉམ་ཡོང་བ་བྱེད་དགོས། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་བྱས་ཏེ། སློབ་གསོའི་སྒྱུར་བཅོས་ཟབ་སྤེལ་དང་། སློབ་གསོའི་སྤུས་འདེགས་ཤོང་སྐྱེད་ལས་གྲྭ་ལག་བསྟར། ངལ་རྩོལ་གྱི་ལོ་ཚད་ལོན་པའི་མི་འབོར་ལ་ཆ་སྙོམས་ཀྱི་སློབ་གསོ་ཐོབ་ཚད་ལོ་11.3བར་མཐོར་འདེགས་བཅས་གཏོང་དགོས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། སྤྱི་པའི་འཕྲོད་བསྟེན་མ་ལག་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་ཞབས་ཞུའི་དྲ་བ་འཐུས་ཚང་དུ་གཏོང་བ། དམངས་ཡོངས་ཀྱི་ལུས་སྦྱོང་ལུས་རྩལ་རྒྱ་ཁྱབ་ཏུ་སྤེལ་བ་བཅས་བྱས་ནས། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ད་དུང་ལོ་གཅིག་ཇེ་མཐོར་གཏོང་དགོས། མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་། “རྒན་གཅིག་ཆུང་གཅིག”གཙོ་གནད་དུ་བཟུང་ནས་མི་འབོར་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། བུ་བཙའི་སྲིད་ཇུས་ལེགས་སུ་གཏོང་བ་དང་། འོས་འཚམ་གྱི་བུ་བཙའི་ཆུ་ཚད་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བ། ཀུན་ཕན་གྱི་བུ་བཅོལ་དང་གཞི་རྩའི་རྒན་གསོའི་ཞབས་ཞུའི་མ་ལག་འཕེལ་རྒྱས་བཏང་ནས། ཁྲིམས་བཀོད་ལས་འཁྱུར་ངལ་གསོའི་ལོ་ཚད་རིམ་བཞིན་ཕྱིར་འགྱངས་བྱེད་དགོས། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་ཚད་95%བར་ཇེ་མཐོར་གཏོང་བ། སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་དགེ་སྒྲུབ་ལམ་ལུགས་ལེགས་བཅོས་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་དང་། སྤྱི་ཚོགས་ཀྱི་ཤེས་དཔལ་དར་ཚད་ཇེ་མཐོ། ཡིད་རྟོན་གྱི་རིག་གནས་དར་སྤེལ། ཡིད་རྟོན་གྱི་སྤྱི་ཚོགས་འཛུགས་སྐྱོང་། སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཅས་བྱས་ནས། དེང་རབས་ཅན་གྱི་རིག་གནས་ཐོན་ལས་མ་ལག་འཐུས་ཚང་གཏོང་དགོས།
       —— འཕེལ་རྒྱས་དང་བདེ་འཇགས་ཡོང་བར་གཅིག་གྱུར་འཆར་འགོད་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་དུས་བདེ་ཞོད་འཇགས་ཀྱི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་ཀྱི་དཔལ་འབྱོར་བདེ་འཇགས་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས། འབྲུ་རིགས་དང་། ནུས་ཁུངས་ཐོན་ཁུངས། དངུལ་རྩ་བཅས་ཀྱི་བདེ་འཇགས་འཐབ་ཇུས་ལག་བསྟར་བྱེད་པ་དང་། འབྲུ་རིགས་ཕྱོགས་བསྡུས་ཀྱིས་ཐོན་སྐྱེད་བྱེད་པའི་ནུས་པ་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་དུ་རྒྱུན་འཁྱོངས་བྱས་ནས། ཕྱོགས་བསྡུས་ཀྱི་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་དགོས། སྤྱི་པའི་བདེ་འཇགས་འགན་སྲུང་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ། སྤྱི་ཚོགས་བརྟན་ལྷིང་དང་བདེ་འཇགས་ཡོང་བ་སྲུང་སྐྱོང་བྱེད་དགོས།
       མ་འོངས་པར་རྒྱང་ལྟ་བྱས་ཚེ། མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་གི་དཀའ་ངལ་དང་བར་ཆད་དག་ལས་རྣམ་པར་རྒྱལ་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ལེ་ཚན་གསར་པ་གཏོད་པར་ང་ཚོར་ཡིད་ཆེས་ཡོད་ལ་ནུས་པའང་ཡོད།
གསུམ། 2021ལོའི་ལས་དོན་གཙོ་བོ།
       འདི་ལོ་ནི་རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་འཕེལ་རིམ་ཁྲོད་དམིགས་བསལ་གྱི་གལ་ཆེན་རང་བཞིན་ལྡན་པའི་ལོ་ཞིག་ཡིན། སྲིད་གཞུང་གི་ལས་དོན་ལེགས་པར་སྒྲུབ་པར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་སྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་འཛིན་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཟབ་སྤེལ་བྱེད་པ་གཙོ་ཐིག་ཏུ་འཛིན་པ། སྒྱུར་བཅོས་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་བྱེད་པ། མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བཞིན་པའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བ་རྩ་བའི་དམིགས་ཡུལ་དུ་འཛིན་པ། མ་ལག་གི་ལྟ་བ་རྒྱུན་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་ལེགས་པས་གཅིག་གྱུར་འཆར་འགོད་བྱེད་པ། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། “འགན་སྲུང་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྤྱི་ཁོག་སྲིད་ཇུས་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་ཐུབ་པར་འབད་བརྩོན་བྱེད་པ། ནང་མཁོ་རྒྱ་སྐྱེད་པའི་འཐབ་ཇུས་རྒྱུན་འཁྱོངས་བྱེད་པ། ཚན་རྩལ་འཐབ་ཇུས་ཀྱི་འདེགས་སྐྱོར་ཆེ་རུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་སྒོ་ནས“ལོ་ལྔ་ཚན་བཅུ་བཞི་པ”འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་བའི་འགན་ལེན་གྱིས་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་དགོས།
       ད་ལོར་རང་རྒྱལ་གྱི་འཕེལ་རྒྱས་ལ་སྔར་བཞིན་ཉེན་ཁ་དང་འགྲན་སློང་མི་ཉུང་བར་ཕྲད་ནའང་དཔལ་འབྱོར་ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་གཞི་རྩའི་རྣམ་པར་འགྱུར་ལྡོག་བྱུང་མེད། ང་ཚོས་ཡིད་ཆེས་བརྟན་པོ་དང་། འགག་སྒྲོལ་དཀའ་སེལ། སླར་གསོ་རང་བཞིན་གྱི་འཕར་སྣོན་ཡོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུ་རྒྱུན་འཁྱོངས་ཧུར་ཐག་བྱེད་དགོས།
       འདི་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6%ཡན་འཕར་བར་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས་ཁྲི་1100ཡན་གསར་དུ་འཕར་བར་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ཀྱི་ལས་ཀ་ཤོར་ཚད་5.5%ཡས་མས་སུ་ཚོད་འཛིན་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ཡས་མས་སུ་ཚོད་འཛིན་བྱ་རྒྱུ། ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་བརྟན་པོ་དང་སྤུས་ཚད་ལེཌ་སུ་གཏོང་རྒྱུ། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་མཉམ་ཡོང་བ་བྱ་རྒྱུ། གྲོང་མིའི་ཡོང་འབབ་བརྟན་པོའི་ངང་འཕར་སྣོན་གཏོང་རྒྱུ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྔར་ལས་ལེགས་པར་གཏོང་རྒྱུ། རྩིས་གཞི་རེའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་གྲོན་3%ཡས་མས་གཅོག་རྒྱུ། སྦགས་བཙོག་དངོས་རིགས་གཙོ་བོ་འབུད་གཏོང་བྱེད་ཚད་བསྟུད་མར་གཅོག་རྒྱུ། འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས་ཐུབ་པ་བྱ་རྒྱུ་བཅས་རེད།
       དཔལ་འབྱོར་འཕར་ཚད་ནི་ཕྱོགས་བསྡུས་རང་བཞིན་གྱི་དམིགས་ཚད་ཅིག་ཡིན་ཞིང་། འདི་ལོའི་སྔོན་དཔག་དམིགས་ཚད་ནི་6%ཡན་དུ་གཏན་འབེབས་བྱས་པ་དེ། དཔལ་འབྱོར་འཁོར་རྒྱུག་སླར་གསོ་བྱུང་ཚུལ་ལ་བསམ་གཞིགས་བྱས་པས། ཕྱོགས་སོ་སོར་སྣེ་ཁྲིད་དེ་སེམས་ཤུགས་གཅིག་སྒྲིལ་གྱིས་སྒྱུར་བཅོས་གསར་གཏོད་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། དཔལ་འབྱོར་འཕར་ཚད་དང་ལས་ཞུགས། ཟོག་གོང་སོགས་ཀྱི་སྔོན་དཔག་དམིཌ་ཚད་ལས་དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་ཐུབ་དགོས་པའི་བླང་བྱ་མཚོན་ལ། དེ་སླད་ཕྱིན་གྱི་དམིགས་ཚད་དང་འབྲེལ་མཐུད་བརྟན་པོ་བྱས་ན། རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱེད་པར་ཕན་ཐོཌ་ཡོད།
       འདི་ལོའི་ལས་དོན་ཡག་པོ་སྒྲུབ་པར། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྔར་ལས་ལྷག་པར་གཅིག་གྱུར་འཆར་འགོད་བྱེད་དགོས། རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་དང་ཆ་ཤས་ཀྱི་འཕྲལ་སྡོམ་ཐག་གཅོད་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཕྱི་ནས་ནང་མཆེད་འགོག་པ་དང་ནང་ནས་བསྐྱར་ལོག་འགོག་པའི་ལས་ཀ་མུ་མཐུད་ལྷོད་གཡེང་སྤུ་ཙམ་མེད་པར་ཡག་པོ་སྒྲུབ་པ་དང་། གཙོ་གནད་ས་ཁོངས་དང་འགག་རྩའི་ལྷུ་ཚིགས་སྔོན་འགོག་དང་ཚོད་འཛིན་བྱེད་པར་དམ་འཛིན་ཡག་པོ་བྱེད་ཅིང་ཆད་སྐྱོན་སེལ་བ་དང་། མཉམ་འདུས་རང་བཞིན་གྱི་རིམས་ནད་དང་ནད་དཔེ་ཐར་ཐོར་འགོས་མཆེད་འགྲོ་བར་ནན་འགོག་བྱེད་ཅིང་། རིམས་འགོག་སྨན་ཁབ་ཞིབ་བཟོ་དང་རིན་མེད་དུ་རྒྱག་པར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ནས། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྔོན་འགོག་དང་ཚོད་འཛིན་བྱེད་ནུས་དང་ཆུ་ཚད་མཐོ་རུ་གཏོང་དགོས།
འདི་ལོར་གཤམ་གསལ་ཕྱོགས་འགའི་ཐད་ཀྱི་ལས་དོན་གཙོ་གནད་དུ་བཟུང་ནས་ལེགས་པར་སྒྲུབ་དགོས།
       (གཅིག) སྤྱི་ཁོག་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་། བརྟན་བརླིང་རང་བཞིན། རྒྱུན་མཐུད་ཐུབ་པའི་རང་བཞིན་བཅས་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་ལུགས་མཐུན་གྱི་བར་མཚམས་སུ་འཁོར་རྒྱུག་ཐུབ་པར་སྐུལ་འདེད་གཏོང་དགོས། བར་མཚམས་སྙོམ་སྒྲིག་བྱེད་པའི་རྨང་གཞིའི་ཐོག་ཕྱོགས་ངེས་སྙོམ་སྒྲིག་དང་། སྐབས་བསྟུན་སྙོམ་སྒྲིག གནད་འཁེལ་སྙོམ་སྒྲིག་བཅས་བྱེད་པར་ཤུགས་སྣོན་རྒྱག་དགོས། སྤྱི་ཁོག་སྲིད་ཇུས་ཀྱིས་ཁྲོམ་རའི་བྱེད་པོར་མུ་མཐུད་དཀའ་ངལ་སེལ་རོགས་བྱས་ནས། རྒྱབ་སྐྱོར་བྱེད་ཤུགས་དགོས་ངེས་རྒྱུན་འཁྱོངས་བྱེད་ཅིང་གློ་བུར་དུ་ཁ་སྒྱུར་མི་བྱེད་པར། དུས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས་དུས་ཐོག་ཏུ་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་སྟེ། དཔལ་འབྱོར་གྱི་གཞི་རྩའི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།
       དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་སྔར་ལས་རྒྱུན་མཐུད་ཐུབ་པ་བྱེད་དགོས། རིམས་ནད་ཚོད་འཛིན་ནུས་ལྡན་བྱུང་ཞིང་དཔལ་འབྱོར་རིམ་བཞིན་སླར་གསོ་བྱུང་བར་གཞིགས་ཏེ། འདི་ལོའི་མཚལ་ཡིག་3.2%ཡས་མས་སུ་བཀོད་སྒྲིག་བྱེད་རྩིས་ཡོད་པ་དེ་ན་ནིང་ལས་ཅུང་ཆག་ཡོད། རིམས་འགོག་གི་དམིགས་བསལ་རྒྱལ་བུན་འགྲེམས་སྤེལ་བྱ་རྒྱུ་མིན། ནོར་སྲིད་ཡོང་འབབ་སླར་གསོ་རང་བཞིན་གྱི་འཕར་སྣོན་བྱུང་བས། ནོར་སྲིད་གཏོང་སྒོའི་སྤྱིའི་གཞི་ཁྱོན་ན་ནིང་ལས་འཕར་སྣོན་གཏོང་རྒྱུ་སྟེ། གཙོ་གནད་ནི་སྔར་བཞིན་ལས་ཞུགས་འགན་སྲུང་དང་དམངས་འཚོ་འགན་སྲུང་། ཚོང་རའི་བྱེད་པོ་འགན་སྲུང་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན། ཀྲུང་དབྱང་གྱི་རིམ་པ་དེ་གའི་གཏོང་སྒོ་ལྡོག་འཕར་ཡོང་བ་མུ་མཐུད་བཀོད་སྒྲིག་བྱས་ཏེ། འཕྲལ་མཁོ་དང་ངེས་པར་མཁོ་བ་མིན་པའི་གཏོང་སྒོ་ཆེས་ཆེར་མར་གཅོག་པ་དང་། ས་གནས་ཀྱི་སྤྱིར་བཏང་རང་བཞིན་གྱི་གཏོང་སྤྲོད་སྤོ་སྒྱུར་7.8%འཕར་སྣོན་གཏོང་རྒྱུ་དང་དེའི་འཕར་ཚད་ན་ནིང་ལས་མངོན་གསལ་གྱིས་མཐོ་བ་ཡོད། དེའི་ནང་དོ་སྙོམས་རང་བཞིན་གྱི་གཏོང་སྤྲོད་སྤོ་སྒྱུར་དང་། རྫོང་རིམ་པའི་གཞི་རྩའི་ནོར་ཤུགས་འགན་སྲུང་ལམ་སྲོལ་གྱི་བྱ་དགའི་ཁ་གསབ་མ་དངུལ་སོགས་འཕར་ཚད་ཚང་མ་10%ལས་བརྒལ་དགོས། རྒྱུན་རྣམ་ཅན་གྱི་ནོར་སྲིད་མ་དངུལ་ཐད་ཀར་འབྱོར་བའི་ལམ་སྲོལ་འཛུགས་པ་མ་ཟད་ཁྱབ་ཁོངས་རྒྱ་སྐྱེད་ཅིང་། ཀྲུང་དབྱང་གི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་ཁྲི་2.8ཐད་ཀར་འབྱོར་བའི་ལམ་སྲོལ་དུ་འཇུག་པ་དང་དེའི་གཞི་ཁྱོན་ན་ནིང་ལས་མངོན་གསལ་དོད་པོས་ཆེ་བ་བྱས་ནས། གྲོང་ཁྱེར་དང་རྫོང་གཞི་རིམ་གྱི་ཁེ་ལས་དང་མང་ཚོགས་ལ་ཕན་པ་སྔར་བས་དུས་ཐོག་དང་ནུས་ལྡན་གྱིས་ནོར་ཤུགས་ཀྱི་རྒྱབ་སྐྱོར་བྱེད་དགོས། རིམ་ཁག་སྲིད་གཞུང་གིས་དམངས་ཀྱི་དོན་དུ་གྲོན་ཆུང་བྱེད་པ་དང་ཟ་མཁས་སྤྱོད་མཁས་ཀྱིས་འཚོ་བ་སྐྱེལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཞི་རྩའི་དམངས་འཚོའི་གཏོང་སྒོ་འཕར་བ་ལས་ཉུང་དུ་མི་འགྲོ་བའི་འགན་ལེན་བྱེད་པ་དང་། ཁྲོམ་རའི་བྱེད་པོ་ནི་རི་ཀླུང་གཏན་དུ་གནས་ཤིང་སྐྱེ་སྟོབས་ཀྱི་དཔལ་འབར་བ་ལྟར་ཡོང་བར་རོགས་རམ་བྱེད་དགོས།
       དཔྱ་ཁྲལ་གཅོག་པའི་སྲིད་ཇུས་ལེགས་བཅོས་དང་དོན་འཁྱོལ་བྱེད་དགོས། ཁྲོམ་རའི་བྱེད་པོའི་སྟོབས་ཤུགས་སླར་གསོ་དང་གསོན་ཤུགས་རྒྱས་པར་ད་དུང་རོགས་རམ་བྱེད་དགོས། ལམ་ལུགས་རང་བཞིན་གྱི་དཔྱ་ཁྲལ་གཅོག་པའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ནས། གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་གྱི་གནས་ཐང་འཕར་ཁྲལ་གྱི་གཟིགས་སྐྱོང་སོགས་དུས་མཚམས་རང་བཞིན་གྱི་སྲིད་ཇུས་ཁ་ཤས་ལག་བསྟར་བྱེད་ཡུན་རིང་དུ་གཏོང་བ་དང་། གྲུབ་ཆའི་རང་བཞིན་གྱི་དཔྱ་ཁྲལ་གཅོག་ཐབས་གསར་པ་ལག་བསྟར་བྱས་ཏེ། སྲིད་ཇུས་ཁག་གཅིག་ལེགས་སྒྲིག་བྱས་པ་ལས་ཐེབས་པའི་ཤུགས་རྐྱེན་ལ་ཁ་གཏད་འཇལ་དགོས། གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་གྱི་གནས་ཐང་འཕར་ཁྲལ་བསྡུ་འགོ་འཛུགས་གཞི་དེ་ཟླ་རེའི་ཚོང་འབོར་སྒོར་ཁྲི་10ནས་སྒོར་ཁྲི་15བར་མཐོ་རུ་གཏོང་དགོས། ལོ་རེར་དཔྱ་ཁྲལ་འཇལ་སྤྲོད་དགོས་ཚད་སྒོར་ཁྲི་100ལ་སླེབས་མེད་པའི་ཁེ་ལས་ཆུང་ཕྲན་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ལ། ད་སྤྱོད་གཟིགས་སྐྱོང་སྲིད་ཇུས་ཀྱི་རྨང་གཞིའི་ཐོག་ཐོབ་ཁྲལ་ཕྱེད་ཀ་ལས་བསྡུ་རྒྱུ་མིན། ས་གནས་ཁག་གིས་དཔྱ་ཁྲལ་གཅོག་པའི་སྲིད་ཇུས་དུས་ཐོག་ཏུ་དོན་འཁྱོལ་བྱས་ཏེ། ཁྲོམ་རའི་བྱེད་པོ་དག་གིས་ལོངས་སུ་སྤྱོད་འོས་ལོངས་སྤྱོད་ཐུབ་པར་འགན་ལེན་བྱེད་དགོས།
       གཟབ་བརླིང་གི་དངུལ་ལོར་སྲིད་ཇུས་སྐབས་བསྟུན་གནད་འཁེལ་དང་ལུགས་མཐུན་འོས་འཚམ་ཡིན་དགོས། དངོས་གཞིའི་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་སྟེ། དཔལ་འབྱོར་སླར་གསོ་དང་ཉེན་ཁ་སྔོན་འགོག་བྱེད་པའི་འབྲེལ་བ་ལེགས་པར་ཐག་གཅོད་དགོས། དངུལ་ལོར་འགྲེམས་གྲངས་དང་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་རུབ་བྱེད་ཁྱོན་གྱི་འཕར་ཚད་དེ་མིང་ཐོག་གི་དཔལ་འབྱོར་འཕར་ཚད་དང་གཞི་རྩའི་ཆ་ནས་ཟླ་སྒྲིལ་འབྱུང་བ་དང་། འཁོར་རྒྱུག་རང་བཞིན་ལུགས་མཐུན་དང་འདང་ངེས་ཡོད་ཅིང་། སྤྱི་ཁོག་གི་བཀན་ཤིང་ནུས་ཚད་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་བྱེད་དགོས། མི་དམངས་ཤོག་སྒོར་གྱི་དངུལ་བརྗེས་འཛའ་ཐང་ལུགས་མཐུན་དང་དོ་མཉམ་གྱི་ཆུ་ཚད་ཐོག་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ་བྱེད་དགོས། ཁེ་ལས་ཆུང་ཕྲན་གྱིས་མ་དངུལ་བསྡུ་དཀའི་གནད་དོན་ལེགས་པར་སེལ་དགོས། ཀུན་ཕན་ཅན་གྱི་ཁེ་ལས་ཆུང་ཕྲན་གྱིས་དངུལ་བུན་གྱི་མ་སྐྱེད་འགྱངས་སྤྲོད་བྱེད་པའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་པ་དང་། དངུལ་བུན་བསྐྱར་གཏོང་དང་གསབ་དངུལ་བསྐྱར་སྤྲོད་བྱེད་པའི་ཀུན་ཕན་དངུལ་རྩར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁེ་ལས་ཆུང་ཕྲན་གྱི་མ་དངུལ་བསྡུ་རུབ་ཀྱི་ཁག་ཐེག་གྲོན་དངུལ་གཅོག་པ་དང་བྱ་དགའ་དང་ཁ་གསབ་སྲིད་ཇུས་སྤྱོད་ཡུན་རིང་དུ་གཏོང་རྒྱུ་དང་། དངུལ་བུན་གྱི་ཉེན་ཁ་འགན་བགོས་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ཀྱི་གོམ་སྟབས་མགྱོགས་སུ་གཏོང་དགོས། དངུལ་རྩའི་སྒྲིག་གཞིར་དཔྱད་ཞིབ་དང་གདེང་འཇོག་བྱེད་པ་དང་། རང་འགན་གཙང་མར་བསྒྲུབས་ན་འགན་འདེད་མི་བྱེད་པ་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། དངུལ་ཁང་གིས་ཡིད་རྟོན་དངུལ་བུན་གཏོང་གྲངས་མང་དུ་གཏོང་བ་དང་། དངུལ་བུན་ཐོག་མར་ལེན་པའི་དུད་ཚང་མུ་མཐུད་མང་དུ་གཏོང་བར་ཁྲིད་སྟོན་བྱེད་ཅིང་། ནམ་ཡང་གཡར་སྤྲོད་ཆོག་པའི་དངུལ་བུན་ཁྱབ་གདལ་བཏང་སྟེ། མ་དངུལ་སྔར་ལས་མང་བ་ཚན་རྩལ་གསར་གཏོད་དང་ལྗང་མདོག་འཕེལ་རྒྱས་ཕྱོགས་སུ་གཏོང་ཞིང་། ཁེ་ལས་ཆུང་ཕྲན་དང་སྒེར་གཉེར་བཟོ་ཚོང་དུད་ཚང་། ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་བཅས་ཀྱི་ཕྱོགས་སུ་གཏོང་དགོས་ལ། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་ལས་རིགས་དང་ཁེ་ལས་དག་ལ་ཕྱོགས་ངེས་རྒྱབ་སྐྱོར་བྱེད་དགོས། ཚོང་ལས་དངུལ་ཁང་ཆེ་གྲས་ཀྱིས་ཀུན་ཕན་ཅན་གྱི་ཁེ་ལས་ཆུང་ཕྲན་ལ་དངུལ་བུན་གཏོང་ཚད་30%ཡན་སྤར་དགོས། མཁོ་སྤྲོད་སྦྲེལ་ཐག་གི་དངུལ་རྩའི་ཞབས་ཞུའི་རྣམ་པ་གསར་གཏོད་བྱེད་ཅིང་། ཁེ་ལས་ཆུང་ཕྲན་གྱི་གཏོང་སྤྲོད་འགྲོ་ལུགས་འགྲིམ་དངུལ་འོས་འཚམ་གཅོག་དགོས། བཅོལ་དངུལ་གྱི་སྐྱེད་ཚད་ལ་ལྟ་སྐུལ་དོ་དམ་བྱེད་ཚུལ་ལེགས་སུ་གཏོང་བ་དང་། དོན་དངོས་ཀྱི་དངུལ་བུན་གྱི་སྐྱེད་ཚད་སྔར་བས་དམའ་རུ་གཏོང་བར་སྐུལ་འདེད་གཏོང་དགོས་ལ། དངུལ་རྩའི་མ་ལག་གིས་དངོས་གཞིའི་དཔལ་འབྱོར་ལ་ཁེ་བཟང་སྤྲོད་པར་མུ་མཐུད་ཁྲིད་སྟོན་བྱེད་དགོས། འདི་ལོར་ཁེ་ལས་ཆུང་ཕྲན་གྱིས་མ་དངུལ་བསྡུ་རུབ་བྱེད་པར་ངེས་པར་དུ་སྔར་ལས་སྟབས་བདེ་བཟོ་དགོས་ལ། ཕྱོགས་བསྡུས་མ་དངུལ་བསྡུ་རུབ་ཀྱི་མ་གནས་བརྟན་པོའི་ཐོག་གཅོག་ཐུབ་པ་བྱེད་དགོས།
       ལས་ཞུགས་དམིགས་བསལ་གྱིས་སྔོན་ལ་འཇོག་པའི་སྲིད་ཇུས་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་སྟོབས་ཤུགས་གཅིག་བསྡུས་ཀྱིས་ཕན་འབྲས་ཆེ་རུ་གཏོང་དགོས། ད་ཡོད་ལས་གནས་བརྟན་པོ་ཡོང་བར་ཤུགས་བརྒྱབ་སྟེ། ལས་མི་ཉུང་འཕྲི་མི་བྱེད་པ་དང་ལས་མི་ཉུང་འཕྲི་བྱས་པ་ཉུང་བའི་ཁེ་ལས་དག་ལ་དགོས་ངེས་ཀྱི་ནོར་ཁྲལ་དང་དངུལ་རྩ་སོགས་ཀྱི་སྲིད་ཇུས་ཐོག་ནས་མུ་མཐུད་རྒྱབ་སྐྱོར་བྱེད་དགོས། ལས་ཤོར་དང་ལས་རྨས་འགན་བཅོལ་གྲོན་དངུལ་གྱི་ཚད་མུ་མཐུད་ནས་དམའ་རུ་གཏོང་བ་དང་། ལས་ཤོར་འགན་བཅོལ་ཕྱིར་སློག་པ་སོགས་དུས་རིམ་རང་བཞིན་གྱི་ལས་གནས་བརྟན་གཏོང་གི་སྲིད་ཇུས་ཀྱི་ཕན་པ་ཐོབ་རྒྱ་ཆེ་རུ་གཏོང་དགོས་ཤིང་། གསོ་སྦྱོང་གི་ཚབ་ཏུ་ལས་ཀ་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་ཡུན་རིང་དུ་གཏོང་དགོས། ཁྲོམ་ར་ཅན་གྱི་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་པ་དང་། ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པར་སྐུལ་འདེད་གཏོང་དགོས། ལས་ཞུགས་ཚད་གཞི་དམའ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ལས་རིགས་ཐོབ་ཐང་གི་དཀར་ཆག་འགུལ་རྣམ་ལྡན་པའི་སྒོ་ནས་ལེགས་སྒྱུར་བྱེད་ཅིང་། ཞུགས་འཐུས་རིགས་ཀྱི་ལས་རིགས་ཐོབ་ཐང་གི་རྒྱུགས་ལེན་པའི་ལས་ཀའི་ལོ་ཚད་ཀྱི་བླང་བྱ་ཁག་གཅིག་ཇེ་དམའ་རུ་གཏོང་བའམ་མེད་པར་བཟོ་དགོས། ལས་ཞུགས་ཀྱི་རྣམ་པ་གསར་པ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ནས་ཚད་ལྡན་དུ་གཏོང་བ་དང་། ལས་རིགས་ཀྱི་རྨས་སྐྱོན་འགན་སྲུང་གི་ཚོད་ལྟ་གང་མགྱོགས་ཀྱིས་སྤེལ་དགོས། སྟབས་བསྟུན་གྱི་ལས་ཞུགས་མི་སྣར་སྤྱི་ཚོགས་འགན་བཅོལ་གྱི་ཁ་གསབ་མུ་མཐུད་སྤྲོད་པ་དང་། ལས་ཞུགས་བྱ་ཡུལ་དུ་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་ཐེམ་ཐོའི་ཚོད་འཛིན་གློད་པར་སྐུལ་འདེད་གཏོང་དགོས། སློབ་ཆེན་སློབ་མ་དང་། དམག་ལོག་དམག་མི། གླ་རྒྱག་ཞིང་པ་སོགས་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་ཀ་ལེགས་པར་སྒྲུབ་པ་དང་། དབང་པོ་སྐྱོན་ཅན་དང་ལས་ཞུགས་མེད་པའི་ཁྱིམ་ཚང་གི་ཁྱིམ་མི་སོགས་དཀའ་ངལ་ཡོད་པའི་མི་སྣའི་ལས་ཞུགས་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་ལ། ལས་ཤོར་མི་སྣ་ཡང་བསྐྱར་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་དགོས། ལས་རིགས་རྩལ་ནུས་གསོ་སྦྱོང་གི་མ་དངུལ་བེད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་། གཞི་ཁྱོན་ཆེ་ལ་རིམ་པ་མང་བའི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་དགོས་ལ། ལས་རིགས་རྩལ་ནུས་ཆེར་གཏོང་དང་མཐོ་རིམ་ལས་རིགས་སློབ་བསྡུ་རྒྱ་སྐྱེད་ཀྱི་ལོ་གསུམ་བྱ་སྤྱོད་ཀྱི་དམིགས་འབེན་ལེགས་པར་སྒྲུབ་ཅིང་། རྩལ་ནུས་ཆེ་བའི་ཤེས་ལྡན་པའི་གསོ་སྦྱོང་རྟེན་གཞི་ཁག་གཅིག་སྐྲུན་དགོས། ལས་ཞུགས་ཞབས་ཞུའི་སྤུས་ཚད་མཐོར་འདེགས་གཏོང་བའི་ལས་གྲྭ་ལག་བསྟར་བྱེད་དགོས། ལས་ཞུགས་ཀྱི་ཆེད་སྤྱོད་ཁ་གསབ་རོགས་དངུལ་སོགས་མ་དངུལ་བེད་སྤྱད་དེ། ངལ་རྩོལ་ནུས་ཤུགས་ཀྱི་ཚོང་ར་སྣ་ཚོགས་དང་། ཤེས་ལྡན་པའི་ཚོང་ར། ཉིན་གླ་བའི་ཁྲོམ་ར་བཅས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་ཅིང་ལས་ཞུགས་ཐབས་ལམ་རྒྱ་ཆེར་བསྐྱེད་དེ། འདོད་མོས་ཡོད་ཅིང་ནུས་པ་ལྡན་པའི་མི་རྣམས་ལ་དྲང་སྙོམས་ཀྱི་ལས་ཞུགས་གོ་སྐབས་སྔར་ལས་མང་བ་སྐྲུན་དགོས།
       (གཉིས) ཁྱབ་ཁོངས་གཙོ་གནད་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྔར་ལས་འཕེལ་བར་བྱེད་དགོས། ཁེ་ལས་ལ་དཀའ་ངལ་སེལ་རོགས་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་དུས་མཚུངས་སུ། འབྲེལ་ཡོད་སྒྱུར་བཅོས་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་བཏང་ནས་སྔར་བས་འཁྲུག་ཆ་དོད་ཅིང་སྔར་བས་གསར་གཏོད་ཀྱི་ནུས་པ་ལྡན་པའི་ཁྲོམ་རའི་བྱེད་པོ་སྐྱེད་སྲིང་བྱེད་དགོས།
       སྲིད་གཞུང་གི་འགན་ནུས་སྔར་ལས་ལྷག་པར་སྒྱུར་དགོས། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཅིང་། སྲིད་གཞུང་གི་ནུས་པ་སྔར་ལས་ལེགས་པ་འདོན་སྤེལ་བྱས་ཏེ། ཕན་ནུས་ལྡན་པའི་ཁྲོམ་ར་དང་འཇོན་ནུས་ལྡན་པའི་སྲིད་གཞུང་སྔར་ལས་ལྷག་པར་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་དགོས། ཁྲོམ་རར་ཞུགས་འཐུས་ཀྱི་ཚད་གཞི་མུ་མཐུད་གློད་པ་དང་། རྒྱུ་རྐྱེན་གཙོ་བོ་ཁྲོམ་ར་ཅན་དུ་བཀོད་སྒྲིག་བྱེད་པའི་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་བྱེད་ཅིང་། ཁྲོམ་རའི་བྱེད་པོ་རིགས་སོ་སོའི་རྒྱུ་ནོར་བདག་དབང་ཁྲིམས་ལྟར་འདྲ་མཉམ་ངང་སྲུང་སྐྱོང་བྱེད་དགོས། “གཤམ་སྤྲོད་དོ་དམ་ཞབས་ཞུ”གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་ཞིང་། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མགྱོགས་མྱུར་ངང་སྐྲུན་དགོས། སྲིད་འཛིན་བཀའ་འཁྲོལ་སྐོར་གྱི་དོན་དག་ཚང་མ་རྩིས་ཁྲའི་ཁོངས་སུ་བཅུག་ནས་དོ་དམ་བྱེད་དགོས། “འཛིན་དཔང་དབྱེ་འབྱེད”ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། ཁེ་ལས་དང་འབྲེལ་བའི་ཞིབ་མཆན་འགོད་པའི་ལྷུ་ཚིགས་ཉུང་དུ་གཏོང་བ་དང་། རྒྱུ་ཆ་ཉུང་དུ་གཏོང་བ། དུས་ཚད་ཉུང་དུ་གཏོང་བ། འགྲོ་གྲོན་ཉུང་དུ་གཏོང་བ་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཁྲོམ་རའི་བྱེད་པོའི་ཕྱིར་འཐེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་སྟབས་བདེའི་ཐོ་སུབ་ལམ་ལུགས་ལག་བསྟར་བྱེད་དགོས། བཟོ་ལས་ཐོན་རྫས་ཀྱི་ཞུགས་འཐུས་ལམ་ལུགས་སྒྱུར་བཅོས་བྱེད་པ་དང་། རླངས་འཁོར་དང་གློག་རྡུལ་གློག་ཆས་སོགས་ལས་རིགས་ཀྱི་ཐོན་སྐྱེད་ཞུགས་འཐུས་དང་འཁོར་རྒྱུག་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོའི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། ལྟ་སྐུལ་དོ་དམ་ནུས་ལྡན་བྱེད་པ་དེ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་པའི་དགོས་ངེས་ཀྱི་འགན་སྲུང་ལ་བརྩིས་ནས། ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་ཅིང་། ཞིབ་མཆན་འགོད་རྒྱུ་མེད་པར་བཟོ་བའམ་ཡང་ན་གཤམ་སྤྲོད་བྱས་པའི་དོན་དག་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། རིམ་པ་དང་རིགས་ཕྱེ་ནས་ལྟ་སྐུལ་དོ་དམ་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། སྡེ་ཁག་ལས་བརྒལ་བའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། “དྲ་སྦྲེལ+ལྟ་སྐུལ་དོ་དམ”ཤུགས་ཆེན་གྱིས་ཁྱབ་སྤེལ་གཏོང་དགོས། ལྟ་སྐུལ་དོ་དམ་བྱེད་ནུས་ཆེ་རུ་གཏོང་བ་དང་། ཁ་དན་ཚིག་ལ་མི་གནས་མཁན་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་ཞིང་། དྲང་གཞག་གིས་ལྟ་སྐུལ་དོ་དམ་བྱེད་པར་བརྟེན་ནས་བཟང་རྒྱལ་ཞན་ཕམ་ཡོང་བར་སྐུལ་འདེད་གཏོང་དགོས། གྲངས་ཀའི་སྲིད་གཞུང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། སྲིད་དོན་གཞི་གྲངས་མཉམ་སྤྱོད་དང་མཐུན་སྦྱོར་བྱེད་པའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་ཞིང་། གློག་རྡུལ་འཛིན་དཔང་བེད་སྤྱོད་ཁྱབ་ཁོངས་དང་རྒྱལ་ཡོངས་སུ་ཕན་ཚུན་མཉམ་སྤྱོད་དང་ཁས་ལེན་བྱེད་རྒྱ་ཆེ་རུ་གཏོང་དགོས་ལ། སྲིད་དོན་ཞབས་ཞུའི་དོན་དག་སྔར་ལས་མང་བ་དྲ་ཐོག་ནས་སྒྲུབ་པ་དང་། ལག་མཐིལ་ནས་སྒྲུབ་པ། ཐེངས་གཅིག་གིས་སྒྲུབ་པ་བཅས་མངོན་འགྱུར་བྱེད་དགོས། ཁེ་ལས་དང་མང་ཚོགས་ཀྱིས་རྒྱུན་དུ་སྒྲུབ་པའི་དོན་དག་ད་ལོར“ཞིང་ཆེན་བརྒལ་ནས་སྒྲུབ་ཐུབ་པ”གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་དགོས།
       སྒྱུར་བཅོས་ཀྱི་ཐབས་ལ་བརྟེན་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་མ་གནས་གཅོག་པར་སྐུལ་འདེད་གཏོང་དགོས། ནུས་ཁུངས་དང་། འགྲིམ་འགྲུལ། གློག་འཕྲིན་སོགས་རྨང་གཞིའི་རང་བཞིན་གྱི་ལས་རིགས་སྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞབས་ཞུའི་ལས་ཆོད་ཆེ་རུ་གཏོང་ཞིང་གླ་ཡོན་བསྡུ་བའི་ཆུ་ཚད་དམའ་རུ་གཏོང་དགོས། བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ཡོད་ཚད་གློག་ཤུགས་ཚོང་ར་ཅན་གྱི་ཉོ་ཚོང་ནང་ཞུགས་ཆོག་པར་བྱས་ཏེ། གློག་སྤྱོད་པ་ལུགས་དང་མི་མཐུན་པར་རིན་གོང་སྤར་རིགས་སྔར་བས་གཙང་བཤེར་དང་། བཟོ་ཚོང་ལས་རིགས་དཀྱུས་མའི་གློག་རིན་གཅོག་པར་མུ་མཐུད་སྐུལ་འདེད་གཏོང་དགོས། ཁེ་ལས་འབྲིང་ཆུང་གི་ཤོང་ཆེའི་དྲ་སྦྲེལ་དང་ཆེད་སྤྱོད་ཁ་པར་གྱི་ཆ་སྙོམས་འགྲོ་གྲོན་ད་དུང་10%གཅོག་དགོས། མྱུར་བགྲོད་གཞུང་ལམ་ལ་ཁྱད་པར་ཡོད་པའི་གླ་ཡོན་བསྡུ་རྒྱུ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་ཞིང་། ཟོག་འདྲེན་རླངས་འཁོར་ཤར་བགྲོད་བྱེད་པར་ཤུགས་རྐྱེན་བཟོ་བའི་བགྲོད་ལམ་གྱི་མཐོ་ཚད་དམ་ཞེང་ཚད་ཚོད་འཛིན་བྱེད་པའི་སྒྲིག་བཀོད་དང་ཞིབ་བཤེར་བྱེད་གནས་མཐའ་གཅིག་ཏུ་དག་ཐེར་བཅོས་སྐྱོང་བྱེད་དགོས། གྲུ་ཁའི་འཛུགས་སྐྲུན་གྲོན་དངུལ་མེད་པར་བཟོས་ནས། དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ཐེབས་རྩའི་མཁའ་འགྲུལ་ཀུང་སིའི་གྲོན་བསྡུ་ཚད་གཞི་20%གཅོག་དགོས། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པ་ཅུང་ཆེ་བའི་ས་ཁུལ་དུ། གཞུང་དབང་ཁང་པ་གླ་པའི་ཞབས་ཞུའི་ལས་རིགས་ཀྱི་ཁེ་ལས་ཆུང་ཕྲན་དང་སྒེར་གཉེར་བཟོ་ཚོང་དུད་ཚང་དག་ལ་བོགས་དངུལ་ཆག་ཡང་དང་རྩ་ཆག་གཏོང་བར་སྐུལ་མ་གཏོང་དགོས། མཚམས་སྦྱོར་སྒྲིག་གཞི་སྣ་མང་གིས་ཞབས་ཞུའི་ཆ་རྐྱེན་དང་། བརྒྱུད་རིམ། དུས་ཚད། གླ་ཡོན་བསྡུ་བའི་ཚད་གཞི་བཅས་ཡོངས་སྒྲོག་བྱེད་པར་སྐུལ་འདེད་གཏོང་དགོས། ཁྲལ་དངུལ་མིན་པའི་ཡོང་འབབ་འཕར་སྣོན་ལུགས་དང་མི་མཐུན་པ་ཚོད་འཛིན་ནན་པོ་བྱེད་ཅིང་། དངུལ་གང་བྱུང་དུ་བསྡུ་བ་དང་དངུལ་ཆད་གང་བྱུང་དུ་གཅོད་པ། བསྡུ་ཆ་གང་བྱུང་དུ་རྒྱག་པ་བཅས་བཅོས་སྒྲིག་ནན་པོ་བྱས་ནས། དམངས་ལ་གནོད་དཀྲུག་མི་བཟོ་ཞིང་སྐབས་བསྟུན་ཁེ་ཟ་མི་བྱེད་པར། ཚོང་རའི་བྱེད་པོས་བློ་བདེ་ངང་ཚོང་གཉེར་ཐུབ་པ་དང་དེའི་ཁུར་པོ་ཡང་དུ་གཏོང་དགོས།
       དབང་ཚུལ་སྣ་མང་གི་ལམ་ལུགས་ཀྱི་དཔལ་འབྱོར་ཐུན་མོང་ཐོག་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་གཏོང་དགོས། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་གཡོ་འགུལ་སྤུ་ཙམ་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་གཡོ་འགུལ་སྤུ་ཙམ་མེད་པར་བསྔགས་སྐུལ་དང་། རྒྱབ་སྐྱོར། སྣེ་ཁྲིད་བཅས་བྱེད་དགོས། ཚོང་རའི་བྱེད་པོའི་རིགས་སྣ་ཚང་མ་རྒྱལ་ཁབ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་མཁན་ཡིན་པས། ཕྱོགས་རིས་མེད་པར་ལྟ་སྟངས་འདྲ་མཉམ་འཛིན་དགོས། གཞུང་དབང་ཁེ་ལས་སྒྱུར་བཅོས་བྱེད་པའི་ལོ་གསུམ་བྱ་སྤྱོད་ལག་བསྟར་ཟབ་མོ་བྱས་ཏེ། གཞུང་དབང་མ་རྩ་དང་གཞུང་དབང་ཁེ་ལས་སྟོབས་ལྡན་དང་། སྤུས་བཟང་། རྒྱ་ཆེན་བཅས་སུ་གཏོང་དགོས། གཞུང་དབང་ཁེ་ལས་ཀྱི་དབང་ཚུལ་འདྲེས་མའི་ལམ་ལུགས་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། མཛའ་མཐུན་ལྷད་མེད་ཀྱི་སྲིད་ཚོང་འབྲེལ་བ་འཛུགས་པ་དང་། དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་བཀག་རྒྱ་སྣ་ཚོགས་སེལ་དགོས། ཁེ་ལས་འབྲིང་ཆུང་གི་དངུལ་བུན་ཆད་འགྱངས་འགོག་ཟོན་དང་སེལ་བའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས། རྒྱལ་ཁབ་ཀྱིས་ལས་སྟེགས་ཁེ་ལས་གསར་གཏོད་འཕེལ་རྒྱས་གཏོང་བ་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་དུས་མཚུངས་ཁྲིམས་ལྟར་ཚད་ལྡན་དང་འཕེལ་རྒྱས་ཡོང་བར་བྱས་ཏེ་གྲངས་འཛིན་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། སྒེར་སྡེམ་ལ་ངོ་རྒོལ་དང་མ་རྩ་གོ་རིམ་མེད་པར་རྒྱ་སྐྱེད་པར་སྔོན་འགོག་བྱེད་ཤུགས་ཆེ་རུ་བཏང་སྟེ། དྲང་གཞག་ངང་འགྲན་རྩོད་བྱེད་པའི་ཚོང་རའི་ཁོར་ཡུག་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།
ནོར་ཁྲལ་དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་སྤེལ་དགོས། སྔོན་རྩིས་ཀྱི་གཅུན་སྡོམ་དང་ཕན་འབྲས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྔོན་རྩིས་ཡོངས་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་པའི་སྒྲུབ་རིམ་དང་འགྲོ་ལུགས་ཁུ་བསྡུ་བྱེད་དགོས། ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱི་དོན་གཅོད་དབང་ཆ་དང་གཏོང་སྒོའི་འགན་འཁྲི་དབྱེ་འབྱེད་སྒྱུར་བཅོས་ཀྱི་ཇུས་གཞི་དོན་འཁྱོལ་བྱེད་དགོས། ས་གནས་ཀྱི་དཔྱ་ཁྲལ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། དངུལ་ཁང་འབྲིང་ཆུང་གི་མ་རྩའི་ཐབས་ལམ་སྣ་མང་ལ་བརྟེན་ནས་མུ་མཐུད་ཁ་གསབ་བྱེད་པ་དང་ཀུང་སི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་ཡིད་རྟོན་ཁང་སྒྱུར་བཅོས་གཏིང་ཟབ་བྱས་ཏེ་སྲིད་ཇུས་རང་བཞིན་གྱི་དངུལ་ཁང་རིགས་དབྱེ་དང་རྩིས་ཐོ་དབྱེ་བའི་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། འགན་བཅོལ་འགན་སྲུང་དང་ཞབས་ཞུ་སྒྲུབ་ནུས་ཆེ་རུ་གཏོང་དགོས། ཐོ་འགོད་ལམ་ལུགས་ཀྱི་སྒྱུར་བཅོས་བརྟན་པོའི་ངང་སྤེལ་བ་དང་། རྒྱུན་རྣམ་ཅན་གྱི་ཚོང་ར་ནས་ཕྱིར་འབུད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། བུན་འཛིན་ཚོང་ར་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམ་པ་མང་བའི་མ་རྩའི་ཚོང་རའི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པར་བྱེད་ཅིང་། ཚོང་རའི་བྱེད་པོའི་མ་དངུལ་བསྡུ་རུབ་ཀྱི་ཐབས་ལམ་རྒྱ་སྐྱེད་དགོས། དངུལ་རྩའི་མ་རྐང་ཚོད་འཛིན་ཀུང་སི་དང་དངུལ་རྩའི་ཚན་རྩལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། དངུལ་རྩ་གསར་གཏོད་བྱེད་པ་དེ་གཟབ་ནན་གྱིས་ལྟ་སྐུལ་དོ་དམ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྤེལ་བར་འགན་ལེན་བྱེད་དགོས། དངུལ་རྩའི་ཉེན་ཁ་ཐག་གཅོད་པའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་སོ་སོའི་འགན་འཁྲི་ནན་དཀྲི་བྱས་ནས་མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་གཞི་ཐིག་མཐའ་གཅིག་ཏུ་སྲུང་དགོས། དངུལ་རྩའི་སྒྲིག་གཞི་ཡིས་དངོས་གཞིའི་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་རང་འཁྲིའི་ལས་འགན་བརྟན་པོར་སྲུང་དགོས།
       (གསུམ)གསར་གཏོད་ལ་བརྟེན་ནས་དངོས་གཞིའི་དཔལ་འབྱོར་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ། སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས། ཚན་རྩལ་གསར་གཏོད་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་དགོས།
       ཚན་རྩལ་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་དགོས། རྒྱལ་ཁབ་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་ཇེ་ཆེར་གཏོང་བ་དང་། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་ཅིང་། ཚན་རྩལ་ལས་གཞི་དང་གསར་གཏོད་གནས་གཞིའི་བཀོད་པ་འཐུས་ཚང་དུ་གཏོང་དགོས། གནད་འགག་དང་སྲོག་ཤིང་གི་ལག་རྩལ་འགག་སྒྲོལ་བྱེད་པའི་ལས་གྲྭ་ལག་བསྟར་ཡག་པོ་བྱེད་དགོས་ཤིང་། “ཚན་རྩལ་གསར་གཏོད་2030ལས་གཞི་གལ་ཆེན”ཇུས་འགོད་དང་སྐུལ་སྤེལ་གཏིང་ཟབ་བྱེད་དགོས། ཚན་རྩལ་གྱི་ཆེད་དམིགས་ལས་གཞི་གལ་ཆེན་ལག་བསྟར་བྱེད་སྟངས་སྒྱུར་བཅོས་བྱས་ནས། “མིང་ཐོབ་ཁས་ལེན་གཙོ་བོར་འཛིན་པ”སོགས་ཀྱི་ལམ་སྲོལ་ཁྱབ་གདལ་གཏོང་དགོས། ཆ་རྐྱེན་འཛོམས་པའི་ས་གནས་ཀྱིས་རྒྱལ་སྤྱི་དང་ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་པར་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་ཀྱི་རང་བརྟེན་གསར་གཏོད་དཔེ་སྟོན་ཁུལ་སོགས་ཀྱི་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་དགོས། ནད་ཡམས་འགོག་བཅོས་ཀྱི་འགག་སྒྲོལ་སོགས་དམངས་འཚོའི་ཚན་རྩལ་འཕེལ་རྒྱས་གཏོང་དགོས། ཚན་རྩལ་ཐད་ནས་སྒོ་འབྱེད་དང་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཤེས་བྱའི་ཐོན་དངོས་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚན་ཞིབ་ཀྱི་ཁ་དན་ཚིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཚན་རིག་དང་མཐུན་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་གསར་གཏོད་ཀྱི་ཁོར་ཡུག་བཟང་པོ་སྐྲུན་དགོས། རྨང་གཞིའི་ཞིབ་འཇུག་ནི་ཚན་རྩལ་གསར་གཏོད་ཀྱི་འབྱུང་རྩ་ཡིན་པས། དེར་བརྟན་པོའི་ངང་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། མ་དངུལ་འཇོག་གྲངས་འཕར་སྣོན་ཆེས་ཆེར་གཏོང་བ་དང་། ཀྲུང་དབྱང་རང་རིམ་གྱི་རྨང་གཞིའི་ཞིབ་འཇུག་གི་གཏོང་སྒོ་10.6%འཕར་སྣོན་གཏོང་ཞིང་། གྲོན་དངུལ་བཀོལ་སྤྱོད་བྱེད་པའི་རང་བདག་དབང་ཆ་རྒྱ་སྐྱེད་པའི་སྲིད་ཇུས་དོན་འཁྱོལ་བྱེད་དགོས། ལས་གཞི་རེ་ཞུ་དང་། ཞིབ་དཔྱད། འགྲོ་གྲོན་དོ་དམ། ཤེས་ལྡན་པར་གདེང་འཇོག སྐུལ་གཏོང་ལམ་སྲོལ་བཅས་འཐུས་ཚང་དུ་གཏོང་བ་དང་། ཚན་ཞིབ་མི་སྣའི་ལུགས་མཐུན་མིན་པའི་ཁུར་པོ་དངོས་གནས་ཡང་དུ་བཏང་སྟེ། ཁོང་ཚོ་སེམས་རྣལ་དུ་ཕབ་ནས་ཚན་རིག་རྟོག་ཞིབ་ལ་གཞོལ་ཐུབ་པར་བྱེད་ཅིང་། “ལོ་བཅུའི་རིང་རལ་གྲི་གཅིག་བརྡར་བའི”སྙིང་སྟོབས་ལ་བརྟེན་ནས་གནད་འགག་དང་སྲོག་ཤིང་གི་ཁྱབ་ཁོངས་སུ་ཐོད་བརྒལ་ཆེན་པོ་མངོན་འགྱུར་ཡོང་བ་བྱེད་དགོས།
       ཚོང་ར་ཅན་གྱི་ལམ་སྲོལ་ལ་བརྟེན་ནས་ཁེ་ལས་ཀྱིས་གསར་གཏོད་བྱེད་པར་སྐུལ་མ་གཏོང་དགོས། ཁེ་ལས་ཀྱི་གསར་གཏོད་བྱེད་པོའི་གོ་གནས་ཆེ་རུ་གཏོང་བ་དང་། སྣེ་ཁྲིད་ཁེ་ལས་ཀྱིས་གསར་གཏོད་མཉམ་སྡེབ་སྒྲིག་གཞི་འཛུགས་པར་བསྔགས་སྐུལ་བྱེད་དགོས་ཤིང་། ཐོན་སློབ་ཞིབ་སྤྱོད་བཞི་མཉམ་འདྲེས་ཀྱི་བགྲོད་ལམ་རྒྱ་སྐྱེད་པ་དང་། ཚན་རྩལ་གྲུབ་འབྲས་ཀྱི་ཐོན་དབང་ལ་སྐུལ་མ་གཏོང་བའི་ལམ་སྲོལ་འཐུས་ཚང་འཛུགས་དགོས། ལས་གཏོད་དངུལ་འཇོག་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྒྲིག་སྲོལ་དང་འཕེལ་རྒྱས་གཏོང་བའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་ཟབ་མོ་གཏོང་དགོས། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་བྱེད་གྲོན་75%སྣོན་རྩིས་འཕྲི་འཐེན་བྱེད་པའི་སྲིད་ཇུས་རྒྱུན་མཐུད་ལག་བསྟར་བྱེད་པ་དང་། བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་སྣོན་རྩིས་འཕྲི་འཐེན་གྱི་སྡུར་ཚད་100%བར་མཐོ་རུ་གཏོང་དགོས། ཁྲལ་བསྡུའི་གཟིགས་སྐྱོང་ལམ་སྲོལ་ལ་བརྟེན་ནས་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་འཇོག་གྲངས་མང་དུ་གཏོང་བར་སྐུལ་མ་བཏང་སྟེ། ཁེ་ལས་ཀྱིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
       ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་ལེགས་འགྱུར་དང་བརྟན་པོ་བྱེད་དགོས། “གསུམ་དོར་གཅིག་གཅོག་གཅིག་གསབ”ཀྱི་ལས་འགན་གལ་ཆེན་མུ་མཐུད་ལེགས་འགྲུབ་བྱེད་དགོས། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་ལ་ཟླ་རེ་བཞིན་གནས་ཐང་འཕར་ཁྲལ་འཕར་ཚད་ཀྱི་ཚབ་འཐེན་དུ་བཞག་པའི་ཁྲལ་འབབ་ཡོངས་རྫོགས་ཕྱིར་སློག་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་དངུལ་བུན་བསྡུར་ཚད་མཐོ་རུ་བཏང་ནས། བཟོ་སྐྲུན་ལས་རིགས་ཀྱི་སྒྲིག་ཆས་གསར་སྒྱུར་དང་ལག་རྩལ་སྒྱུར་བཀོད་ཐད་ཀྱི་མ་དངུལ་འཇོག་རྒྱ་ཆེ་རུ་གཏོང་དགོས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་རང་བརྟེན་ཚོད་འཛིན་ནུས་པ་ཆེ་རུ་གཏོང་བ་དང་། ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་བྱེད་པའི་ལས་གྲྭ་ལག་བསྟར་ལེགས་པོ་བྱེད་ཅིང་། ཁེ་ལས་ཆེན་པོའི་སྣེ་ཁྲིད་དམ་འདེགས་སྐྱོར་གྱི་ནུས་པ་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་རོགས་ལས་ཆ་སྒྲིག་གི་ནུས་པ་འདོན་སྤེལ་བྱེད་དགོས། བཟོ་ལས་དྲ་སྦྲེལ་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་སྦྲེལ་ཐག་དང་གསར་གཏོད་སྦྲེལ་ཐག་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་ཐུན་མོང་རང་བཞིན་གྱི་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་པའི་ལས་སྟེགས་སྔར་ལས་མང་བ་བསྐྲུན་ནས། ཁེ་ལས་འབྲིང་ཆུང་ཕྲན་གསུམ་གྱི་གསར་གཏོད་ནུས་པ་དང་ཆེད་ལས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། 5Gདྲ་རྒྱ་དང་ཀྲའོ་སྟོང་ཅན་གྱི་འོད་སྐུད་དྲ་རྒྱ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས། བེད་སྤྱོད་ཀྱི་རྣམ་པ་ཕུན་སུམ་ཚོགས་པར་གཏོང་དགོས། དྲ་རྒྱའི་བདེ་འཇགས་དང་། གྲངས་གཞིའི་བདེ་འཇགས། མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་དགོས། གསར་དར་ཐོན་ལས་ཀྱི་བཀོད་པ་གཅིག་གྱུར་འཆར་འགོད་བྱེད་དགོས། སྤུས་ཚད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤུས་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ལས་སྦྲེལ་ཐག་གོང་འོག་གི་ཚད་གཞི་ནུས་ལྡན་ངང་འབྲེལ་མཐུད་ཐུབ་པར་སྐུལ་འདེད་གཏོང་བ་དང་། བཟོ་བོའི་སྙིང་སྟོབས་དར་སྤེལ་གཏོང་དགོས་ལ། ཞིབ་ལས་ལ་བརྟེན་ནས་ཀྲུང་གོའི་བཟོ་སྐྲུན་གྱི་སྤུས་ཚད་མཐོ་རུ་གཏོང་དགོས།
       (བཞི) ནང་མཁོ་རྒྱ་སྐྱེད་པའི་འཐབ་ཇུས་ཀྱི་གཞི་གནད་འདི་རྒྱུན་འཁྱོངས་བྱས་ནས། རྒྱལ་ནང་ཚོང་རའི་བག་ལ་ཞ་བའི་ནུས་པ་སྔོག་འདོན་གང་ལེགས་བྱེད་དགོས། དམངས་འཚོ་ལེགས་བཅོས་དང་དགོས་མཁོ་རྒྱ་སྐྱེད་པར་རྩེ་གཅིག་ཏུ་དམིགས་ཏེ། འཛད་སྤྱོད་དང་དངུལ་འཇོག་ཟུང་འབྲེལ་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤྲོད་མཁོའི་ཆུ་ཚད་སྔར་ལས་མཐོ་བའི་འགུལ་རྣམ་དོ་མཉམ་ཡོང་བར་བྱེད་དགོས།
       འཛད་སྤྱོད་བརྟན་པོ་དང་རྒྱ་བསྐྱེད་པ་དང་། སྡོད་དམངས་ཀྱི་ཡོང་འབབ་ཐབས་ལམ་མང་པོར་བརྟེན་ནས་ཇེ་མང་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཁོར་རྒྱུག་མ་ལག་འཐུས་ཚང་དུ་གཏོང་བ་དང་། གློག་རྡུལ་ཚོང་དོན་དང་མྱུར་སྐྱེལ་གང་མགྱོགས་ཀྱིས་གྲོང་གསེབ་ཏུ་ཐོན་པར་བྱས་ཏེ། རྫོང་དང་ཤང་གི་འཛད་སྤྱོད་རྒྱ་སྐྱེད་དགོས། རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་སོགས་འཛད་སྤྱོད་ཆེ་གྲས་བརྟན་པོའི་ངང་ནས་འཕར་སྣོན་གཏོང་བ་དང་། ལག་བརྒྱུད་རླངས་འཁོར་ཉོ་ཚོང་བྱེད་པར་ལུགས་དང་མི་མཐུན་པའི་ཚོད་འཛིན་བྱེད་རིགས་མེད་པར་བཟོས་ཤིང་། རླངས་འཁོར་འཇོག་ས་དང་། གློག་གསོག་ཕུར་བ། གློག་རྫས་བརྗེ་གནས་སོགས་ཀྱི་སྒྲིག་བཀོད་མང་དུ་གཏོང་བ་དང་། སྒུལ་ཤུགས་གློག་རྫས་ཕྱིར་སྡུད་དང་བེད་སྤྱོད་བྱེད་པའི་མ་ལག་གང་མགྱོགས་འཛུགས་སྐྲུན་བྱེད་དགོས། བདེ་ཐང་དང་། རིག་གནས། ཡུལ་སྐོར། ལུས་རྩལ་སོགས་ཀྱི་ཞབས་ཞུའི་འཛད་སྤྱོད་འཕེལ་རྒྱས་གཏོང་དགོས། ཁེ་ལས་ཀྱིས་ཐོན་རྫས་དང་ཞབས་ཞུ་གསར་གཏོད་བྱེད་པར་བསྔགས་སྐུལ་བྱས་ནས། ཐོན་རྫས་གསར་པ་ཚོང་རར་ཞུགས་པར་སྟབས་བདེ་བཟོ་བ་དང་། ཕྱི་ནང་གཉིས་འཚོང་གི་ཐོན་རྫས་ཀྱི་ཐོན་སྐྱེད་བྱེད་རིམ་དང་། ཚད་གཞི། རྒྱུ་སྤུས་གསུམ་གཅིག་མཚུངས་ཡོང་བར་སྐུལ་འདེད་གཏོང་དགོས། ཚོང་ཁང་ཆེ་ཆུང་སོགས་དམངས་ལ་སྟབས་བདེ་བཟོ་བའི་ཞབས་ཞུའི་ལས་རིགས་གོ་རིམ་ལྡན་པའི་ངང་གཉེར་སྐྱོང་བྱེད་པར་འགན་སྲུང་བྱེད་དགོས། “དྲ་སྦྲེལ+”བེད་སྤྱོད་ཡག་པོ་བྱེད་ཅིང་། དྲ་ཐོག་དྲ་འོག་གི་མཉམ་འདྲེས་སྔར་ལས་རྒྱ་ཆེ་ཞིང་གཏིང་ཟབ་པར་སྐུལ་འདེད་གཏོང་བ་དང་། ལས་རྣམ་གསར་པ་དང་དཔེ་རྣམ་གསར་པ་འཕེལ་རྒྱས་བཏང་ནས། འཛད་སྤྱོད་པར་སྔར་ལས་སྟབས་བདེ་ཞིང་བློ་བདེ་བའི་ཞབས་ཞུ་དང་ཐོན་རྫས་འདོན་སྤྲོད་བྱེད་དགོས། ལས་སྟེགས་ཁེ་ལས་ཀྱིས་ཚོང་དུད་ཀྱི་ཞབས་ཞུའི་གྲོན་དངུལ་ལུགས་མཐུན་གྱིས་དམའ་རུ་གཏོང་བར་ཁྲིད་སྟོན་བྱེད་དགོས། འཛད་སྤྱོད་ནུས་པ་བརྟན་པོའི་ངང་མཐོར་འདེགས་གཏོང་བ་དང་འཛད་སྤྱོད་ཁོར་ཡུག་ལེགས་བཅོས་བྱས་ནས། སྡོད་དམངས་ཀྱིས་འཛད་སྤྱོད་ཐུབ་པ་དང་འཛད་སྤྱོད་འདོད་པར་བྱེད་པ་དང་། དམངས་འཚོ་ལེགས་བཅོས་དང་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་དགོས།
       ནུས་ལྡན་གྱི་དངུལ་འཇོག་རྒྱ་ཆེར་གཏོང་དགོས། ད་ལོར་ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་སྒོར་དུང་ཕྱུར་ཁྲི་3.65བཀོད་སྒྲིག་བྱེད་རྩིས་ཡོད་ཅིང་། བུན་འཛིན་མ་དངུལ་བེད་སྤྱོད་ཡག་པོ་བྱས་ཏེ་འཛུགས་སྐྲུན་བྱེད་བཞིན་པའི་ལས་གྲྭར་དམིགས་བསལ་གྱིས་སྔོན་ལ་རྒྱབ་སྐྱོར་བྱེད་པ་དང་། བེད་སྤྱོད་ཁྱབ་ཁོངས་ལུགས་མཐུན་ངང་རྒྱ་སྐྱེད་རྒྱུ། ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་འཇོག་སྒོར་དུང་ཕྱུར་6100བཀོད་སྒྲིག་བྱེད་རྒྱུ། ས་ཁོངས་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བའི་ལས་གྲྭ་གལ་ཆེན་ལ་མུ་མཐུད་རྒྱབ་སྐྱོར་བྱས་ཏེ། “གསར་པ་གཉིས་དང་གལ་ཆེན་གཅིག”གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ། འགྲིམ་འགྲུལ་དང་། ནུས་ཁུངས། ཆུ་བེད་སོགས་ལས་གྲྭ་དང་ལས་གཞི་གལ་ཆེན་ཁག་གཅིག་ལག་བསྟར་བྱས་ནས། ཆ་འཕྲིན་དྲ་རྒྱ་སོགས་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་བྱེད་པ་དང་། དེང་རབས་ཀྱི་དངོས་ཟོག་སྐྱེལ་འདྲེན་མ་ལག་འཕེལ་རྒྱས་གཏོང་དགོས། སྲིད་གཞུང་གི་དངུལ་འཇོག་གིས་ཕན་ཐོགས་རྒྱ་དེ་བས་ཆེ་བའི་དམངས་འཚོའི་ལས་གཞིར་གཟིགས་སྐྱོང་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་ཁྲི་5.3གསར་དུ་སྒྱུར་བཀོད་བྱེད་འགོ་འཛུགས་པ་དང་། རྫོང་གྲོང་གི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། མ་དངུལ་འཇོག་པར་ཞིབ་མཆན་འགོད་པའི་གོ་རིམ་སྟབས་བདེ་བཟོ་བ་དང་། ཁེ་ལས་ཀྱི་མ་དངུལ་འཇོག་པའི་ལས་གཞིའི་དམ་བཅའི་ལམ་ལུགས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། ལས་གྲྭ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་མཆན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱེད་དགོས། སྤྱི་ཚོགས་ཀྱི་མ་རྩ་ཞུགས་པར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། དམངས་ཁྲོད་ཀྱི་དངུལ་འཇོག་ལ་འགོག་རྐྱེན་བཟོ་བའི་བཀག་རྒྱ་སྣ་ཚོགས་སྔར་ལས་ལྷག་པར་གཏོར་ནས། ཁྱབ་ཁོངས་དེ་བས་མང་བའི་ནང་སྤྱི་ཚོགས་ཀྱི་མ་རྩ་ནང་འདྲེན་བྱེད་ཐུབ་པ་དང་། འཕེལ་རྒྱས་གཏོང་ཐུབ་པ། བྱས་རྗེས་འཇོག་ཐུབ་པ་བཅས་བྱེད་དགོས།
       (ལྔ) གྲོང་གསེབ་དར་རྒྱས་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཞིང་ལས་བརྟན་པོའི་ངང་འཕེལ་རྒྱས་ཡོང་བ་དང་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས། དབུལ་བྲལ་ས་ཁུལ་གྱི་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། ཞིང་ལས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱས་ཏེ། གྲོང་སྡེའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་དགོས།
       དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་པ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་བྱེད་དགོས། དབུལ་སྒྲོལ་རྫོང་དབུལ་སྒྲོལ་བྱུང་ཉིན་ནས་བཟུང་ལོ་5ཡི་བར་བརྒལ་དུས་སྐབས་བཙུགས་ཏེ། རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། དབུལ་པོ་བསྐྱར་ལོག་འགོག་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དབུལ་བྲལ་མི་འབོར་བརྟན་པོའི་ངང་ལས་ཞུགས་ཐུབ་པར་སྐུལ་འདེད་གཏོང་བ་དང་། རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། དབུལ་བྲལ་ས་ཁུལ་གྱི་ཐོན་ལས་གོང་འཕེལ་དང་རྒྱ་སྐྱེད་དང་། གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལེགས་པར་སྒྲུབ་དགོས། རིམ་པ་དང་རིགས་དབྱེ་ནས་ཞིང་སྡེའི་ཡོང་འབབ་དམའ་བའི་མི་འབོར་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། གཞི་ཁྱོན་རང་བཞིན་ལྡན་པའི་དབུལ་པོ་བསྐྱར་ལོག་མི་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས། ནུབ་རྒྱུད་ས་ཁུལ་གྱི་དབུལ་བྲལ་རྫོང་ཁྲོད་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་ཁག་གཅིག་ལ་གཅིག་སྡུད་ཐོག་རྒྱབ་སྐྱོར་བྱེད་དགོས། ཤར་རྒྱུད་དང་ནུབ་རྒྱུད་བར་རོགས་ལས་དང་ཁ་གཏད་རོགས་སྐྱོར་བྱེད་པའི་ལམ་སྲོལ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་དགོས། ཀྲུང་དབྱང་སྡེ་ཚན་དང་སྤྱི་ཚོགས་སྟོབས་ཤུགས་ཀྱི་རོགས་སྐྱོར་ནུས་པ་འདོན་སྤེལ་བྱས་ནས། དབུལ་བྲལ་ས་ཁུལ་གྱི་ནང་སྐྱེས་འཕེལ་རྒྱས་ནུས་པ་ཆེ་རུ་གཏོང་བར་མུ་མཐུད་རྒྱབ་སྐྱོར་བྱེད་དགོས།
       འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་འདོན་སྤྲོད་དང་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་དགོས། འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་གནད་འགག་ནི་ས་བོན་དང་རྨོ་ཞིང་ཡིན། སོན་རྒྱུའི་ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་དང་སོན་བཟང་གསོ་སྤེལ་དང་ཁྱབ་གདལ་གཏོང་བར་ཤུགས་བསྣན་ནས། ཞིང་ལས་ཀྱི་གནད་འགག་དང་སྲོག་ཤིང་གི་ལག་རྩལ་འགག་སྒྲོལ་བྱེད་དགོས། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་ཚད་གཞི་དང་སྤུས་ཚད་མཐོ་རུ་གཏོང་བ་དང་། ཞིང་ཆུ་གཏོང་བའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། རྨོ་ཞིང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། རྨོ་ཞིང“ཞིང་ལས་མིན་པར་སྒྱུར་བ”གཏན་འགོག་དང་། “འབྲུ་རིགས་མིན་པར་སྒྱུར་བ”སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། ཞིང་ལས་འཕྲུལ་ཆས་ཅན་དང་རིག་ནུས་ཅན་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ཐོན་ལས་རྒྱུད་དང་ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་དགོས། འབྲུ་རིགས་འདེབས་མཁན་ཞིང་པའི་ཁ་གསབ་བརྟན་པོ་བཟོ་བ་དང་། འབྲས་སོབ་དང་གྲོའི་ཉོ་སྒྲུབ་རིན་གོང་དམའ་ཤོས་མཐོ་རུ་འོས་འཚམ་གཏོང་བ་དང་། མ་རྩ་ཡོངས་དང་ཡོང་འབབ་འགན་བཅོལ་གྱི་ཚོད་ལྟའི་ཁྱབ་ཁོངས་རྒྱ་སྐྱེད་དགོས། འབྲུ་རིགས་འདེབས་ཁྱོན་བརྟན་པོ་བཟོ་བ་དང་མུའུ་རེའི་ཐོན་ཚད་དང་སྤུས་ཀ་མཐོ་རུ་གཏོང་དགོས། བྱེད་ཐབས་མང་པོ་མཉམ་དུ་སྤྱད་དེ་སྣུམ་རྒྱུ་ཐོན་སྐྱེད་བྱེད་རྒྱ་ཆེ་རུ་གཏོང་དགོས། ཕྱུགས་བྱ་དང་ཆུ་ཐོན་གསོ་སྤེལ་འཕེལ་རྒྱས་གཏོང་བ། གསོན་ཕག་གི་ཐོན་སྐྱེད་བརྟན་པོ་ཡོང་བར་བྱེད་པ་དང་། སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཞིང་ལས་ཐོན་རྫས་ཚོང་རའི་མཁོ་སྤྲོད་དང་རིན་གོང་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བར་འགན་སྲུང་བྱེད་པ་དང་། འབྲུ་རིགས་གྲོན་ཆུང་གི་བྱེད་སྒོ་སྤེལ་དགོས། བཟའ་འཐུང་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་ནི་ཐོག་མཐའ་བར་གསུམ་དུ་དོན་ཆེན་ཨང་དང་པོ་ཡིན་པས། ང་ཚོས་ངེས་པར་དུ་ནུས་ཤུགས་ཡོད་རྒུ་བཏོན་ནས་མི་དུང་ཕྱུར་14ཡི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ལ་དེ་བྱེད་པའི་ནུས་པའང་རྦད་དེ་ལྡན་ཡོད།
       ཞིང་སྡེ་སྒྱུར་བཅོས་དང་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཞིང་སྡེའི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་བ་དང་། ས་ཞིང་འགན་གཙང་ལེན་པའི་འབྲེལ་བ་བརྟན་པོ་བཟོ་བར་མ་ཟད་ཡུན་རིང་པོར་མི་འགྱུར་བ་རྒྱུན་འཁྱོངས་བྱེད་དགོས། རྣམ་པ་མང་ཞིང་གཞི་ཁྱོན་འོས་ཤིང་འཚམ་པའི་གཉེར་སྐྱོང་བརྟན་པོའི་ངང་སྐུལ་སྤེལ་གཏོང་བ་དང་། ཆེད་ལས་ཅན་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་འཕེལ་རྒྱས་མགྱོགས་པོར་གཏོང་དགོས། གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་སྒྱུར་བཅོས་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་དགོས། གྲོང་གསེབ་གསར་པའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས། མཁོ་ཚོང་ཁང་དང་། ཐུན་མོང་གི་ནགས་ཚལ་དབང་ཆ། གཞུང་དབང་ནགས་ཁུལ་དང་ནགས་ར། ས་རྒོད་གསར་སྦོལ་སོགས་ཀྱི་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། ས་ཞིང་བཤུག་སྤྲོད་བྱས་པའི་ཡོང་སྒོ་ཞིང་ལས་དང་ཞིང་སྡེར་སྤྱོད་པའི་བསྡུར་ཚད་མཐོ་རུ་གཏོང་དགོས། ཞིང་སྡེའི་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་གཞིས་སྡོད་ཁོར་ཡུག་བཅོས་སྐྱོང་དང་ཇེ་ལེགས་སུ་གཏོང་བའི་ལོ་ལྔའི་བྱ་སྤྱོད་སྤེལ་འགོ་རྩོམ་དགོས། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་དགོས། ཞིང་པ་ལས་མིའི་གླ་ཕོགས་དུས་ཐོག་ཏུ་འདང་ངེས་སྤྲོད་པར་འགན་སྲུང་བྱེད་དགོས། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། རྫོང་ཁོངས་དཔལ་འབྱོར་རྒྱ་བསྐྱེད་པ་དང་། ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་པའི་ལས་ཞུགས་ཐབས་ལམ་ཇེ་ཆེར་གཏོང་དགོས། ཐབས་བརྒྱ་ཇུས་སྟོང་གིས་ཞིང་པ་དུང་ཕྱུར་མང་པོར་ཡོང་འབབ་མང་ཞིང་རེ་ལྟོས་ཡོད་པར་བྱེད་དགོས།
       (དྲུག) ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་བྱས་ཏེ། ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་ཕྱོགས་མ་དངུལ་བརྟན་པོའི་ངང་སྤུས་ཚད་མཐོར་འདེགས་གཏོང་དགོས། ཁྱབ་རྒྱ་སྔར་ལས་ཆེ་ཞིང་ཁྱབ་ཁོངས་སྔར་ལས་ཡངས་པ་དང་། རིམ་པ་སྔར་ལས་ཟབ་པའི་ཕྱི་ཕྱོགས་སྒོ་འབྱེད་ལག་བསྟར་བྱས་ཏེ། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ནང་སྔར་ལས་ལེགས་པར་ཞུགས་དགོས།
       ཕྱིར་གཏོང་ནང་འདྲེན་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་ཉོ་ཚོང་གི་ཁེ་ལས་འབྲིང་ཆུང་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། ཕྱིར་གཏོང་ཡིད་རྟོན་འགན་བཅོལ་གྱི་ཁེབས་རྒྱ་ཆེ་རུ་གཏོང་བ་དང་། འགན་བཅོལ་ལེན་པ་དང་གུན་གསབ་སྤྲོད་པ་ལེགས་བཅོས་བྱེད་པ་དང་། ཉོ་ཚོང་གི་ཕྱི་དངུལ་གཏོང་ཡོང་སྟབས་བདེ་ཅན་གྱི་ཚོད་ལྟ་ཟབ་སྤེལ་བྱེད་དགོས། ལས་སྣོན་ཉོ་ཚོང་བརྟན་པོར་གཏོང་བ་དང་། རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་སོགས་ལས་རྣམ་གསར་པ་དང་དཔེ་རྣམ་གསར་པ་འཕེལ་རྒྱས་གཏོང་བ་དང་། ཁེ་ལས་ཀྱིས་ཚོང་ར་སྣ་མང་ཅན་གསར་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་དགོས། མཐའ་མཚམས་ཚོང་དོན་འཕེལ་རྒྱས་གཏོང་དགོས། ཞབས་ཞུའི་ཉོ་ཚོང་གསར་གཏོད་དང་འཕེལ་རྒྱས་གཏོང་དགོས། ནང་འདྲེན་དཔྱ་ཁྲལ་བསྡུ་བའི་སྲིད་ཇུས་ལེགས་སྒྱུར་དང་སྙོམས་སྒྲིག་བྱེད་པ་དང་། ཐོན་རྫས་སྤུས་ལེགས་དང་ཞབས་ཞུ་ནང་འདྲེན་བྱེད་ཚད་མང་དུ་གཏོང་དགོས། ཚོང་དོན་ལ་སྐུལ་འདེད་གཏོང་བའི་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་ནང་འདྲེན་དངོས་མང་བཤམས་སྟོན་ཚོགས་ཆེན་དང་། ཀོང་ཀྲོའུ་ཉོ་ཚོང་འདུ་ཚོགས། ཞབས་ཞུ་ཉོ་ཚོང་འདུ་ཚོགས་སོགས་འགྲེམས་སྟོན་འདུ་ཚོགས་གལ་ཆེན་ལེགས་པར་གཉེར་དགོས། རྒྱལ་སྤྱིའི་ཟོག་འདྲེན་ཤར་གཏོང་ཡོང་བར་སྐུལ་འདེད་གཏོང་བ་དང་། འགག་སྒོའི་གྲོན་བསྡུ་གཙང་བཤེར་དང་ཚད་ལྡན་དུ་བཏང་སྟེ། འགག་སྒོ་སྒྲོལ་བདེ་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
       ཕྱི་རྒྱལ་གྱི་མ་དངུལ་ཧུར་ཐག་གིས་བེད་སྤྱོད་ནུས་ལྡན་བྱེད་དགོས། ཕྱི་རྒྱལ་གྱི་མ་དངུལ་ཞུགས་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་སྔར་ལས་ཇེ་ཉུང་དུ་གཏོང་དགོས། ཞབས་ཞུའི་ལས་རིགས་གོ་རིམ་ལྡན་པའི་སྒོ་ནས་སྒོ་འབྱེད་པར་སྐུལ་འདེད་གཏོང་བ་དང་། ཞབས་ཞུའི་ལས་རིགས་ཀྱི་སྒོ་མོ་རྒྱ་ཆེར་འབྱེད་པའི་ཕྱོགས་བསྡུས་ཚོད་ལྟ་བྱེད་གནས་གསར་དུ་སྣོན་རྒྱུ་དང་། རྒྱལ་ཁོངས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་བཀག་རྒྱའི་གསལ་ཐོ་བཟོ་དགོས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་སྒྱུར་བཅོས་སྒོ་འབྱེད་དང་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་དགོས། འགག་སྒོའི་དམིགས་བསལ་ལྟ་སྐུལ་དོ་དམ་ས་ཁོངས་དང་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། གསར་སྤེལ་ཁུལ་སོ་སོའི་སྒོ་འབྱེད་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། རྒྱལ་ཁབ་ཕྱི་ནང་གི་མ་དངུལ་བཞག་པའི་ཁེ་ལས་ཀྱིས་དྲང་གཞག་ངང་འགྲན་རྩོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས། ཕྱི་རྒྱལ་གྱི་ཚོང་པས་ཀྲུང་གོར་མ་འཇོག་བྱེད་རྒྱ་ཆེ་རུ་བཏང་ནས། ཀྲུང་གོའི་སྒོ་མོ་རྒྱ་ཆེར་ཕྱེས་པའི་ཚོང་ར་ཆེན་མོ་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།“རྒྱུད་གཅིག་ལམ་གཅིག”སྤུས་ཚད་མཐོན་པོའི་སྒོ་ནས་མཉམ་སྐྲུན་བྱེད་དགོས། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་རྒྱུན་འཁྱོངས་བྱེད་པ་དང་། ཁེ་ལས་བྱེད་པོ་བྱེད་ཅིང་ཚོང་ར་ཅན་གྱི་རྩ་དོན་བརྩི་སྲུང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། སྣ་མང་ཅན་གྱི་མ་དངུལ་འཇོག་སྡུད་མ་ལག་འཐུས་ཚང་དུ་གཏོང་བ་དང་། བཅའ་ཁྲིམས་ཞབས་ཞུའི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་གཞི་གལ་ཆེན་གྱི་མཉམ་ལས་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་འབྲེལ་མཐུད་ཡོང་བར་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་ལ་མ་དངུལ་འཇོག་པའི་མཉམ་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས།
       ཕྱོགས་མང་ཕྱོགས་གཉིས་དང་ས་ཁོངས་དཔལ་འབྱོར་གྱི་མཉམ་ལས་ཟབ་སྤེལ་བྱེད་དགོས། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་དགོས། ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་གང་མགྱོགས་ངང་ནུས་པ་ཐོན་ནས་ལག་བསྟར་བྱེད་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་གྲོས་ཆོད་ལ་མིང་རྟགས་འགོད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་འཇར་པན་དང་ཁོ་རེ་ཡ་ལྷོ་མ་བར་གྱི་རང་མོས་ཉོ་ཚོང་གྲོས་ཆོད་ཀྱི་གྲོས་མོལ་འཕེལ་རིམ་མགྱོགས་པོར་བཏང་ནས། ཕྱོགས་ཡོངས་དང་ཡར་ཐོན་གྱི་ཞི་བདེ་རྒྱ་མཚོ་ཆེན་པོ་བརྒལ་བའི་རོགས་ཟླའི་འབྲེལ་བའི་གྲོས་ཆོད་ནང་ཞུགས་པར་བསམ་བློ་གང་ལེགས་གཏོང་དགོས། ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་ཀྲུང་ཨའི་འདྲ་མཉམ་གཉིས་ཕན་གྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་ཕན་ཚུན་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད།
       (བདུན) སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་བྱེད་དགོས། རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་སྲུང་བའི་དམག་འཐབ་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལྗང་མདོག་ཅན་དུ་རིགས་སྒྱུར་བར་སྐུལ་འདེད་གཏོང་དགོས།
       སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས། རླུང་ཁམས་ཆེན་པོའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་དང་མཉམ་འགོག་དང་མཉམ་དུ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྲ་རྡུལ་དང་དཀུ་དབྱང་མཉམ་དུ་ཚོད་འཛིན་བྱེད་པར་ཤུགས་བསྣན་ཏེ། བྱང་ཕྱོགས་ས་ཁུལ་གྱི་ནུས་རྒྱུ་གཙང་མའི་དྲོད་ལེན་ཚད་70%ལ་སླེབས་པར་བྱེད་དགོས། གཙང་པོ་དང་རྒྱ་མཚོར་གཏད་པའི་བཙོག་འབུད་མདོ་ཁ་དང་གྲོང་ཁྱེར་གྱི་བཙོག་ཆུ་དྲི་ཅན་བཅོས་སྐྱོང་བྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་བསྡུ་རུབ་དང་གླིང་ཁུལ་གྱི་བཟོ་ལས་བཙོག་ཆུ་གཙང་བཅོས་བྱེད་ནུས་མཐོར་འདེགས་གཏོང་བ། ས་རྒྱུ་སྦགས་བཙོག་བཟོ་བ་འབྱུང་རྩ་ནས་སྔོན་འགོག་ཚོད་འཛིན་ནན་པོ་བྱེད་པ། ཞིང་ལས་ཀྱི་ཁ་གཏིང་གཉིས་ཀྱི་སྦགས་བཙོག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཕྱི་རྒྱལ་གྱི་གད་སྙིགས་རྒྱལ་ནང་དུ་འདྲེན་པར་མུ་མཐུད་ནན་འགོག་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་རིགས་དབྱེ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། མྱུར་སྐྱེལ་གྱི་ཐུམ་སྒྲིལ་གནོད་པ་མེད་རིགས་ལ་སྒྱུར་བར་སྐུལ་མ་གཏོང་དགོས། ཉེན་ཅན་གྱི་སྙིགས་རོ་དང་སྨན་བཅོས་ཐད་ཀྱི་སྙིགས་རོ་གཅིག་སྡུད་གཙང་སེལ་བྱེད་པར་ཤུགས་རྒྱག་པ་དང་། སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་སྲོལ་ཡིག་ཞིབ་འཇུག་བྱས་ནས་གཏན་འབེབས་བྱེད་དགོས། ལོ་བཅུའི་རིང་འབྲི་ཆུའི་ཉ་འཛིན་མི་ཆོག་པ་ལག་ལེན་བསྟར་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་ལས་གྲྭ་གལ་ཆེན་ལག་བསྟར་བྱེད་དགོས། བྱེ་ཐང་ཅན་དང་། བྱེ་རྡོ་ཅན། ས་ཆུ་ཤོར་བ་བཅས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཕྱོགས་བསྡུས་སྐུལ་འདེད་བཏང་ནས་གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ས་ཆ་ལྗང་སྒྱུར་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བ་དང་། རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་། སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་ཉམས་གསོ་བྱེད་པར་སྐུལ་འདེད་བཏང་སྟེ། ང་ཚོ་འཚོ་བ་རོལ་སའི་ཁྱིམ་གཞིས་ལ་ཆུ་དྭངས་མོ་དང་གནམ་སྔོན་པོ་སྔར་ལས་མང་བ་ཡོང་བ་བྱེད་དགོས།
       ཐཱན་རྩེར་སོན་དང་ཐཱན་སྙོམས་པའི་ཐད་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། 2030ལོའི་ཡར་སྔོན་དུ་ཐཱན་འབུད་གཏོང་གི་ཚད་རྩེར་སོན་པའི་བྱ་སྤྱོད་ཇུས་གཞི་གཏན་འབེབས་བྱེད་ཅིང་། ཐོན་ལས་གྲུབ་ཚུལ་དང་ནུས་ཁུངས་གྲུབ་ཚུལ་ལེགས་སྒྱུར་བྱེད་དགོས། རྡོ་སོལ་གཙང་ཞིང་ལས་ཆོད་ཆེ་བའི་སྒོ་ནས་བེད་སྤྱོད་པར་སྐུལ་འདེད་གཏོང་བ་དང་། ནུས་ཁུངས་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཉིང་རྡུལ་གློག་ཁང་གོ་རིམ་ལྡན་པའི་ངང་ཧུར་ཐག་གིས་འཕེལ་རྒྱས་གཏོང་དགོས། ཁོར་ཡུག་སྲུང་སྐྱོང་དང་། ནུས་ཁུངས་དང་ཆུ་གྲོན་ཆུང་བྱེད་པ་སོགས་ཁེ་ལས་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་དཀར་ཆག་གི་ཁྱབ་ཁོངས་རྒྱ་སྐྱེད་ཅིང་། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ལག་རྩལ་དང་། སྒྲིག་ཆས། ཐོན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་སྐྱེད་སྲིང་དང་རྒྱ་ཆེར་གཏོང་དགོས། རྒྱལ་ཡོངས་ཀྱི་ནུས་ཁུངས་བེད་སྤྱོད་དབང་ཆ་དང་ཐཱན་འབུད་གཏོང་བྱེད་དབང་གི་ཉོ་ཚོང་ཚོང་ར་འཛུགས་སྐྲུན་མགྱོགས་པོར་གཏོང་བ་དང་། ནུས་ཁུངས་འཛད་སྤྱོད་ཀྱི་ཚོད་འཛིན་གཉིས་ལྡན་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། དངུལ་རྩས་ལྗང་མདོག་ཡིན་ལ་ཐཱན་འབུད་ཉུང་བ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཆེད་དམིགས་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཐཱན་འབུད་གཏོང་ཉུང་འཕྲིར་རྒྱབ་སྐྱོར་བྱེད་པའི་ཡོ་བྱད་བཀོད་སྒྲིག་བྱེད་དགོས། སྐྱེ་ཁམས་མ་ལག་གི་ཐཱན་འདུས་ནུས་ཆེ་རུ་གཏོང་དགོས། ཀྲུང་གོ་ནི་སའི་གོ་ལའི་གྲོང་ཚོའི་ཁོངས་གཏོགས་ཤིག་ཡིན་པའི་ངོས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བར་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།
       (བརྒྱད) དམངས་འཚོའི་བདེ་སྐྱིད་དངོས་གནས་ཆེ་རུ་བཏང་སྟེ། སྤྱི་ཚོགས་འཛུགས་སྐྲུན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེལ་བར་དོ་སྣང་བྱེད་པ་དང་། མང་ཚོགས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ཨ་ལན་སློག་པ། མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ནས་ལེགས་བཅོས་བྱེད་དགོས།
སྔར་ལས་དྲང་གཞག་དང་སྤུས་ཚད་མཐོ་བའི་སློབ་གསོ་འཕེལ་རྒྱས་གཏོང་དགོས། ཀུན་སྤྱོད་ཤེས་རིག་ལུས་རྩལ་མཛེས་རིག་ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གསོ་སྐྱོང་བྱེད་པའི་སློབ་གསོའི་མ་ལག་འཛུགས་དགོས། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ངང་གོང་དུ་སྤེལ་ཞིང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་སློབ་གཉེར་ཆ་རྐྱེན་གྱི་ཆད་སྐྱོན་གང་མགྱོགས་ཀྱིས་སེལ་བ་དང་། དགེ་རྒན་གྱི་གླ་ཕོགས་འགན་སྲུང་བྱེད་པའི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གྲོང་གསེབ་དགེ་རྒན་གྱི་ཐོབ་ཐང་ལེགས་སྒྱུར་བྱེད་དགོས། སློབ་ན་མ་སོན་གོང་གི་སློབ་གསོའི་བུ་བཅོལ་ཁང་དུ་ཞུགས་ཚད་སྔར་ལས་ལྷག་པར་མཐོ་རུ་བཏང་སྟེ། ཀུན་ཕན་རང་བཞིན་གྱི་སློབ་ན་མ་སོན་གོང་གི་སློབ་གསོའི་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་སྟོབས་ཤུགས་ཀྱིས་བུ་བཅོལ་ཁང་གཉེར་བར་རྒྱབ་སྐྱོར་བྱེད་དགོས། མཐོ་རིམ་སློབ་འབྲིང་དུས་རིམ་གྱི་སློབ་གྲྭ་སྣ་མང་ཅན་འཕེལ་རྒྱས་གཏོང་བར་བསྔགས་སྐུལ་གཏོང་དགོས། རྫོང་ཁོངས་ཀྱི་མཐོ་རིམ་སློབ་འབྲིང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ལས་རིགས་སློབ་གསོའི་མཐུན་འཕྲོད་རང་བཞིན་ཆེ་རུ་གཏོང་བ་དང་། ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་དང་སློབ་གྲྭ་དང་ཁེ་ལས་བར་གྱི་མཉམ་ལས་ཟབ་སྤེལ་བྱེད་ཅིང་། ལས་རིགས་རྩལ་ནུས་ཀྱི་རིམ་ལྡན་ལག་ཁྱེར་ལམ་ལུགས་ལག་བསྟར་གཏིང་ཟབ་བྱེད་དགོས། དམིགས་བསལ་སློབ་གསོ་དང་རྒྱུན་མཐུད་སློབ་གསོ་ལེགས་པར་གཉེར་ཞིང་། དམངས་གཉེར་སློབ་གསོ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ནས་ཚད་ལྡན་བཟོ་དགོས། སློབ་ཆེན་རྩེ་གྲ་དང་རིག་ཚན་རྩེ་གྲ་ཁག་གཅིག་རིགས་དབྱེ་འཛུགས་སྐྲུན་བྱེད་པ་དང་། རིག་གཞུང་ཚན་ཁག་གི་ཆེད་ལས་གྲུབ་ཚུལ་ལེགས་བཅོས་མགྱོགས་པོ་བྱེད་དགོས། རྨང་གཞིའི་རིག་ཚན་དང་རིག་ཚན་གསར་ཤོས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་གསར་དར་སྤེལ་སྣོན་རིག་ཚན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དབུས་ནུབ་རྒྱུད་ཀྱི་མཐོ་རིམ་སློབ་གསོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་དགོས། དྲ་ཐོག་སློབ་གསོའི་ལེགས་ཆ་བཏོན་ནས་ཚེ་གང་སློབ་སྦྱོང་གི་མ་ལག་འཐུས་ཚང་དུ་གཏོང་དགོས། སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱ་རྒྱུ་དར་སྤེལ་གཏོང་དགོས། སློབ་གསོའི་གདེང་འཇོག་གི་སྒྱུར་བཅོས་ཟབ་སྤེལ་དང་། སློབ་གྲྭ་ཁྱིམ་ཚང་སྤྱི་ཚོགས་གསུམ་གྱིས་མཉམ་དུ་མི་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཐུས་ཚང་གཏོང་བ་དང་སློབ་ཕྱིའི་གསོ་སྦྱོང་ཚད་ལྡན་དུ་གཏོང་དགོས། དགེ་རྒན་གྱི་ཀུན་སྤྱོད་དང་དགེ་རྒན་གྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། སློབ་གསོ་དྲང་གཞག་ཡོང་བའི་ཐད་གོམ་སྟབས་སྔར་ལས་ཆེ་བ་སྤོ་དགོས་པ་དང་། གྲོང་ཁྱེར་དུ་ལས་ཀ་བྱེད་པར་ཡོང་མཁན་གྱི་བུ་ཕྲུག་གི་སློབ་ཞུགས་གནད་དོན་ཐག་གཅོད་སྔར་ལས་ལེགས་པོ་བྱེད་དགོས། མཐོ་རིམ་སློབ་གྲྭས་སློབ་མ་བསྡུ་སྐབས་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དང་ཞིང་སྡེ་ས་ཁུལ་ལ་གཟིགས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། རྒྱ་ཆེའི་སློབ་མ་བདེ་ཐང་དང་དགའ་སྐྱིད་ངང་འཚར་ལོངས་ཡོང་བར་འབད་བརྩོན་བྱེད་པ་དང་། ཕྲུ་གུ་རེ་རེ་ཚང་མར་མི་ཚེའི་གཟི་དཔལ་འབར་བའི་གོ་སྐབས་ལྡན་པར་བྱེད་དགོས།
       འཕྲོད་བསྟེན་བདེ་ཐང་མ་ལག་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྔོན་འགོག་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བདེ་ཐང་ཀྲུང་གོའི་བྱ་སྤྱོད་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་དགོས། ནད་རིགས་སྔོན་འགོག་ཚོད་འཛིན་མ་ལག་སྒྱུར་བཅོས་ཟབ་སྤེལ་དང་། གཞི་རིམ་གྱི་སྤྱི་པའི་འཕྲོད་བསྟེན་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་སྨན་བཅོས་དང་སྔོན་འགོག་མཐུན་སྦྱོར་ལམ་སྲོལ་གསར་གཏོད་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་མྱུར་བསྟུན་ཐག་གཅོད་དང་དངོས་ཟོག་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་བྱ་གཞག་ལ་མ་དངུལ་འཇོག་པའི་ལམ་སྲོལ་བརྟན་པོ་འཛུགས་དགོས། སེམས་ཁམས་ཀྱི་འཕྲོད་བསྟེན་དང་སེམས་ཁམས་བདེ་ཐང་ཞབས་ཞུར་ཤུགས་སྣོན་རྒྱག་དགོས། གཞུང་གཉེར་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་ཟབ་ཏུ་སྤེལ་བ་དང་། རྒྱལ་ཁབ་གསོ་རིག་ལྟེ་གནས་དང་ས་ཁོངས་སྨན་བཅོས་ལྟེ་གནས་འཛུགས་སྐྲུན་བྱེད་པའི་ཚོད་ལྟ་རྒྱ་སྐྱེད་དགོས། མཁོ་ཆོད་སྨན་པ་དང་གྲོང་གསེབ་སྨན་པའི་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྫོང་རིམ་པའི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། རིམ་དབྱེའི་ནད་བརྟག་སྨན་བཅོས་མ་ལག་གང་མགྱོགས་འཛུགས་དགོས། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་མཉམ་དུ་གལ་ཆེར་འཛིན་པ་རྒྱུན་འཁྱོངས་བྱས་ནས། ཀྲུང་ལུགས་གསོ་རིག་དང་སྨན་རྫས་དར་རྒྱས་གོང་འཕེལ་གྱི་ལས་གྲྭ་གལ་ཆེན་ལག་བསྟར་བྱེད་དགོས། སྤྱི་ཚོགས་སྟོབས་ཤུགས་ཀྱིས་སྨན་ཁང་གཉེར་བར་རྒྱབ་སྐྱོར་བྱས་ཏེ། “དྲ་སྦྲེལ+སྨན་བཅོས་བདེ་ཐང”ཚད་ལྡན་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། བཟའ་བཅའ་དང་སྨན་རྫས་རིམས་འགོག་སྨན་ཁབ་ཐད་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། དུས་བཏབ་པའི་ནད་བརྟག་སྨན་བཅོས་སོགས་དམངས་ཕན་བྱེད་ཐབས་ལེགས་བཅོས་བྱས་ཏེ། ནད་གཞི་ཆེ་རིགས་དང་ལྗིད་རིགས་ཕོག་པའི་ནད་པར་སྔ་མོ་ནས་སྨན་བཅོས་ཐུབ་པར་བརྩོན་དགོས། སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་མི་རེར་ཆ་སྙོམས་ཀྱི་ནོར་སྲིད་ཀྱི་ཁ་གསབ་ཚད་གཞི་སོ་སོར་སྒོར་30དང་སྒོར་5སྣོན་པ་དང་། གཞི་རྩའི་སྨན་བཅོས་འགན་བཅོལ་ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱེད་ཅིང་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་ཞིང་ཆེན་བརྒལ་ནས་ཐད་ཀར་བསྡོམས་རྩིས་རྒྱག་པར་སྐུལ་འདེད་གཏོང་དགོས། སྒོ་བསྟེན་སྨན་ཁང་གི་རོགས་རེས་འགན་སྲུང་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་གྲོན་རིམ་བཞིན་གཅིག་གྱུར་འཆར་འགོད་ཀྱི་ཐེབས་རྩའི་ཁོངས་སུ་བཅུག་ནས་རྩིས་ལེན་བྱ་རྒྱུ། སྨན་རྫས་དཀོན་རིགས་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཅོང་ནད་དང་རྒྱུན་མཐོང་ནད་རིགས་ཀྱི་སྨན་རྫས་དང་རིན་གོང་མཐོ་བའི་སྨན་སྤྱོད་རྒྱུ་ཆ་གཅིག་སྡུད་སྒོས་མང་པོ་ཉོ་སྒྲུབ་བྱེད་པའི་ཁོངས་སུ་འཇུག་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ནད་པའི་སྨན་བཅོས་ཀྱི་ཁུར་པོ་སྔར་བས་མངོན་གསལ་གྱིས་ཡང་དུ་གཏོང་དགོས།
       མང་ཚོགས་ཀྱི་སྡོད་ཁང་གི་དགོས་མཁོ་འགན་སྲུང་ལེགས་པོ་བྱེད་དགོས། ཁང་པ་ནི་སྡོད་ས་ཡིན་པ་ལས་སྦིར་འཚོང་བྱེད་སྤྱད་མིན་པའི་ངེས་གནས་རྒྱུན་འཁྱོངས་བྱས་ཏེ། ས་རིན་དང་ཁང་གོང་བརྟན་པོ་དང་སྔོན་དཔག་བརྟན་པོ་ཡོང་བ་བྱེད་དགོས། གྲོང་ཁྱེར་ཆེན་པོའི་སྡོད་ཁང་ཐད་ཀྱི་འབུར་ཐོན་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་། ས་ཆ་མཁོ་སྤྲོད་མང་དུ་གཏོང་བ། ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱེད་པ། གཅིག་སྡུད་ཀྱིས་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་དང་བདག་དབང་ཐུན་མོང་ལ་དབང་བའི་སྡོད་ཁང་འདོན་སྤྲོད་བྱ་རྒྱུ་དངོས་གནས་འཕར་སྣོན་གཏོང་དགོས། ཡུན་རིང་བོགས་གཏོང་ཁང་པའི་ཚོང་ར་ཚད་ལྡན་དང་འཕེལ་རྒྱས་གཏོང་བ་དང་། བོགས་གཏོང་སྡོད་ཁང་གི་ཁྲལ་གྲོན་ཁུར་པོ་ཡང་དུ་བཏང་སྟེ། གྲོང་མི་གསར་པ་དང་ན་གཞོན་སོགས་ཀྱི་སྡོད་ཁང་གི་དཀའ་ངལ་ཆུང་དུ་གཏོང་གང་ཐུབ་བྱེད་དགོས།
       གཞི་རྩའི་དམངས་འཚོར་འགན་སྲུང་བྱེད་པར་ཤུགས་སྣོན་རྒྱག་དགོས། ལས་འཁྱུར་ངལ་གསོ་བའི་གཞི་རྩའི་རྒན་གསོའི་འཚོ་དངུལ་དང་གཟིགས་སྐྱོང་བྱ་ཡུལ་གྱི་འཆི་གོད་གྱོང་གསབ་དང་འཚོ་བའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་དགོས། རྒན་གསོའི་འགན་བཅོལ་རྒྱལ་ཡོངས་ནས་གཅིག་གྱུར་འཆར་འགོད་བྱེད་པར་སྐུལ་འདེད་གཏོང་བ་དང་། རྟེན་གཞི་གསུམ་པའི་རྒན་གསོའི་འགན་བཅོལ་ཚད་ལྡན་དང་འཕེལ་རྒྱས་གཏོང་དགོས། རྒྱལ་ཡོངས་གཅིག་གྱུར་གྱི་སྤྱི་ཚོགས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་འཐུས་ཚང་དུ་གཏོང་དགོས། དམག་མི་དང་། དམག་མིའི་ནང་མི། དམག་ལོག གཟིགས་སྐྱོང་བྱ་ཡུལ་གཞན་དག་བཅས་ལ་གཟིགས་སྐྱོང་བྱེད་པའི་ལས་ཀར་ཤུགས་སྣོན་རྒྱག་པ་དང་། དམག་ལོག་གི་ལས་ཀའི་མ་ལག་དང་འགན་སྲུང་ལམ་ལུཌ་འཐུས་ཚང་དུ་གཏོང་དགོས། ལས་ཤོར་འགན་བཅོལ་གྱི་འགན་སྲུང་ཁྱབ་ཁོངས་རྒྱ་སྐྱེད་ཀྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་དགོས། སྨན་གསོ་དང་ལུས་གསོ་ཟུང་འབྲེལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཡུན་རིང་ནད་སྐྱོང་གི་འགན་བཅོལ་ལམ་ལུགས་ཚོད་ལྟ་བྱེད་གནས་བརྟན་པོའི་ངང་སྐུལ་སྤེལ་གཏོང་དགོས། སྡེ་ཁུལ་གྱི་རྒན་གསོ་དང་བུ་བཅོལ། བཟའ་བཏུང་དང་གཙང་སྦྲ་སོགས་སྣ་མང་ཅན་གྱི་ཞབས་ཞུ་འཕེལ་རྒྱས་གཏོང་བ་དང་། ཆ་སྒྲིག་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། སྔར་ལས་ལྷག་པའི་གཟིགས་སྐྱོང་གི་སྲིད་ཇུས་ལག་བསྟར་བཅས་བྱས་ཏེ། སྡེ་ཁུལ་གྱི་འཚོ་བ་དེ་བས་སྟབས་བདེ་ཡོང་བར་བྱེད་དགོས། སྲོལ་རྒྱུན་གྱི་ཞབས་ཞུའི་འགན་སྲུང་བྱེད་ཐབས་འཐུས་ཚང་བཏང་སྟེ། རྒན་རྒོན་སོགས་ཚོགས་སྤྱིར་སྔར་ལས་སྙིང་ཉེ་བའི་ཞབས་ཞུ་གང་ལེགས་འདོན་སྤྲོད་བྱེད་པ་དང་། རིག་ནུས་ཅན་གྱི་ཞབས་ཞུར་སྐུལ་འདེད་གཏོང་བ་དེ་རྒན་རྒོན་གྱི་དགོས་མཁོ་དང་དབང་པོ་སྐྱོན་ཅན་གྱི་དགོས་མཁོ་དང་འཚམ་པར་བྱེད་པ་མ་ཟད། ད་དུང་རིག་ནུས་ཡོ་བྱད་ཀྱིས་རྒན་རྒོན་གྱི་རྒྱུན་གཏན་འཚོ་བར་འགོག་རྐྱེན་མི་བཟོ་བ་བྱེད་དགོས། དབང་པོ་སྐྱོན་ཅན་དང་དྭ་ཕྲུག་སོགས་སྤྱི་ཚོགས་ཕན་བདེའི་ལམ་ལུགས་འཐུས་ཚང་དུ་བཏང་ནས། དབང་སྐྱོན་སྔོན་འགོག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་དབང་པོ་སྐྱོན་ཅན་གྱི་ལུས་ཁམས་གསོ་བའི་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས། རིམ་པ་དང་རིགས་དབྱེ་ནས་སྤྱི་ཚོགས་ཀྱི་རོགས་སྐྱོབ་ཡག་པོ་སྒྲུབ་པ་དང་། རིམས་ནད་དང་གནོད་འཚེའི་ཤུགས་རྐྱེན་ཐེབས་པའི་དཀའ་ངལ་ཅན་གྱི་མང་ཚོགས་ལ་དུས་ཐོག་ཏུ་རོགས་སྐྱོར་བྱས་ཏེ། དམངས་འཚོའི་གཞི་ཐིག་མཐའ་གཅིག་ཏུ་སྲུང་དགོས།
       མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་ལས་ལེགས་པར་སྐོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བསྟར་བ་དང་། རིམས་འགོག་གི་སྙིང་སྟོབས་རླབས་ཆེན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། གསར་འགྱུར་དཔེ་སྐྲུན་དང་། རླུང་འཕྲིན་དང་གློག་བརྙན་བརྙན་འཕྲིན། རྩོམ་རིག་སྒྱུ་རྩལ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག ཡིག་ཚགས་སོགས་ཀྱི་བྱ་གཞག་དར་རྒྱས་སུ་གཏོང་དགོས། དྲ་སྦྲེལ་གྱི་ནང་དོན་འཛུགས་སྐྲུན་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་དྲ་རྒྱའི་རིག་གནས་འཕེལ་རྒྱས་གཏོང་དགོས། ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པར་ཤུགས་སྣོན་རྒྱག་པ་དང་རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་སྐྲུན་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གཞི་གཅིག་ཏུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། རིག་གནས་དམངས་ཕན་ལས་གྲྭ་གསར་གཏོད་དང་ལག་བསྟར་བྱེད་དགོས་ཤིང་། དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་པ་དར་སྤེལ་གཏོང་དགོས། ཀྲུང་གོ་དང་ཕྱི་རྒྱལ་བར་གྱི་མི་ཆོས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་ཐད་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་དགོས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་སོགས་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་གྲ་སྒྲིག་ཞིབ་ཚགས་བྱེད་དགོས།
       སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་དགོས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་རྨང་གཞི་བརྟན་དུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་དང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་ཚོད་ལྟ་བྱེད་གནས་སྐུལ་སྤེལ་གཏོང་དགོས། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། སྤྱི་ཚོགས་ཀྱི་ལས་དོན་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྤྱི་ཚོགས་རྩ་འཛུགས་དང་། མི་ཆོས་སྐྱོབ་རོགས། དང་བླངས་ཞབས་ཞུ། དགེ་སྒྲུབ་བྱ་གཞག་བཅས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས། བུད་མེད་དང་། བྱིས་པ། རྒས་འཁོགས། དབང་པོ་སྐྱོན་ཅན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས་ཤིང་། ཡིག་བསྐུར་ངོ་བཅར་ལམ་ལུགས་མུ་མཐུད་འཐུས་ཚང་དུ་གཏོང་དགོས། འགལ་ཟླའི་རྩོད་གཞི་སྣ་མང་ཅན་སེལ་རྒྱུར་སྐུལ་འདེད་གཏོང་དགོས། བཅའ་ཁྲིམས་རོགས་སྐྱོར་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས“ལོ་ལྔ་ཚན་བརྒྱད་པའི”བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་འཆར་འགོད་ལག་བསྟར་བྱེད་འགོ་རྩོམ་རྒྱུ། མྱུར་བསྟུན་རོགས་སྐྱོབ་སྟོབས་ཤུགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གནོད་འགོག་གནོད་སེལ་གྱི་ནུས་པ་ཆེ་རུ་བཏང་སྟེ། ཞོད་སྐྱོན་ཐན་སྐྱོན་དང་། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན། ས་གཤིས་ཀྱི་གནོད་སྐྱོན། ས་ཡོམ་སོགས་འགོག་སྲུང་བྱེད་པ་དང་གནམ་གཤིས་ཀྱི་ཞབས་ཞུ་དངོས་གནས་ལེགས་པར་སྒྲུབ་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་འཐུས་ཚང་དང་དོན་འཁྱོལ་བྱེད་ཅིང་། བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་བཅོས་སྐྱོང་གི་ལོ་གསུམ་བྱ་སྤྱོད་གཏིང་ཟབ་སྤེལ་ནས། ལས་འཛོལ་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། སྤྱི་ཚོགས་བདེ་སྐྱོང་གི་སྔོན་འགོག་ཚོད་འཛིན་མ་ལག་འཐུས་ཚང་དུ་བཏང་སྟེ། ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་རྒྱུན་ལྡན་དུ་སྤེལ་ཞིང་། ཉེས་གསོག་སྣ་ཚོགས་ལ་དོགས་ཟོན་དང་རྡུང་རྡེག་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་དང་བདེ་འཇགས་སྲུང་སྐྱོང་བྱེད་དགོས།
       འཐུས་མི་རྣམ་པ།
       ལས་འགན་དང་འགྲན་སློང་གསར་པའི་མདུན་དུ། སྲིད་གཞུང་རིམ་པ་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། རང་རྟོགས་ངང་བསམ་བློ་དང་ཆབ་སྲིད་དང་བྱ་སྤྱོད་ཐད་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་ནས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་ཤེས་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་མུ་མཐུད་མཐོར་འདེགས་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་འཁྱོལ་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་དགོས། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁྲིམས་ལྟར་སྲིད་འཛིན་ཏན་ཏིག་བྱེད་དགོས། སྲིད་དོན་ཡོངས་སྒྲོག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། གཞུང་དྲང་དང་ཡ་རབས་ཀྱི་ཁྲིམས་སྐྱོང་ཚད་ལྡན་ནན་པོ་བྱེད་དགོས། རིམ་པ་མཚུངས་པའི་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཁྲིམས་ལྟར་དང་ལེན་བྱེད་དགོས་ཤིང་། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་པ་དང་། སྤྱི་ཚོགས་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱེད་དགོས། རྩིས་བཤེར་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས། བཟོ་ཚོགས་དང་། གུང་གཞོན་ཚོགས་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་སོགས་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱིས་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱེད་པར་རྒྱབ་སྐྱོར་བྱེད་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་འབད་བརྩོན་ལྷོད་མེད་ཀྱིས་དོན་འཁྱོལ་བྱེད་དགོས། སྲིད་གཞུང་གི་ལས་དོན་མི་སྣས་བཅའ་ཁྲིམས་ཀྱི་ལྟ་སྐུལ་དང་། ལྟ་ཞིབ་ཀྱི་ལྟ་སྐུལ། མི་དམངས་ཀྱི་ལྟ་སྐུལ་བཅས་རང་རྟོགས་ངང་དང་ལེན་བྱས་ཏེ། སྤྱོད་གཙང་གི་སྲིད་གཞུང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བརྒྱབ་ནས་ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་དག་ཐེར་བཅོས་སྐྱོང་བྱེད་དགོས།
       ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་ཡོད། འོན་ཀྱང་ཕྱོགས་ཡོངས་ནས་དེང་རབས་ཅན་མངོན་འགྱུར་བྱེད་པར་ད་དུང་ལམ་ཐག་ཧ་ཅང་རིང་པོ་ཞིག་སྐྱོད་དགོས་པས། ད་དུང་དཀའ་སྤྱད་འབད་བརྩོན་བྱེད་དགོས། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་གྱི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་གཞི་ཚུགས་ནས། རང་ཉིད་ཀྱི་བྱ་བ་ལེགས་པོ་སྒྲུབ་པར་ཤུགས་རྒྱག་དགོས། མི་དམངས་ནི་ཐོག་མཐའ་བར་གསུམ་དུ་སེམས་ནང་གི་གོ་གནས་མཐོ་ཤོས་སུ་བཞག་སྟེ། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་དང་། བདེན་འཚོལ་དོན་གཉེར་གྱིས་འཕེལ་རྒྱས་དོན་དུ་གཉེར་ཞིང་དམངས་ལ་ཕན་པ་སྒྲུབ་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་གང་ཐུབ་བྱེད་པ་དང་། ལས་ཀའི་ཁྲོད“གཅིག་དཔེ་བརྒྱ་འགེབས”གཏན་ནས་མི་བྱེད་པར་གཞི་རིམ་གྱི་ཁུར་པོ་དངོས་གནས་ཡང་དུ་གཏོང་དགོས། བདེ་བའི་དུས་སུ་ཉེན་ཁ་མི་བརྗེད་པ་དང་ཉམས་ཉེས་རྟག་དྲན་གྱི་འདུ་ཤེས་ཆེ་རུ་བསྐྱེད་དེ། ལས་ཀའི་དཀའ་ཉེན་ལ་མི་འཛེམས་ཤིང་རང་གི་འགན་འཁྲི་ལས་མི་གཡོལ་བར། ཉེན་ཁ་དང་བག་ལ་ཞ་བའི་རྐྱེན་ངན་སྣ་ཚོགས་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བྱེད་དགོས། སྐུལ་སློང་བྱེད་ཆོག་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་བྱས་ནས་སྒྱུར་བཅོས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། ཚོང་རའི་བྱེད་པོའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་ཤུགས་དེ་བས་སྐུལ་སྤེལ་གཏོང་དགོས་ཤིང་། འཕེལ་རྒྱས་ཀྱི་ཐབས་ཤེས་ལ་བརྟེན་ནས་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱེད་དགོས། འགན་འཁྲི་འཁུར་ཕོད་པ་དང་དཀའ་སྤྱད་འབད་བརྩོན་བྱས་ནས། མི་དམངས་ཀྱིས་རེ་ལྟོས་བྱས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མུ་མཐུད་གསར་གཏོད་བྱེད་དགོས།
       འཐུས་མི་རྣམ་པ།
       ང་ཚོས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་བཅས་ཀྱིས། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ནས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། ཏང་གི་ཕྱིར་སྡོད་རང་མིའི་ལས་དོན་གྱི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཕྱིར་སྡོད་སྤུན་ཟླ་དང་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མི་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ། ཀྲུང་ཧྭའི་བུ་ཕྲུག་གིས་ཐུན་མོང་ཐོག་འོད་སྟོང་འབར་བའི་གྲུབ་འབྲས་གཏོད་པའི་སྟོབས་ཤུགས་སྔར་བས་གོང་བུར་འགྲིལ་དགོས།
       འདས་ཟིན་པའི་ལོ་གཅིག་རིང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཐད་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པ་དང་། མི་དམངས་དམག་དཔུང་གིས་རྒྱལ་ཁབ་བདེ་འཇགས་དང་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཁྲོད་ཉམས་སད་ཐེག་པའི་འཇོན་ཐང་དང་སྤྱོད་ཚུལ་བཟང་པོ་མངོན་ཡོད། ལོ་གསར་པའི་ནང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་དགོས་ཤིང་། ཏང་གིས་མི་དམངས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་དོན་འཁྱོལ་ནན་པོ། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་འབེན་ལ་རྩེ་གཅིག་ཏུ་དམིགས་པ་བཅས་ཀྱིས། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་། སྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། ཤེས་ལྡན་མི་སྣར་བརྟེན་ནས་དམག་དཔུང་སྟོབས་ཆེར་གཏོང་བ། བཅའ་ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་ལ་སྐུལ་འདེད་བཏང་ནས་འཕྲུལ་ཆས་ཅན་དང་། ཆ་འཕྲིན་ཅན། རིག་ནུས་ཅན་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་གཏོང་དགོས། དམག་སྦྱོང་དང་དམག་འཁྲུག་གི་གྲ་སྒྲིག་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཕྱོགས་སོ་སོ་དང་ཁྱབ་ཁོངས་ཁག་གི་བདེ་འཇགས་དང་ཉེན་ཁར་གཅིག་གྱུར་འཆར་འགོད་ཀྱིས་ཁ་གཏད་འཇལ་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། རྒྱལ་སྲུང་ཚན་རྩལ་བཟོ་ལས་ཀྱི་བཀོད་པ་ལེགས་སུ་གཏོང་བ་དང་། རྒྱལ་སྲུང་སྐུལ་སློང་མ་ལག་འཐུས་ཚང་དུ་བཏང་ནས་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོར་ཤུགས་སྣོན་རྒྱག་དགོས། སྲིད་གཞུང་རིམ་པ་ཁག་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་ཤིང་། “གཉིས་བཀུར”བྱེད་སྒོ་གཏིང་ཟབ་སྤེལ་ནས་ཉ་དང་ཆུ་ཡི་བརྩེ་དུང་ཟབ་མོའི་དུས་རབས་ཀྱི་ལེ་ཚན་གསར་པ་གཏོད་དགོས།
       འཐུས་མི་རྣམ་པ།
       ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མོན་བས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བྱེད་ཕྱོགས་བཅས་མུ་མཐུད་དུ་ཕྱོགས་ཡོངས་ནས་ལག་བསྟར་ཡང་དག་བྱས་ཏེ། དམིགས་བསལ་སྲིད་འཛིན་ཁུལ་དང་རྩ་ཁྲིམས་སམ་གཞི་རྩའི་བཅའ་ཁྲིམས་ལག་ལེན་བསྟར་བར་འབྲེལ་བའི་ལམ་ལུཌ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་དོན་འཁྱོལ་བྱེད་དགོས། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཤང་ཀང་དང་ཨའོ་མོན་གྱི་ལས་དོན་ལ་ཐེ་གཏོགས་བྱེད་པར་འགོག་ཟོན་མཐའ་གཅིག་ཏུ་བྱས་ནས། ཤང་ཀང་དང་ཨའོ་མོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེཌ་བཅོས་ཡོང་བར་རྒྱབ་སྐྱོར་བྱེད་དགོས་ཤིང་། ཤང་ཀང་དང་ཨའོ་མོན་དུས་ཡུན་རིང་པོར་དར་རྒྱས་དང་བརྟན་ལྷིང་ཡོང་བ་རྒྱུན་འཁྱོངས་བྱེད་དགོས།
       ང་ཚོས་ཐའེ་དབན་ལས་དོན་ལ་འཛིན་པའི་སྲིད་དོན་གལ་ཆེན་དང་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ངོས་འཛིན་གཅིག་མཐུན”རྒྱུན་འཁྱོངས་བྱས་ཏེ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་དང་མེས་རྒྱལ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས། “ཐའེ་དབན་རང་བཙན”གྱི་ཁ་ཕྲལ་སྤྱོད་ཡན་ལ་དོགས་ཟོན་ཆེན་པོ་དང་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། སྤུན་ཟླ་ཐའེ་དབན་བའི་བདེ་སྐྱིད་འགན་སྲུང་དང་ཁོང་ཚོར་སྐམ་ས་ཆེན་པོ་ནས་ཐོབ་ཐང་འདྲ་མཉམ་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ལམ་ལུགས་དང་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། མཚོ་འགག་ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་དང་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བློ་གཅིག་སེམས་གཅིག་གིས་མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་མ་འོངས་མཉམ་དུ་གཏོད་དགོས།
       ང་ཚོས་རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ་དང་། གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་ཧུར་ཐག་གིས་འཕེལ་རྒྱས་བཏང་ནས། རྒྱལ་སྤྱིའི་འབྲེལ་བ་གསར་པ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་དགོས། སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་། འགོ་ནད་ཚབས་ཆེན་སྔོན་འགོག་དང་ཚོད་འཛིན་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ནང་ཧུར་ཐག་ཞུགས་དགོས། ཀྲུང་གོས་རྒྱལ་ཁབ་ཡོད་ཚད་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་ཞི་བདེ་མཉམ་གནས་དང་ཐུན་མོང་ཡར་རྒྱས་ཡོང་བ་དང་། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་འཇལ་ནས་འཛམ་གླིང་ཞི་བདེ་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད།
འཐུས་མི་རྣམ་པ།
       འགན་འཁྲི་ལྗིད་པོ་ཕྲག་ཏུ་ཡོད་པས་སྔར་ལས་ལྷག་པས་དཀའ་སྤྱད་འབད་འབུངས་བྱེད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། སེམས་ཤུགས་གཅིག་སྒྲིལ་དང་གསར་གཏོད་ཡར་བརྩོན་གྱིས་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ལེགས་འགྲུབ་ཡོང་བར་འབད་བརྩོན་བྱེད་པ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས་ཏེ། རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་དུ་སྐྲུན་ཆེད་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།
       (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་12ཉིན་འབྱོར་བའི་གློག་འཕྲིན)
       (རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)