ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་རང་སྐྱོང་ལྗོངས་ཡོངས་ཀྱི“ཕུལ་བྱུང་གསུམ་དང་སྔོན་ཐོན་གཅིག”དང་མི་དམངས་བློ་ཡིད་ཚིམ་པའི་གཞུང་ལས་པ་དང་གཞུང་ལས་པའི་མཉམ་སྡེབ་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

སྤེལ་དུས 2021-07-07 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
        ཟླ་7ཚེས་5ཉིན་གྱི་སྔ་དྲོ། རང་ལྗོངས་ཀྱིས“ཕུལ་བྱུང་གསུམ་དང་སྔོན་ཐོན་གཅིག”དང་མི་དམངས་བློ་ཡིད་ཚིམ་པའི་གཞུང་ལས་པ་དང་གཞུང་ལས་པའི་མཉམ་སྡེབ་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་ཆེན་ལ་ཞུགས་པ་དང་གསུང་བཤད་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་བྱ་དགའ་དང་གཟེངས་བསྟོད་རྟགས་མ་གནང་བཞིན་པ།
        ཟླ་7ཚེས་5ཉིན་གྱི་སྔ་དྲོ། རང་ལྗོངས་ཀྱིས“ཕུལ་བྱུང་གསུམ་དང་སྔོན་ཐོན་གཅིག”དང་མི་དམངས་བློ་ཡིད་ཚིམ་པའི་གཞུང་ལས་པ་དང་གཞུང་ལས་པའི་མཉམ་སྡེབ་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་ཆེན་ལ་ཞུགས་པ་དང་གསུང་བཤད་ཀྱང་གནང་ཞིང་། འདི་ནི་ཚོགས་ཆེན་འཚོག་ཡུལ་ཡིན་པ།
        བོད་རང་སྐྱོང་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་དགའ་སྤྲོའི་ངང་བསུ་བ་ཞུ་བའི་མཚམས་སུ། ཟླ་7ཚེས་5ཉིན་གྱི་སྔ་དྲོ། རང་ལྗོངས་ཀྱིས“ཕུལ་བྱུང་གསུམ་དང་སྔོན་ཐོན་གཅིག”དང་མི་དམངས་བློ་ཡིད་ཚིམ་པའི་གཞུང་ལས་པ་དང་གཞུང་ལས་པའི་མཉམ་སྡེབ་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཚོགས་ཆེན་ལ་ཞུགས་པ་དང་གསུང་བཤད་གནང་བ་རེད།
        བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་རྣམ་གཉིས་ཀྱིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ།
        བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཅིན་ཧའེ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་བསྟན་ཁོ་དང་། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝུའེ་ཏུང་། ཁྲེན་ཡུང་ཆི། དབང་ཧའེ་ཀྲོའུ་བཅས་ཞུགས་པ་རེད།
        བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་འགོ་ཚུགས་ཤིང་། ཆེ་དགྲ་ལྷ་དང་ཀྲོང་ཡན་གྱིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ་རེད། ཝུའུ་དབྱིང་ཅེ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་མཁན་ལྗོངས་ཡོངས་ཀྱི“ཕུལ་བྱུང་གསུམ་དང་སྔོན་ཐོན་གཅིག”གི་འཐུས་མི་དང་། མི་དམངས་བློ་ཡིད་ཚིམ་པའི་གཞུང་ལས་པ་དང་གཞུང་ལས་པའི་མཉམ་སྡེབ་འཐུས་མི། བྱས་རྗེས་རིམ་པ་དང་པོ་འཇོག་མཁན་གཞུང་ལས་པ་དང་གཞུང་ལས་པའི་མཉམ་སྡེབ་འཐུས་མི་བཅས་ལ་གཟེངས་བསྟོད་བྱ་དགའ་གནང་བ་དང་ལྗོངས་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་གི་དཔེ་སྟོན་ས་ཚིགས་ཀྱི་འཐུས་ཚབ་ལ་གཟེངས་བསྟོད་རྟགས་མ་གནང་བ་རེད།
        ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་བཟོ་པ་དང་། ཞིང་འབྲོག་པ། ཤེས་ལྡན་པ། ལས་རིགས་ཁག་གི་མི་སྣ་བཅས་དང་བོད་སྡོད་དཔུང་སྡེའི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེ་མི་དམངས་ཉེན་རྟོག་པ། མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་བཀོད་འཐབ་པ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་རང་སྲོག་བློས་གཏོང་གིས་ལེགས་སྐྱེས་འབུལ་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་དཔའ་བོ་དཔེ་བཟང་བར་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དེ་རིང་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་མིག་དཔེར་བྱས་ཏེ། ལྷག་བསམ་ཟོལ་མེད་ཀྱི་ཀུན་སྤྱོད་འཇགས་པ་དང་། མི་དམངས་ལ་བརྩེ་བ་འཆང་རྒྱུ་བརྟན་སྲུང་། དོན་གཉེར་གྱི་སྤྱོད་ཚུལ་དར་སྤེལ། འགན་འཁུར་གྱི་སྙིང་སྟོབས་ལ་ཞུན་བརྡར། འཇོན་ཐང་ཆེན་པོ་ལྡན་པའི་སྦྱོང་བརྡར། སྤྱོད་གཙང་གཞུང་དྲང་རྒྱུན་འཁྱོངས་བཅས་བྱས་ཏེ་དམག་འཐབ་མཁར་རྫོང་དང་སྔོན་ཐོན་དཔེ་བཟང་གི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
        ཝུའུ་དབྱིང་ཅེས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བདུན་གཅིག་བྱས་རྗེས་གཟེངས་རྟགས”སྤྲོད་པའི་མཛད་སྒོ་དང་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་དང་། དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། ཏང་འཛུགས་སྐྱོང་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ། བོད་ཀྱི་ལས་དོན་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་དགུ་པའི་བཀོད་སྒྲིག་བླང་བྱར་གཞིགས་ནས། དཀའ་སྤྱད་འབད་འབུངས་དང་འགག་སྒྲོལ་དཀའ་སེལ་གྱིས་ཏང་དང་། མི་དམངས། དུས་རབས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་ཧུར་ཐག་འཇོག་དགོས་པ་སྟེ།
        གཅིག་ནས“སྲུང་སྐྱོང་གཉིས”ཐུབ་པ་རྒྱུན་སྲིང་ལྷོད་མེད་བྱས་ཏེ་ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་དཔེ་བཟང་བརྩོན་ལེན་བྱེད་དགོས། “སྲུང་སྐྱོང་གཉིས”རྩ་བའི་ཆབ་སྲིད་ཀྱི་སྒྲིག་སྲོལ་དང་ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས“སྤྱི་ཡོངས་གཉིས”དང“རྒྱལ་ཁབ་ཀྱི་དོན་ཆེན”སེམས་སུ་བཅངས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་ཀུན་སྤྱོད་བཟང་པོ་གོང་དུ་བཀུར་བ། ཏང་གི་དད་སེམས་ལ་ལྷག་བསམ་རྣམ་དག་བྱེད་པ་དང་། ཏང་གི་རྩ་འཛུགས་ལ་ལྷག་བསམ་རྣམ་དག་བྱེད་པ། ཏང་གི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་ལ་ལྷག་བསམ་རྣམ་དག་བཅས་བྱས་ནས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅིའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་དགོངས་དོན་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་བོད་དུ་རྩ་བ་ཚུགས་ནས་འབྲས་བུ་སྨིན་པའི་འགན་ལེན་བྱེད་དགོས།
        གཉིས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་རྒྱུན་སྲིང་ལྷོད་མེད་བྱས་ཏེ་དད་སེམས་བརྟན་པའི་དཔེ་བཟང་བ་ཞིག་བརྩོན་ལེན་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་ནས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བཅས་བྱེད་པ་དང་། གསར་བརྗེའི་སྲིད་དབང་དང་། ཀྲུང་གོ་གསར་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ནི་ལས་སླ་པོར་བྱུང་བ་ཞིག་མིན་པར་ངོས་འཛིན་གཏིང་ཟབ་བྱེད་པ། ཀྲུང་གོའི་གུང་ཁྲན་ཏང་འཇོན་དོན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་དོན་མཐར་གཏུགས་ནས་བཤད་ན་མར་ཁེ་སི་རིང་ལུགས་ཡང་དག་པ་ཡིན་པར་ངོས་འཛིན་གཏིང་ཟབ་བཅས་བྱས་ནས། “གདེང་ཚོད་བཞི”ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་ནམ་ཡང་ཏང་ལ་ཡིད་ཆེས་དང་། ཏང་ལ་དགའ་ཞེན། ཏང་གི་ཆེད་དུ་བཅས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་བླང་བྱར་གཞིགས་ནས། མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་བྱེད་པ་དང་། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་དང་། གནས་ལུགས་དང་། ཚན་རིག་གི་ཆོས་ཉིད། འཇིག་རྟེན་ཁམས་དང་མི་ཚེའི་སྐོར་གྱི་གནས་ལུགས་བཅས་ཁོང་དུ་ཧུར་ཐག་ཆུད་པར་བྱས་ནས་ལྷག་བསམ་འཕེལ་ཐུབ་པ་དང་། དད་སེམས་འཇགས་ཐུབ་པ། ཐེག་པ་ཁུར་ལེན་ཐུབ་པ། འཇོན་ཐང་འཕེལ་ཐུབ་པ། འགན་འཁྲི་དང་ལེན་ཐུབ་པ། རྩོལ་ཤུགས་སྐྱེ་ཐུབ་པ། སྤྱོད་གཙང་སྲུང་ཐུབ་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་ཏང་ཡོན་ལས་བྱེད་པར་དྲག་ཆས་སྤྲོས་པ་དང་མི་རིགས་ཁག་གི་མང་ཚོགས་ལ་སློབ་གསོ་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་གང་མགྱོགས་འཕྱུར་བ་བྱས་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཡིད་ཆེས་དང་ཆོད་སེམས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས།
        གསུམ་ནས་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱ་རྒྱུ་རྒྱུན་སྲིང་ལྷོད་མེད་བྱས་ཏེ་དམིགས་ཚད་ལག་ལེན་བསྟར་མཁན་གྱི་དཔེ་བཟང་བ་ཞིག་བརྩོན་ལེན་བྱེད་དགོས། མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཀུན་སྤྱོད་བཟང་པོ་བརྟན་པོར་བསྲུངས་ནས་མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ་དང་མི་དམངས་གོང་བཀུར་མཐའ་འཁྱོངས་ཀྱིས“ལྡན་དགོས་པ་གསུམ་དང་ཕན་པ་གཅིག”གི་བླང་བྱ་དོན་འཁྱོལ་བྱེད་པ་དང་། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་བསྐྲུན་རྒྱུ་མཐའ་འཁྱོངས་ཀྱིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ཡག་པོ་སྤེལ་བ། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ། སློབ་གསོ་དང་། སྤྱི་ཚོགས་འགན་སྲུང་། སྨན་བཅོས་སོགས་ཀྱི་གནད་དོན་སྤྱི་འདོམས་ཐག་གཅོད་ཡག་པོ་བྱེད་པ། བྱ་བ་བཟང་པོ་གང་ལེགས་སྒྲུབ་པ་དང་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པའི་ལས་དོན་ཡག་པོ་སྤེལ་བ་བཅས་བྱས་ནས་མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་མང་བ་ཐོབ་པར་བྱེད་དགོས།
        བཞི་ནས“དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱ་རྒྱུ་རྒྱུན་སྲིང་ལྷོད་མེད་བྱས་ཏེ་འབད་འབུངས་ཆེན་པོས་ལེགས་སྐྱེས་འབུལ་མཁན་གྱི་དཔེ་བཟང་བ་ཞིག་བརྩོན་ལེན་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་རྐྱེན་མ་བྱུང་གོང་ནས་བཟློག་རྒྱུ་རྩ་དོན་དུ་བཟུང་སྟེ་ལས་ཀ་བྱེད་པ་དང་། གནད་དོན་ཚབས་ཆེན་མི་ལྷག་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། རང་འགན་ཐེག་པ་ཁུར་ལེན་བྱེད་ཕོད་མིན་ཚད་གཞིར་བཟུང་ནས་ལས་བྱེད་པར་ལྟ་སྟངས་འཛིན་པ་བཅས་མཐའ་འཁྱོངས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། དར་ཆ་གསལ་སྟོན་གྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཆོས་ལུགས་སྤྱད་དེ་ཐོན་པའི་ཤུགས་རྐྱེན་ངན་པ་སེལ་བ། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་དང་ཕྱོགས་ཡོངས་ནས་ཡུན་རིང་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་མཉམ་འདྲེས་ཐུབ་པ་བཅས་བྱེད་པ་དང“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱེད་པའི་ལས་ཀའི་བྱ་ཐབས་ཐོག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་སྲུང་སྐྱོང་ཧུར་ཐག་དང་བྱས་རྗེས་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་སྐྱེ་ཁམས་ཀྱི་བདེ་འཇཌ་སྲུང་ཡོལ་བརྟན་པོ་ཞིག་འཛུཌ་དགོས། མཐའ་སྟོབས་མཐའ་སྲུང་གི་འཐབ་ས་དང་པོར་ཧུར་ཐག་ཞུགས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བྱེད་པའི་བརྩོན་ལེན་བྱེད་དགོས།
        ལྔ་ནས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུ་རྒྱུན་སྲིང་ལྷོད་མེད་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་དཔེ་བཟང་བ་ཞིག་བརྩོན་ལེན་བྱེད་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་རྩ་འཛུགས་ཀྱི་ལམ་ཕྱོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ“བརྟན་པོ་འཛུགས་པ་གསུམ”མཐའ་འཁྱོངས་ཀྱིས་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བར་སྣང་ཆེན་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བཅས་བྱས་ཏེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་བོད་ཀྱི་ཏང་ཡོན་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས། རྒྱ་ཆེའི་ཏང་ཡོན་ཚོས་རང་གཅུན་ནན་པའི་ཀུན་སྤྱོད་ལ་ཞུན་བརྡར་དང་། སྒེར་དོར་སྤྱི་སྐྱོང་། སྤྱོད་གཙང་རང་གཅུན་བཅས་བྱས་ཏེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་རང་མདངས་ནམ་ཡང་གནས་པར་བྱེད་དགོས། ན་གཞོན་ཏང་ཡོན་ལས་བྱེད་པ་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་རང་འཁྲིའི་ལས་འགན་ལ་བརྩིས་ནས་ཀྲུང་གོ་བ་ཞིག་བྱེད་པའི་བློ་སྟོབས་དང་། ལ་རྒྱ། གདེང་ཚོད་བཅས་ཆེ་རུ་བཏང་སྟེ་དུས་རབས་དང་། ལང་ཚོ། ཏང་དང་མི་དམངས་ཀྱི་རེ་བ་ཟབ་མོ་བཅས་ཆུད་ཟོས་སུ་གཏོང་མི་རུང་།
        རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལྷག་ཆུང་དང་། རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་དོན་ལས་དོན་པ་ལི་མིང་དབྱང་། ལྗོངས་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྲོ་སྐྱིད་སོགས་གཟེངས་བསྟོད་ཐོབ་མཁན་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་གྱི་འཐུས་མིས་ཚོགས་ཆེན་ཐོག་སྤེལ་རེས་གཏམ་བཤད་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།