དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་ལོ་ངོ་70ཡི་འཕོ་འགྱུར་ཆེན་པོ།

སྤེལ་དུས 2021-06-10 ཡོང་ཁུངས། ཤིན་ཧྭ་དྲ་བ། རྩོམ་པ་པོ།
          1951ལོའི་ཟླ་5ཚེས་23ཉིན། 《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》ལ་མིང་རྟགས་བཀོད་པ་དང་། དེ་ལས་ཆོས་སྲིད་ཟུང་འབྲེལ་གྱི“བླ་མའི་རྒྱལ་རབས”མཇུག་འགྲིལ་བ་མཚོན་ཡོད།
          དེ་ཉིན་ནི་བོད་ལྗོངས་གསར་པའི་འགོ་འཛུགས་ས་ཞིག་ཀྱང་རེད།
          དཀའ་བ་ཁྲི་ཕྲག་ཁྱད་བསད་བྱས་གྱུར་ནས། གཡུར་དུ་ཟ་བའི་གྲུབ་འབྲས་ཡོངས་སུ་བླངས།
          ཞི་བས་བཅིངས་འགྲོལ་བཏང་རྗེས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་ཀྱི་མཆོང་སྐྱོད་བྱུང་ནས་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་ཡོད།
          དུས་རབས་20པའི་ལོ་རབས་80པ་ནས་དུས་རབས་འདིའི་ཐོག་མའི་ལོ་བཅུའི་ནང་ཏང་ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་5སྐོང་ཚོགས་བྱས་ནས་བོད་ཀྱི་ལས་དོན་ཐད་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བྱས་ཡོད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་འཚོགས་ནས་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གྲུབ་ཡོད།
          2019ལོར། བོད་ཀྱིས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་མེད་པ་བཟོས་ཡོད།
          ལོ་ངོ་བདུན་ཅུའི་འཕོ་འགྱུར་ཆེན་པོའི་ཁྲོད། ལོ་ངོ་བདུན་ཅུའི་ཟིལ་རླབས་དགུང་དུ་འཕྱུར།
          ལོ་ངོ་70ཡི་ནང་ཚུན་དུ། བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་རྒྱུན་མཐུད་ངང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཁྱོན་ཡོངས་ནས་ཡར་རྒྱས་ཕྱིན་པ། དབུལ་སྒྲོལ་འགག་སྒྲོལ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ། མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། གྲོང་གསེབ་དར་རྒྱས་གོ་རིམ་ལྡན་པའི་ངང་ལག་བསྟར་བྱེད་པ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཉིན་བཞིན་བརྟན་དུ་འགྲོ་བ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་དང་འཕེལ་རྒྱས་བྱུང་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྔར་བས་བརྟན་དུ་ཕྱིན་པ་བཅས་བྱུང་ཡོད།
          ཀྲུང་དབྱང་གིས་རྒྱབ་སྐྱོར་དང་རྒྱལ་ཡོངས་ཀྱིས་རོགས་སྐྱོར། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་བཅས་བྱས་ནས། ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་ལོ་ངོ་70རིང་གི་བོད་ཀྱི་འཕེལ་རྒྱས་དེ་ཉིད་བོད་ཀྱི་ལོ་ངོ་སྟོང་གི་ལོ་རྒྱུས་ཁྲོད་འཕེལ་རྒྱས་ཡག་ཤོས་དང་མགྱོགས་ཤོས་ཕྱིན་པའི་དུས་སྐབས་ཤིག་ཏུ་གྱུར་ཡོད།
          འདས་སོང་ལ་ཕྱིར་ལྟ་བྱེད་སྐབས་བོད་ཀྱི་དེང་རབས་ལོ་རྒྱུས་ནི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བ་དང་འགྲོ་བ་མི་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཤིག་ཡིན་པ་དང་། བོད་ཀྱི་དེང་རབས་ལོ་རྒྱུས་ནི་ཆབ་སྲིད་ལམ་ལུགས་དང་སྤྱི་ཚོགས་འཕེལ་རྒྱས། དཔལ་འབྱོར་དང་དམངས་འཚོ་བཅས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བའི་མཆོང་སྐྱོད་ལོ་རྒྱུས་ཤིག་ཀྱང་ཡིན།
          དུས་རབས་གསར་པར་སླེབས། རྒྱང་སྐྱོད་ལམ་དུ་ཆས།
          བགྲང་བྱ་70ཟིན་པའི་བོད་ལྗོངས་གསར་པས་འབད་འབུངས་ཡར་བརྩོན་གྱི་བློ་སྟོབས་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསོན་ཤུགས་ལ་བརྟེན་ནས་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་དེ་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་བཞིན་མཆིས།

སྐད་ཅིག་དང་པོ། 《བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》(བསྡུས་མིང་ལ“གྲོས་མཐུན་དོན་ཚན་བཅུ་བདུན”ཞེས་བརྗོད)ལ་མིང་རྟགས་བཀོད་པ།
          1951ལོའི་ཟླ་5ཚེས་23ཉིན《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》(བསྡུས་མིང་ལ《གྲོས་མཐུན་དོན་ཚན་བཅུ་བདུན》ཞེས་བརྗོད)ལ་མིང་རྟགས་བཀོད་པ་དང་ཆོས་སྲིད་ཟུང་འབྲེལ་གྱི“བླ་མའི་རྒྱལ་རབས”དེ་ལོ་རྒྱུས་སུ་གྱུར་པ་མཚོན་ཡོད།

          འདི་ནི་མཐུད་པར་ཞིག་ཡིན་ཏེ། པར་གོང་མ་ནི་1951ལོའི་ཟླ་5ཚེས་23ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གིས་པེ་ཅིང་དུ《བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》(བསྡུས་མིང་ལ“གྲོས་མཐུན་དོན་ཚན་བཅུ་བདུན”ཞེས་བརྗོད)ལ་མིང་རྟགས་བཀོད་པ་དང་། བོད་ས་གནས་སྲིད་གཞུང་གི་འཐུས་མིས་གྲོས་མཐུན་ཐོག་མིང་རྟགས་འགོད་པ། པར་བར་མ་ནི་1951ལོའི་ཟླ་10ཚེས་26ཉིན་བོད་ས་གནས་སྲིད་གཞུང་གིས་མི་དམངས་བཅིངས་འགྲོལ་དམག་ལ་གྲོང་ཁྱེར་ནང་བསྐྱོད་པའི་མཛད་སྒོ་གཟབ་རྒྱས་སྤེལ་ཅིང་། གནའ་གྲོང་ལྷ་སར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ། པར་འོག་མ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་མི་དམངས་བཅིངས་འགྲོལ་དམག་དང་བོད་རིགས་མང་ཚོགས་ཚོས་ཕོ་བྲང་པོ་ཏ་ལའི་མདུན་དུ་ལོ་གསར་དགའ་གཏོང་བྱེད་པ།

    སྐད་ཅིག་གཉིས་པ། མཚོ་བོད་དང་ཁྲོན་བོད་གཞུང་ལམ་ཤར་གཏོང་ཐུབ་པ།
          ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་ལ་གཞུང་ལམ་གཅིག་ཀྱང་མེད་པ་དང་1954ལོར་མཚོ་བོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ། ད་ཆ་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་11.88ཟིན་པ་དང་། དམངས་སྤྱོད་མཁའ་འགྲུལ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་515ལྷག་ཙམ་ཟིན་ཡོད། 2006ལོར་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་བོད་དུ་ལྕགས་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་ཡོད། ད་ཆ་ཁྲོན་བོད་ལྕགས་ལམ་གྱི་ལྷ་ཉིང་དུམ་བུ་བསྐྲུན་ཚར་གྲབས་ཡོད་པ་དང་། གཡག་རྔ་ནས་ཉིང་ཁྲི་བར་གྱི་ལམ་དུམ་བུ་སྐྲུན་འགོ་ཚུགས་ཡོད།

          འདི་ནི་མཐུད་པར་ཞིག་ཡིན་ཏེ། གཡོན་གོང་གི་པར་ནི་1954ལོའི་ཟླ་12ཚེས་25ཉིན་ཁམས་བོད(དེང་གི་ཁྲོན་བོད)དང་མཚོ་བོད་གཞུང་ལམ་གཉིས་ཀྱི་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་ཕོ་བྲང་པོ་ཏ་ལའི་མདུན་དུ་གཉེར་བའི(དཔྱད་ཡིག་འདྲ་པར)རྣམ་པ་ཡིན། གཡོན་འོག་གི་འདྲ་པར་ནི་ལྷ་ས་སྐྱིད་ཆུའི་ཐོག་འཕྲེད་དུ་བཅད་པའི་ལྷ་ས་གྲོང་ཁུལ་གྱི་གཞུང་ལམ་ཡིན།(2019ལོའི་ཟླ་4ཚེས་3ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས། མི་མེད་གནམ་གྲུའི་འདྲ་པར) གཡས་གོང་གི་པར་ནི་ཇོ་རིར་སྐྱོད་པའི་གཞུང་ལམ་ཡིན།(2017ལོའི་ཟླ་5ཚེས་19ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས) གཡས་འོག་གི་པར་ནི་བོད་ལྗོངས་མཁའ་འགྲུལ་ཚད་ཡོད་ཀུང་སི་བཙུགས་པ་དང་འབྲེལ་གནམ་གྲུ་འཕུར་ཐེངས་དང་པོའི་མཛད་སྒོ་གཉེར་བའི་རྣམ་པ་ཡིན།(2011ལོའི་ཟླ་7ཚེས་26ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས)

སྐད་ཅིག་གསུམ་པ། ས་ཡིག་བསྲེགས་པ།
          1959ལོའི་ཟླ་3ཚེས་28ཉིན། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འགོ་ཁྲིད་དེ་བརྗིད་རླབས་ཆེ་བའི་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ཡོད། ལོ་ངོ་62གོང་གི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱིས་རང་དབང་དང་འདྲ་མཉམ་གངས་ལྗོངས་ས་མཐོར་འཁྱེར་ཡོང་བ་དང་ས་ཆ་དེ་གའི་མི་དམངས་ལ་སྔར་བྱུང་མྱོང་མེད་པའི་འཚོ་བའི་སྤྲོ་སེམས་འཕེལ་བས་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་བསྐྱོད་ཐུབ་ཡོད། དེང་གི་བོད་ལྗོངས་སུ་དབུལ་པོའི་མི་འབོར་ཁྲི་62.8དབུལ་སྒྲོལ་ཐུབ་པ་དང་རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་འགོ་ཚུགས་ཡོད།

          འདི་ནི་མཐུད་པར་ཞིག་ཏེ། གོང་གི་པར་ནི་1959ལོའི་ཟླ་8པར་བོད་ལྗོངས་མལ་གྲོ་གུང་དཀར་རྫོང་གི་ཡར་ལངས་ཞིང་བྲན་གྱིས་མངའ་བདག་ཆེན་པོ་གསུམ་གྱི་བཤུ་གཞོག་གི་ས་ཡིག་མེར་བསྲེགས་པ། (ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ) བར་གྱི་པར་ནི་1984ལོར་རྒྱལ་རྩེ་རྫོང་གི་ཞིང་པ་བློ་བཟང་དབང་འདུས(གཡོན)ཀྱིས་རྒྱལ་ཁབ་ལ་འབྲུ་ལྷག་མ་བཙོངས་བ་དང་། ཁོང་གི་ཁྱིམ་གྱིས་ས་ཞིང་མུའུ་100ལྷག་ཙམ་འགན་གཙང་བླངས་ཤིང་ཞིང་ལས་བྲེལ་དུས་ས་ཞིང་འདེབས་པ་དང་ཞིང་དལ་སྐབས་ཨར་སྐྲུན་དང་བདལ་གླ་རྒྱུག་པར་འགྲོ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཐུབ་བསྟན་གྱིས་པར་བླངས) འོག་གི་པར་ནི་2020ལོའི་ཟླ་3ཚེས་22ཉིན་བོད་ལྗོངས་ཉིང་ཁྲིའི་དེང་རབས་ཀུ་ཤུ་ཚད་ལྡན་ཅན་གྱི་དཔེ་སྟོན་གླིང་དུ་ལས་དོན་མི་སྣས་ཁམ་སྡོང་གི་ཡལ་ག་བྲེག་པ། དཔེ་སྟོན་གླིང་དེས་ཞིང་འཕྲུལ་དང་ཞིང་ལས་ལག་རྩལ་ཟུང་འབྲེལ། ཆུ་དང་རྫས་ལུད་གཞི་གཅིག་ཅན། དེ་བཞིན “ཤིང་འབྲས་དང་རྩྭ་ཕྱུགས་འཁོར་རྒྱུག”བཅས་ལག་ལེན་བསྟར་བ་དང་། གཞི་ཁྱོན་ཆེ་བའི་སྒོ་ནས་ཀུ་ཤུའི་སྡོང་ཐུང་ལེགས་བསྡུས་ཞིབ་གཉེར་གྱི་ལས་ཆོད་མཐོ་བའི་འདེབས་གསོའི་ལག་རྩལ་ཁྱབ་གདལ་བཏང་སྟེ། སྨན་གླིང་རྫོང་ཆབ་ནག་ཤང་གི་གླིང་བར་དང་ཚལ་བར། གསེར་དངོས་གྲོང་ཚོ་བཅས་དང་དེ་བཞིན་ཉེ་འགྲམ་གྱི་ཞིང་དུད་བཅས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་རུའུ་ཧྥེང་གིས་པར་བླངས)

སྐད་ཅིག་བཞི་པ། བོད་རང་སྐྱོང་ལྗོངས་དབུ་བརྙེས་པ།
           མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་རྒྱལ་ཁབ་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན། 1965ལོར། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་ལྗོངས་སུ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཡོད། 1984ལོར། རྒྱལ་ཁབ་ཀྱིས་《མི་རིགས་ས་ཁོངས་རང་སྐྱོང་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཁྱབ་བསྒྲགས་དང་ལག་བསྟར་བྱས་ཡོད། ལོ་བཅུ་ཕྲག་ཁ་ཤས་རིང་འཚོལ་ཞིབ་དང་ལག་ལེན་བྱས་པ་བརྒྱུད་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་བཙུགས་ཡོད།
          བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་ནས་བཟུང་སྔ་རྗེས་སུ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་152བཏོན་ནས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་དབང་ཁག་སྲུང་སྐྱོང་བྱ་ཆེད་ཁྲིམས་སྐྱོང་གི་འགན་ལེན་གལ་ཆེན་མཁོ་འདོན་བྱས་ཡོད། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲས་པའི་འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་ཧུར་ཐག་སྤྱད་དེ་རྒྱལ་ཡོངས་དང་རང་སྐྱོང་ལྗོངས་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འདེམས་བསྐོའི་ནང་ཞུགས་པ་དང་། རྒྱལ་ཁབ་དང་ས་གནས་ཀྱི་ལས་དོན་དོ་དམ་ནང་ཞུགས་ཡོད། 1979ལོའི་ནང་ཚུན་དུ་སྔ་རྗེས་སུ་རང་སྐྱོང་ལྗོངས་དང་ས་གནས(གྲོང་ཁྱེར) རྫོང་། ཤང་(གྲོང་རྡལ)བཅས་རིམ་པ་བཞིའི་སྐབས་བརྗེའི་འདེམས་བསྐོ་ཐེངས་མང་བྱས་པ་དང་། འདེམས་དམངས་འདེམས་བསྐོའི་ནང་ཞུགས་ཚད་ཚང་མ་90%ཡན་ཟིན་ཞིང་ས་གནས་ཁ་ཤས་སུ་འདེམས་བསྐོའི་ནང་ཞུགས་ཚད་100%ཟིན་ཡོད།

    འདི་ནི་མཐུད་པར་ཞིག་ཡིན་ཏེ། གཡོན་གོང་གི་པར་ནི་1965ལོའི་ཟླ་9ཚེས་9ཉིན་ལྷ་སའི་ལས་རིགས་ཁག་དང་མི་རིགས་ཁག་གི་མི་དམངས་ཁྲི་གསུམ་ལྷག་ཙམ་གྱིས་འདུ་འཛོམས་ཁྲོམ་སྐོར་བྱས་ཏེ་བོད་རང་སྐྱོང་ལྗོངས་དངོས་སུ་བཙུགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ཡོད། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཱ་ཅིང་ཆིའུ་ཡིས་པར་བླངས།) གཡོན་འོག་གི་པར་ནི་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་དོ་དམ་ཨུ་ལྷན་གྱི་སྣེའུ་ཤང་སྣེའུ་གྲོང་ཚོའི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་མི་སྣས་བདེམས་ཤོག་སྒམ་སྟོན་པ། (2014ལོའི་ཟླ་10ཚེས་29ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས) གཡས་ཀྱི་པར་ནི་2018ལོའི་ཟླ་3ཚེས་11ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཤིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲོལ་དཀར་གྱིས“འཐུས་མིའི་བགྲོད་ལམ”དུ་བཅར་འདྲི་དང་ལེན་བྱེད་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཅིན་ལིའི་ཝང་གིས་པར་བླངས)

སྐད་ཅིག་ལྔ་པ། བོད་ལྗོངས་ཀྱི་མཐོ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་ཁག་དང་པོ།
          བོད་རྙིང་པར་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གྲྭ་གཅིག་ཀྱང་མེད་པ་དང་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་2%ཡང་ཟིན་གྱི་མེད་ཅིང་། གཞོན་ནུ་དང་དར་མའི་ཡིག་རྨོངས་ཚད་གཞི་95%ཟིན་གྱི་ཡོད། 2020ལོར་སླེབས་སྐབས་བོད་དུ་ཁྱོན་མཐོ་སློབ་དཀྱུས་མའི་སློབ་གྲྭ་7དང་འབྲིང་རིམ་ལས་རིགས་སློབ་གྲྭ་12 སློབ་འབྲིང་143 སློབ་ཆུང་827 བུ་བཅོལ་ཁང་2199བཅས་ཡོད་པ་དང་། སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་99.93%ཟིན་ཡོད། “འགན་ལེན་གསུམ”གྱི་སྲིད་ཇུས་ལས་བོད་ཀྱི་སློབ་མ་མི་ཐེངས་ཁྲི་900ཙམ་ལ་ཕན་པ་ཐོབ་པ་དང་སྲིད་གཞུང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་200ལྷག་ཙམ་བཏང་ཡོད།

          འདི་ནི་མཐུད་པར་ཞིག་ཡིན་ཏེ། པར་གོང་མ་ནི་ལྷ་ས་སློབ་འབྲིང་གི་ལོ་དེ་གའི་སློབ་ཐོན་སློབ་མས་སློབ་གྲྭའི་ནང་གཞས་སྦྱངས་ནས་སློབ་ཐོན་མཛད་སྒོར་ཞུགས་རྩིས་བྱེད་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་རེན་ཡུང་ཀྲའོ་ཡིས་པར་བླངས) པར་བར་མ་ནི་བོད་རིགས་བུ་མོ་ཞིག་གིས་བོད་ཀྱི་མཚོ་གཉིས་རྫོང་དཀར་མཚོ་ཤང་སློབ་ཆུང་དུ“འགན་ལེན་གསུམ”(ཟས་སྡོད་སློབ་གསུམ་གྱི་འགྲོ་གྲོན་འགན་ལེན་བྱེད་པ)གྱི་སྲིད་ཇུས་ལོངས་སུ་སྤྱོད་པ། (2014ལོའི་ཟླ་6ཚེས་29ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས) འོག་གི་པར་ནི་2017ལོའི་ཟླ་11ཚེས་10ཉིན་བོད་ལྗོངས་སློབ་ཆེན་གྱིས་སྐབས་དང་པོའི་འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་ཐོན་མཛད་སྒོ་འཚོགས་ནས་སློབ་ཐོན་སློབ་མ་4ལ་འབུམ་རམས་པའི་སློབ་གནས་སྤྲད་ཡོད། འབུམ་རམས་པ་བཞི་པོ་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཆེད་ལས་དང་བོད་སྐད་ཡིག་རྩོམ་རིག་ཆེད་ལས། ས་མཐོའི་གསོ་རིག་ཆེད་ལས་བཅས་ཡིན། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས)

སྐད་ཅིག་དྲུག་པ། བོད་སྐྱོར་ལས་བྱེད་པ་ཁག་དང་པོ།
          ཁ་གཏད་རོགས་སྐྱོར་ལས་དོན་ནི་རང་རྒྱལ་གྱི་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་འགྲོ་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་པ་དང་། བོད་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཡར་ཐོན་མགྱོགས་སུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཧ་ཅང་ཆེན་པོ་ཐོན་ཡོད། 1994ལོ་ནས་བཟུང་ཏང་ཀྲུང་དབྱང་གིས“ཁག་བགོས་འགན་འཁུར་དང་ཁ་གཏད་རོགས་སྐྱོར། དུས་བཀག་བརྗེ་རེས”བཅས་ཀྱི་བོད་སྐྱོར་བྱེད་ཕྱོགས་བཏོན་པ་ནས་བཟུང་ཁ་གཏད་རོགས་སྐྱོར་གྱི་ལས་འགན་འཁུར་མཁན་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་དང་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་སྔ་རྗེས་སུ་ཁག་ཐེངས་9ཡི་ལས་བྱེད་པ་9600ལྷག་ཙམ་བོད་དུ་ལས་དོན་གཉེར་བར་འདེམས་གཏོང་བྱས་ཡོད།

          འདི་ནི་མཐུད་པར་ཞིག་ཡིན་ཏེ། གཡོན་གོང་པར་ནི་ཧྲའན་ཤིས་ནས་ཡིན་པའི་བོད་སྐྱོར་ལས་བྱེད་པ། མངའ་རིས་རུ་ཐོག་རྫོང་གི་རྫོང་དཔོན་གཞོན་པ་ཅཱ་རུང་ཡུང་གིས་འབྲོག་ཁུལ་དུ་ཟབ་སྐྱོད་བྱས་ཏེ་བོད་རིགས་འབྲོག་པར་ཐོན་སྐྱེད་དང་འཚོ་བའི་དཀའ་ངལ་དངོས་སེལ་རོགས་བྱེད་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཐུབ་བསྟན་གྱིས་པར་བླངས། 1997ལོའི་ཟླ་11ཚེས་11ཉིན་སྤེལ) གཡོན་འོག་གི་པར་ནི་2017ལོའི་ཟླ་8ཚེས་3ཉིན། པེ་ཅིང་ཅི་ཧྲུའེ་ཐན་སྨན་ཁང་གི་བོད་སྐྱོར་སྨན་པ་ཀུང་ཞའོ་ཕུང་(གཡོན)དང་པེ་ཅིང་ཐེན་ཐན་སྨན་ཁང་གི་བོད་སྐྱོར་སྨན་པ་ལི་ཅཱ་མོའུ་ཡིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་རུས་ནད་ཁང་དུ་ནད་པའི་Xའོད་པར་ལ་བརྟག་དཔྱད་བྱས་ནས་ལས་ཀ་རྩིས་སྤྲོད་རྩིས་ལེན་བྱེད་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས) གཡས་ཀྱི་པར་ནི་ཁུང་ཧྥན་སན(གཡས)གྱིས་མངའ་རིས་རུ་ཐོག་རྫོང་ཁུལ་པ་གྲོང་ཚོར་ཧྲེང་ཧྲེང་ཡིན་པའི་རྒན་རྒོན་ཡེ་ཤེས་སྒྲོལ་མར་སྨན་བཅོས་བྱེད་པ། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཐུབ་བསྟན་གྱིས་པར་བླངས། 1994ལོའི་ཟླ་12ཚེས་26ཉིན་སྤེལ)

སྐད་ཅིག་བདུན་པ། སྐར་ལྔའི་དར་དམར་འཛམ་གླིང་ཡང་རྩེར་བསྒྲེངས་བ།
          1960ལོའི་ཟླ་5ཚེས་25ཉིན། ཀྲུང་གོའི་རི་འཛེག་རུ་ཁག་གི་རུ་མི་ཝང་ཧྥུའུ་ཀྲོའུ་དང་མགོན་པོ། ཆུའེ་དབྱིན་ཧྭ་བཅས་མི་གསུམ་གྱིས་བྱང་ངོས་ནས་ཇོ་མོ་གླང་མའི་རྩེ་མོར་ཐེངས་དང་པོ་འཛེགས་ཐུབ་ཡོད། ཀྲུང་གོ་བས་རྒྱལ་གཅེས་ཀྱི་སྤྲོ་སེམས་ལ་བརྟེན་ནས་སྟབས་བདེ་བའི་ཆ་རྐྱེན་འོག་མིའི་རིགས་ཀྱིས་ཐེངས་དང་པོར་བྱང་ངོས་ནས་རི་རྩེར་འཛེགས་ཐུབ་པ་བྱུང་བའི་རླབས་ཆེའི་མཛད་འཕྲིན་མངོན་འགྱུར་བྱུང་ཡོད། 1975ལོར་ཀྲུང་གོའི་རི་འཛེག་རུ་ཁག་གིས་སླར་ཡང་ཇོ་མོ་གླང་མའི་བྱང་ངོས་ནས་ཇོ་རིའི་རྩེ་མོར་འཛེགས་པ་དང་ཇོ་མོ་གླང་མའི་མཐོ་ཚད་ལེགས་གྲུབ་ལྡན་པའི་ངང་ཚད་ལེན་ཐུབ་ཅིང་། ཕན་ཐོགས་འཛམ་གླིང་ཐོག་ཇོ་མོ་གླང་མའི་བྱང་ངོས་ནས་འཛེག་མཁན་བུད་མེད་ཨང་དང་པོར་གྱུར་ཡོད། 2003ལོར་ཀྲུང་གོའི་ལས་ཞོར་རི་འཛེག་རུ་ཁག་གིས་ཇོ་མོ་གླང་མར་ཐེངས་དང་པོ་འཛེགས། 2008ལོར་ཀྲུང་གོའི་རི་འཛེག་རུ་ཁག་གིས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་འཛམ་གླིང་ཡང་རྩེའི་ཐོག་སྤར་བས་ཀྲུང་གོ་བས་ཨོ་རྩལ་འགྲན་ཚོགས་གཉེར་བའི་དམ་བཅའ་མངོན་འགྱུར་བྱུང་ཡོད། 2020ལོའི་ཟླ་5ཚེས་27ཉིན་2020ལོའི་ཇོ་མོ་གླང་མའི་མཐོ་ཚད་ཚད་འཇལ་རི་འཛེག་རུ་ཁག་གིས་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མར་ལེགས་གྲུབ་ལྡན་པའི་ངང་འཛེགས་ཡོད། ཁོང་ཚོས་རི་རྩེར་ཚད་རྟགས་བཙུགས་པ་དང་GNSSགནམ་སྐུད་སྒྲིག་སྦྱོར་བྱས་ནས་རི་རྩེའི་ཚད་འཇལ་ལས་དོན་ཁག་སྤེལ་ཡོད། 2020ལོ་ནི་ཀྲུང་གོ་བས་ཇོ་མོ་གླང་མར་ཐེངས་དང་པོར་འཛེགས་ནས་ལོ་60འཁོར་བ་དང་ཏག་ཏག་འཁེལ་བ་དང་། ཇོ་མོ་གླང་མའི་མཐོ་ཚད་ཚད་འཇལ་རི་འཛེག་རུ་ཁག་གིས་ལེགས་གྲུབ་ལྡན་པའི་ངང་རི་རྩེར་འཛེགས་ཐུབ་པ་མ་ཟད་ཀྲུང་གོ་བས་ཇོ་མོ་གླང་མའི་རྩེ་མོར་དུས་ཡུན་སྐར་མ་150བསྡད་པའི་ཟིན་ཐོ་གསར་ཤོས་བཏོད་ཡོད།

          འདི་ནི་མཐུད་པར་ཞིག་ཡིན་ཏེ། གཡོན་གོང་གི་པར་ནི་1960ལོའི་ཟླ་5པར་ཇོ་མོ་གླང་མའི་རྩེ་མོར་འཛེག་མཁན་ཀྲུང་གོའི་རི་འཛེག་རུ་ཁག་གི་རུ་མི་ཝང་ཧྥུ་ཀྲོའུ།(གཡས) མགོན་པོ།(དཀྱིལ) ཆུས་དབྱིན་ཧྭ་བཅས་ཡིན།(དཔྱད་གཞིའི་འདྲ་པར། ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ) གཡོན་འོག་གི་པར་ནི་2008ལོའི་ཟླ་5ཚེས་8ཉིན་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་ཇོ་རིར་བརྒྱུད་སྤྲོད་བྱེད་པའི་རི་འཛེག་རུ་ཁག་གི་རུ་མི་ནོར་བུ་དགྲ་འདུལ(གཡོན)གྱིས་དཔལ་འབར་དང་པོ་འཛིན་མཁན་སྐྱིད་སྐྱིད་ཀྱི་ལག་ནང་གི“སྤྲིན་བཟང”དཔལ་འབར་ལ་མེ་སྤར་བ། (ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ) གཡས་ཀྱི་པར་ནི་2020ལོའི་ཇོ་མོ་གླང་མའི་མཐོ་ཚད་ཚད་འཇལ་རི་འཛེག་རུ་ཁག་གི་རུ་མིས་ཇོ་མོ་གླང་མའི་རི་རྩེར་ཚད་འཇལ་ལས་དོན་སྤེལ་བ། (2020ལོའི་ཟླ་5ཚེས་27ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་ཆེད་བསྐོས་གསར་འགོད་པ་བཀྲ་ཤིས་ཚེ་རིང་གིས་པར་བླངས)

སྐད་ཅིག་བརྒྱད་པ། བོད་ལྗོངས་ཀྱི་མཐའ་མཇུག་གི་ལག་སྒུལ་ཁ་པར་ལོ་རྒྱུས་སུ་གྱུར་བ།
          2004ལོའི་ཟླ་7ཚེས་25ཉིན། བོད་ལྗོངས་སྣེ་གདོང་རྫོང(དེང་གི་སྣེ་གདོང་ཆུས)སྐྱེད་པ་ཤང་སྨོན་གྲོང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཡེ་ཤེས་བསྟན་འཛིན་གྱིས་གྲོང་ཚོ་ཨུ་ལྷན་གྱི་ཆེད་དུ་ཕན་ནུས་ལོ་30ཐོན་པའི་ལག་སྒུལ་ཁ་པར་དེ་དཀར་གཙང་ཁ་བཏགས་ཀྱིས་བསྒྲིལ་བ་དང་། སྐུད་མེད་ཁ་པར་སྒྲིག་སྦྱོར་བྱེད་པར་ཡོང་མཁན་ལྷོ་ཁ་ས་ཁུལ(དེང་གི་ལྷོ་ཁ་གྲོང་ཁྱེར)གློག་འཕྲིན་ཀུང་སིའི་ཅིང་ལི་བསྟན་འཛིན་ལ་ལག་སྒུལ་ཁ་པར་དེ་རྩིས་སྤྲོད་བྱས་ཡོད། དེ་ནས་བཟུང་བོད་ཀྱི་ཤང་ཚང་མར་ཁ་པར་ཤར་གཏོང་ཐུབ་པ་དང་བོད་དུ་ལག་སྒུལ་ཁ་པར་གྱི་ལོ་རྒྱུས་མཇུག་འགྲིལ་ཡོད།
          2017ལོ་ནས་བཟུང་4Gདུས་རབས་སུ་སླེབས་པ་དང་བོད་ཀྱི་འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད། 2020ལོའི་ལོ་མཇུག་བར་བོད་ཀྱི་སྲིད་འཛིན་གྲོང་ཚོ་5417ལ་4Gདྲ་རྒྱ་ཤར་གཏོང་ཐུབ་པ་དང་། སྲིད་འཛིན་གྲོང་ཚོ་5439ལ་འོད་སྐུད་དྲ་ཆེན་ཤར་གཏོང་ཐུབ་ཅིང་དེ་གཉིས་ཀར་ཤར་གཏོང་ཐུབ་ཚད་99%ཟིན་པ། སྲིད་འཛིན་གྲོང་ཚོར་འོད་སྐུད་དྲ་ཆེན་ཤར་གཏོང་ཐུབ་ཚད་དེ་སྔའི་4%ནས་99%བར་མཐོ་རུ་ཕྱིན་པ་དང་4Gདྲ་རྒྱ་ཤར་གཏོང་ཐུབ་ཚད་དེ་0%ནས་99%བར་མཐོ་རུ་ཕྱིན་པ། ལྗོངས་ཡོངས་སུ་འཕྲིན་གཏོང་འོད་སྐུད་སྐུད་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི་24.08ཟིན་པ་དང་། དྲ་སྦྲེལ་དྲ་ཆེན་གྱི་མཐུད་ཁ་ཁྲི་216.5ཟིན་པ་བཅས་འཕྲིན་གཏོང་འཕེལ་རྒྱས་ཀྱི་ཆུ་ཚད་ནང་སའི་ཞིང་ཆེན་དང་གཞི་རྩའི་ཆ་ནས་དོ་སྙོམས་བྱུང་ཡོད།
          འཕྲིན་གཏོང་ལག་རྩལ་འཕེལ་རྒྱས་ཕྱིན་པས་བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བཞིན་ཡོད། གཏན་འཇགས་ཁ་པར་ནས་ལག་ཐོགས་ཁ་པར་བར་དང་། སྒྲ་བརྒྱུད་ནས་ཁ་པར་གཏོང་བ་ནས་བརྙན་ལམ་བརྒྱུད་ནས་ཁ་པར་གཏོང་བའི་བར་འབྲེལ་གཏུག་བྱེད་སྟངས་སྣེ་མང་ཅན་དུ་གྱུར་ཡོད།
          ད་ཆ་5Gཡི་འཕྲིན་གཏོང་ལག་རྩལ་གངས་ལྗོངས་ས་མཐོར་ཁྱབ་གདལ་གཏོང་བཞིན་ཡོད་པ་དང་། སྨན་བཅོས་དང་ཡུལ་སྐོར་སོགས་ལས་རིགས་མང་པོར་བེད་སྤྱོད་ཐུབ་ཡོད། 2020ལོའི་ཟླ་5པར་བོད་ཀྱི་5Gརིག་ལྡན་སྨན་བཅོས་མཉམ་འབྲེལ་ཚོད་ལྟ་ཁང་ཐོག་མ་དེ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་བཙུགས་པ་དང་། 5Gཡི་མྱུར་ཚད་མཐོ་བ་དང་དུས་ཡུན་ཐུང་བ་སོགས་ཀྱི་ལེགས་ཆ་སྤྱད་དེ་རྒྱང་ཁྲིད་སྨན་བཅོས་ནད་ཐོག་ཏུ་བེད་སྤྱད་པས་བཅོས་དཀའ་བའི་ནད་གཞི་མང་པོ་དྲག་སྐྱེད་བྱུང་ཡོད།

          འདི་ནི་མཐུད་པར་ཞིག་ཡིན་ཏེ། གཡོན་གོང་གི་པར་ནི་སྐེད་པར་BPའཕྲུལ་ཆས་བཏགས་པ་དང་ལག་ཏུ“ཏ་ཀོ་ཏ་”འཁྱེར་བའི་བོད་རིགས་ཀྱི་བུད་མེད་ཚོང་པ་ལྷག་སྒྲོལ་དང་སི་ཁྲོན་གྱི་ཚོང་ཤག་ཚོང་སྒྲིག་པ། (1994ལོར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཐུབ་བསྟན་གྱིས་པར་བླངས) གཡས་གོང་གི་པར་ནི་2004ལོའི་ཟླ་7ཚེས་25ཉིན་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་རྫོང(དེང་གི་སྣེ་གདོང་ཆུས)སྐྱེད་པ་ཤང་སྨོན་གྲོང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཡེ་ཤེས་བསྟན་འཛིན་གྱིས་དཀར་གཙང་ཁ་བཏགས་འཁྱེར་ནས་གྲོང་ཚོ་ཨུ་ལྷན་གྱི་ཆེད་དུ་ཕན་ནུས་ལོ་30ཐོན་པའི་ལག་སྒུལ་ཁ་པར་དཀར་གཙང་ཁ་བཏགས་ཀྱིས་བསྒྲིལ་བ་དང་། སྐུད་མེད་ཁ་པར་སྒྲིག་སྦྱོར་བྱེད་པར་ཡོང་མཁན་ལྷོ་ཁ་ས་ཁུལ(དེང་གི་ལྷོ་ཁ་གྲོང་ཁྱེར)གློག་འཕྲིན་ཀུང་སིའི་ཅིང་ལི་བསྟན་འཛིན་ལ་རྩིས་སྤྲོད་བྱས་ཡོད། (ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ) འོག་གི་པར་ནི་ཇོ་མོ་གླང་མའི་སྒར་ས་ཆེ་མོར་5Gཡི་བརྡ་རྟགས་ཤར་གཏོང་ཐུབ་པ། (2020ལོའི་ཟླ་5ཚེས་3ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས)

སྐད་ཅིག་དགུ་པ། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ།
          2006ལོའི་ཟླ་7ཚེས་1ཉིན་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ཡོད། འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་ལམ་ཐག་རིང་ཤོས་ཀྱི་ས་མཐོའི་ལྕགས་ལམ་དེས་འཛམ་གླིང་གི་ལྕགས་ལམ་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་ངོ་མཚར་བཏོད་པ་དང་། མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས“བདེ་སྐྱིད་མཁའ་ལམ”ཞེས་འབོད་ཀྱི་ཡོད། མཚོ་བོད་ལྕགས་ལམ་ནི་དཔལ་འབྱོར་གྱི་ལམ་ཐིག་དང་བདེ་སྐྱིད་ཀྱི་ལམ་བུ་ཞིག་ཡིན་པ་མ་ཟད་སྣོད་བཅུད་ཀྱི་ལམ་ཐིག་ཞིག་ཀྱང་རེད།
          མཚོ་བོད་ལྕགས་ལམ་གྱི་གོར་མོ་ནས་ལྷ་ས་བར་གྱི་ལམ་དུམ་བུ་ཧྲིལ་པོར་སྤྱི་ལེ་1142ཡོད་པ་དང་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་ལམ་ཐག་རིང་ཤོས་ཀྱི་ས་མཐོའི་འཁྱགས་སའི་ལྕགས་ལམ་ཞིག་ཡིན། དེའི་ཁྲོད་ས་བབ་མཐོ་ཚད་སྨི་4000ཡན་གྱི་ལོ་མང་འཁྱགས་སའི་ལམ་དུམ་བུ་སྤྱི་ལེ་550ཟིན་པ་དང་མེ་འཁོར་གྱི་ཆུ་ཚོད་རེའི་མྱུར་ཚད་མགྱོགས་ཤོས་ལ་སྤྱི་ལེ་100ཟིན་པས་འཛམ་གླིང་ཐོག་ལས་རིགས་ནང་ཁོངས་ཀྱི་ཟིན་ཐོ་མང་པོ་བཏོད་ཡོད།

          འདི་ནི་མཐུད་པར་ཞིག་ཡིན་ཏེ། བོད་ལྗོངས་འདམ་གཞུང་རྫོང་གི་བོད་རིགས་མང་ཚོགས་ཚོས་རྒྱུག་འགྲོ་བའི་མེ་འཁོར་ལ་ལྟ་བ། (2006ལོའི་ཟླ་6ཚེས་17ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་མཆོག་རྒོད་ཀྱིས་པར་བླངས) འོག་གི་པར་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་དུ་པར་ལེན་བྱས་པའི་གཞུང་ལམ་དང་ལྕགས་ལམ་ཡིན། (2016ལོའི་ཟླ་8ཚེས་17ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས། མི་མེད་གནམ་གྲུའི་འདྲ་པར) བོད་ལྗོངས་སུ་གཞུང་ལམ་དང་ལྕགས་ལམ། མཁའ་འགྲུལ་བཅས་ཀྱི་ལངས་གཟུགས་འགྲིམ་འགྲུལ་དྲ་བ་ཞིག་གྲུབ་ཟིན།

སྐད་ཅིག་བཅུ་པ། བོད་ལྗོངས་ཀྱིས་དབུལ་པོ་དབུལ་རྐྱང་མེད་པར་བཟོས་པ།
          བོད་ལྗོངས་ཀྱིས་ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་གཏིང་ཟབ་ཏུ་གཏོང་བའི་ཚོགས་འདུ་བསྟུད་མར་འཚོགས་ནས“ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ཡོང་རྒྱུར་རོགས་རམ་བྱེད་པ”སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། གནད་སྨིན་ཇུས་འདོན་དང་གནད་སྨིན་རོགས་སྐྱོར་བྱས་པ་བརྒྱུད་བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་བླངས་ཤིང་། མི་རིགས་ཁག་གི་མི་དམངས་རྣམས་ལྟོ་གོས་ལ་སེམས་ཁྲལ་མེད་པ་བྱུང་བ་དང་འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ལ་འགན་ལེན་ཐུབ་ཡོད། 2019ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དང་ཆུས་དབུལ་པོ་74ཡི་དབུལ་ཞྭ་ཕུད་ཐུབ་པས་ལོ་རྒྱུས་རང་བཞིན་གྱི་དབུལ་པོའི་གནད་དོན་མེད་པ་བཟོས་པ་དང་དབུལ་སྒྲོལ་གྲུབ་འབྲས་སྔར་བས་བརྟན་དུ་ཕྱིན་ཡོད།

          འདི་ནི་མཐུད་པར་ཞིག་ཡིན་ཏེ། གོང་གི་པར་ཆུང་ཆུང་བཞི་པོ་ནི་2021ལོའི་ཟླ་2ཚེས་9ཉིན་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་དུ་ཁེ་སྤོགས་རག་པའི་ཞིང་པ་རྣམས་དགའ་སྤྲོས་ཁེངས་པའི་རྣམ་པ་ཡིན། (ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཕུར་བུ་བཀྲ་ཤིས་ཀྱིས་པར་བླངས) འོག་གི་པར་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་མཁར་སྒང་གྲོང་ཚོའི་གྲོང་མིས་ས་ཆ་དེ་གའི་སྡོང་ཕྲུག་ར་བའི་ཐོན་ལས་རྟེན་གཞིར་མེ་ཏོག་གི་སོན་འཚོལ་བསྡུ་བྱེད་པ་དང་། དེ་སྔའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་འདི་གར་ལས་ཞུགས་ཐུབ་པས་དབུལ་པོའི་གནས་ལས་སྒྲོལ་ཐུབ་ཡོད། (2020ལོའི་ཟླ་9ཚེས་28ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འཇིགས་མེད་རྡོ་རྗེས་པར་བླངས)
རྩོམ་སྒྲིག་པ། བདེ་སྒྲོལ།