ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེ་དང་ཆེ་དགྲ་ལྷས་ཝེ་ཧྲན་ཀྲུང་བཅས་པ་དང་བཞུགས་མོལ་གནང་བ།

སྤེལ་དུས 2021-07-09 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
         ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཆུ་བེད་པུའི་པུའུ་ཀྲང་གཞོན་པ་ཝེ་ཧྲན་ཀྲུང་བཅས་པ་དང་བཞུགས་མོལ་གནང་ནས། ཕྱོགས་གཉིས་པོས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྔར་བས་ལག་བསྟར་དོན་འཁྱོལ་བྱེད་པ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།
         ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་བཞུགས་མོལ་ལ་མཉམ་དུ་ཞུགས་པ་རེད།
         དང་ཐོག་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་པུའུ་ཀྲང་གཞོན་པ་ཝེ་ཧྲན་ཀྲུང་གིས་རུ་སྣེ་ཁྲིད་དེ་བོད་ལྗོངས་སུ་བརྟག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་། དུས་ཡུན་རིང་པོའི་ནང་ཆུ་བེད་པུས་བོད་ལྗོངས་ཀྱི་བྱ་གཞག་ཁག་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།
         ཝུའུ་དབྱིང་ཅེས་དུས་ཡུན་རིང་པོའི་ནང་ཆུ་བེད་པུས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་བྱས་ཏེ། ཁ་གཏད་བོད་སྐྱོར་གྱི་འཐབ་ཇུས་ལག་བསྟར་བྱེད་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཁ་གཏད་བོད་སྐྱོར་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་འདི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ། ཆུ་བེད་འཆར་འགོད་དང་། རྣམ་གྲངས་འཛུགས་སྐྲུན། ཤེས་ལྡན་མི་སྣའི་བོད་སྐྱོར་སོགས་ཀྱི་ཐད་རྒྱབ་སྐྱོར་ཤུགས་ཆེན་བཅས་གནང་བས། བོད་ལྗོངས་ཀྱི་ཆུ་བེད་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐུབ་སྟེ། བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
         ཝུའུ་དབྱིང་ཅེས། ཆུ་བེད་པུས་བོད་ལྗོངས་ཀྱི་ཆུ་བེད་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་འདི་ཉིད་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་དུ་གཏོང་བ་དང་མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་།སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ལ་བརྩིས་ནས། གཙང་པོ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་འཆར་འགོད་ལ་མགྱོགས་མྱུར་ཞིབ་མཆན་འགོད་པ་དང་། བོད་ལྗོངས་ཀྱི་གཙོ་གནད་ཆུ་བེད་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ། ཤེས་ལྡན་མི་སྣའི་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་དར་རྒྱས་ལ་རམ་འདེགས་ཤུགས་ཆེན་བཅས་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ཆུ་བེད་ཀྱི་ནུས་པ་འདོན་སྤེལ་བྱེད་རྒྱུའི་རེ་བ་ཡོད། བོད་རང་སྐྱོང་ལྗོངས་ཀྱིས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱར་གཞིགས་པ་དང་། ཆུའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། བོད་ལྗོངས་ཀྱི་ཆུ་བེད་བྱ་གཞག་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་བྱ་ཆེད་བོད་ཀྱིས་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཝེ་ཧྲན་ཀྲུང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་འོག་བོད་ལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བཅས་བྱུང་བས་མི་སེམས་འགུལ་བ་ཞིག་འདུག་ལ་ལྕག་སྐུལ་ཡང་ཟབ་མོ)ཐེབས་བྱུང་། ཏང་དང་རྒྱལ་ཁབ་ལས་དོན་གྱི་སྤྱི་ཡོངས་ཁྲོད་བོད་ལྗོངས་ཀྱི་ལས་དོན་གྱིས་འཐབ་ཇུས་གལ་ཆེན་གྱི་གནས་བབ་བཟུང་ཡོད་པས། བོད་ལྗོངས་ཀྱི་ཆུ་བེད་བྱ་གཞག་འཕེལ་རྒྱས་གཏོང་བར་སྐྱེ་ཁམས་དང་ཆབ་སྲིད་ཀྱི་རྩིས་ཡག་པོ་རྒྱག་དགོས། ཆུ་བེད་པུས་ཀྲུང་དབྱང་གི་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བོད་ལྗོངས་ཀྱི་ཆུ་བེད་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོར་ཕྱོགས་ཡོངས་ནས་འབྲེལ་མཐུད་དང་ཆུ་བེད་བོད་སྐྱོར་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ། དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།