ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

འདི་ལོ་བོད་རང་སྐྱོང་ལྗོངས་ཀྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་3ཙམ་ཟིན་པ།

སྤེལ་དུས 2021-07-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། འབྲེལ་ཡོད་གྲངས་གཞི་ལས་མངོན་པར་གཞིགས་ན། འདི་ལོ་ལྗོངས་ཡོངས་ཀྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ཁྲི་2.97ཟིན་ནས་མི་གྲངས་མང་ཤོས་ཡིན་པ་རེད། རྒྱ་ཆེའི་སློབ་ཐོན་སློབ་མ་སློབ་གྲྭ་ནས་སྤྱི་ཚོགས་ལ་བསྐྱོད་པ་ནི་གཅིག་ནས་གོ་སྐབས་ཤིག་ཡིན་ལ། གཉིས་ནས་འགྲན་སློང་ཞིག་ཀྱང་ཡིན་པར་བརྟེན་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ལས་ཞུགས་བརྟན་པོ་ཡོང་བ་དང་ལས་ཞུགས་འགན་ལེན་ཡོང་བའི་ལས་འགན་ཨང་དང་པོར་བརྩིས་པ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་འདོམས་ངང་སྐུལ་འདེད་དང་མཐུན་སྦྱོར་ངང་མཉམ་ཤུགས་བཏོན་ནས་བྱ་ཐབས་སྣ་མང་སྤྱད་དེ་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་གང་ཐུབ་ཡོང་བར་སྐུལ་འདེད་བཏང་ཡོད།
        སློབ་ཐོན་སློབ་མའི་ཆེད་ལས་རིགས་ཆེན་པོ་20ལ་དབྱེ་བ།
        གསར་འགོད་པར་ཤེས་རྟོགས་བྱུང་བར། འདི་ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དེ་དམངས་འཚོའི་ལས་དོན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱས་པ་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་སྡེ་ཚན་གྱིས་ན་ནིང་གི་ཟླ་12ནས་བཟུང་སྔ་སྣུར་གྱིས་2021ལོའི་འབྲེལ་ཡོད་ཀྱི་ལས་དོན་འགོ་བཙུགས་ཏེ་སྔ་ཙམ་བཀོད་སྒྲིག་དང་སྔ་ཙམ་བྱ་སྤྱོད་སྤེལ་ཞིང་། མིག་སྔར་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
        ལས་གནས་བསྡུ་ལེན་ལ་ཤུགས་སྣོན་བརྒྱབ་ནས་ལས་གནས་སྦྲེལ་མཐུད་འགན་ལེན་ནུས་ལྡན་ཡོང་བ་བྱ་ཆེད། རང་སྐྱོང་ལྗོངས་སྲིད་གཞུང་གིས་ནང་གནས་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་པ་དང་། ཕྱིའི་ཐབས་ལམ་རྒྱ་ཆེར་གཏོང་བ། ལས་གནས་མཁོ་སྤྲོད་འགན་ལེན་ཏན་ཏིག་བྱེད་པ། སྔ་རྗེས་སུ་ཆེད་དོན་ཚོགས་འདུ་ཚོགས་པ་བཅས་བྱས་ཏེ་ལྗོངས་ནང་ཁུལ་གྱི་གཞུང་ཁོངས་ཁེ་ལས་དང་། བོད་ལ་བཅའ་སྡོད་ཀྲུང་དབྱང་ཁེ་ལས་སོགས་ཀྱི་ལས་གནས་གསར་སྤེལ་ལས་དོན་ཐད་ཆེད་དོན་བཀོད་སྒྲིག་བྱས་ནས། ལས་གནས་གཙོ་བོ་ཁྲི་1.1གསར་སྤེལ་གྱི་ལས་འགན་ཁ་གསལ་བཏོན་ཏེ་ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལྗོངས་ཕྱིའི་ལས་ཞུགས་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ཡོད།
        དེ་དང་ཆབས་ཅིག་ལྗོངས་ཡོངས་ཀྱི་འདི་ལོའི་མཐོ་སློབ་སློབ་ཐོན་སློབ་མའི་ཆེད་ལས་རིགས་ཆེན་པོ་20ལ་དབྱེ་བ་དག་ཆེད་ལས་ལ་གཞིགས་ནས་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ལ་མཁོ་འདོན་བྱས་ནས་འཆར་གཞི་དང་དམིགས་ས་ཡོད་པའི་སྒོ་ནས་ལས་གནས་གསར་སྤེལ་བྱས་ཤིང་། འདི་ལོ་ནས་བཟུང་ལས་གནས་ཁྲི་4.5ཁག་གཉིས་ལ་བགོས་ནས་ཁྱབ་བསྒྲགས་དང་ལྗོངས་ཕྱིའི་ལས་ཞུགས་ལས་གནས་ཁྲི་1.9གསར་སྤེལ་བྱས་པར་སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ཉུང་མཐར་ཡང་ལས་གནས་ཁྲི་7མཁོ་འདོན་བྱས་ཏེ་ལས་གནས་སྦྲེལ་མཐུད་དང་འགན་ལེན་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་རྒྱུ་རེད།
        བྱ་ཐབས་སྣ་མང་སྤྱད་དེ་ལས་ཀ་འདེམས་པའི་ལས་སྟེགས་བཏོད་པ།
        མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྔར་བས་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་མི་སྤྱི་ཐིང་གིས་སྔ་སྣུར་དུ་ཁྲོམ་ར་དང་སྦྲེལ་མཐུད་ཧུར་ཐག་དང་ལེགས་ཆའི་ཐོན་ཁུངས་གཅིག་སྡུད་བྱས་ནས“གྲོང་ཁྱེར་ཆེ་འབྲིང་གི་མཉམ་འབྲེལ་ཆེད་དོན་ལས་མི་བསྡུ་བ”དང་སྤུས་རྟགས་སྣ་ཚོགས་ཀྱི་ཆེད་དོན་ལས་མི་བསྡུ་བའི་བྱེད་སྒོ་སྔ་རྗེས་སུ་སྒྲིག་འཛུགས་བྱས་ནས་སྤེལ་ཏེ། ལས་མི་བསྡུ་བའི་དྲ་ཚིགས་དང་སྐད་འཕྲིན་སྤྱི་རྟགས་སོགས་ལ་བརྟེན་ནས་སྣ་མང་ཅན་གྱི་དྲ་ཐོག་ལས་མི་བསྡུ་བའི་ཞབས་ཞུ་གཉེར་ནས། མཐོ་སློབ་སློབ་ཐོན་སློབ་མར་སྔར་བས་སྟབས་བདེ་བའི་ལས་ཀ་འདེམས་པའི་ལས་སྟེགས་བཏོད་ཅིང་། ད་བར་རིམ་པ་ཁག་གི་ལས་ཞུགས་སྡེ་ཚན་གྱིས་ལས་མི་བསྡུ་བའི་འདུ་ཚོགས་ཐེངས་155གཉེར་ནས་སྤུས་ལེགས་ཁེ་ལས་ཀྱི་ལས་གནས་སྣ་ཚོགས་ཁྲི་5.2མཁོ་འདོན་བྱས་ཡོད།
        དེ་དང་ཆབས་ཅིག“ལས་གནས་ཁྱབ་བསྒྲགས་དང་། ལས་རིགས་མཛུབ་ཁྲིད། ལས་ཞུགས་གོང་གི་གསོ་སྦྱོང་། ལས་གནས་ལྟ་སྦྱོང་། གནད་སྨིན་འོས་སྦྱོར། ཆ་སྒྲིག་རོགས་སྐྱོར། རྗེས་སྙེག་ཞབས་ཞུ”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར“བར་མི་ཆད་པའི”ཞབས་ཞུའི་ལམ་སྲོལ་ཁྱོན་ཡོངས་ནས་བཙུགས་ཏེ། ལྗོངས་ཕྱིའི་ལས་ཞུགས་ཞབས་ཞུ་མངོན་གསལ་དོད་པོ་ཡོང་བའི་ཁར་ཀྲུང་དབྱང་གི་སྐོར་གཟིགས་ཚོགས་ཆུང་བཅུ་པའི་ཚུར་ལན་བསམ་འཆར་གྱི་དག་ཐེར་ལས་འགན་གྱི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ནས། གྲོང་ཁྱེར(ས་ཁུལ)བདུན་གྱིས་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་ལ་ལྗོངས་ཕྱིའི་ལས་ཞུགས་འབྲེལ་གཏུག་ཞབས་ཞུའི་ས་ཚིགས་17བཙུགས་པ་མ་ཟད། ཟླ་བ་བཞི་པའི་ཟླ་སྟོད་དུ་ཀོང་ཀྲོའུ་རུ་ས་གནས་ས་ཐོག་གི་སྐུལ་འདེད་ཚོགས་འདུ་འཚོགས་ནས་ལྗོངས་ཕྱིའི་ལས་ཞུགས་ཞབས་ཞུའི་འབྲེལ་མཐུད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་སྔར་བས་བཀོད་སྒྲིག་དང་། ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལྗོངས་ཕྱིའི“ཚོགས་སྒྲིག་རྣམ་པའི”ཁྲོམ་རའི་ལས་ཞུགས་བྱེད་སྟངས་གཏོད་རྒྱུར་སྐུལ་འདེད་བཏང་ཡོད།
        “ཚོང་ཁང་བརྒྱ་འཛུགས་པ་དང་སློབ་མ་སྟོང་སྐྱོང་བ”དང་ཁེ་ལས་བརྒྱའི“གཅིག་གཏད་གཅིག”གི་ཆེད་དོན་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་ཏེ། མཐོ་སློབ་སློབ་ཐོན་སློབ་མ་104ཡིས་ཁེ་ལས་ཀྱི་དངོས་ཚན་34འཛུགས་རྒྱུར་རོགས་སྐྱོར་བྱས་པ་དང་། པེ་ཅིང་སོགས་ལྗོངས་ཕྱིའི་གྲོང་ཁྱེར་གྱི་འཁྲུག་ཆ་དོད་སར་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཁྱད་ལྡན་ལས་གཏོད་ཐོན་ཟོག་འཚོང་ཡུལ་བཙུགས་ནས་དཔེ་སྟོན་ཚོང་ཁང་གཉེར་ཏེ། ལོ་ཧྲིལ་པོར་མཐོ་སློབ་སློབ་ཐོན་སློབ་མ་1000ཡན་གྱིས་ཁེ་ལས་དངོས་ཚན་100ཡན་གཏོད་གང་ཐུབ་བྱ་རྒྱུ་ཡིན་པ་རེད།
        ལས་ཞུགས་དེ་རྒྱལ་ཇུས་དམངས་འཚོ་དང་སྦྲེལ་ཡོད་ལ་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་ཡང་དེ་བས་སྦྲེལ་ཡོད། གོང་གསལ་གྱི་བྱ་ཐབས་སྣ་ཚོགས་ལག་ལེན་བསྟར་བ་དང་རིགས་སྣ་ཚོགས་ཀྱི་སྲིད་ཇུས་རང་བཞིན་གྱི་ལས་ཞུགས་ཁ་གསབ་རོགས་སྐྱོར་བྱས་པ་བརྒྱུད། ལྗོངས་ཡོངས་ཀྱི་ལས་ཞུགས་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ་དང་ལས་ཞུགས་ལས་གཏོད་ཀྱི་སྒུལ་ཤུགས་གསར་པ་འཕེལ་བ་དེས། ལྗོངས་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མར་སྤུས་ཚད་སྔར་བས་ལེགས་པ་དང་། ལས་ཞུགས་ལས་གཏོད་གང་ལེགས་ཐུབ་རྒྱུར་སྐུལ་འདེད་ཐུབ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།