ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟག་པར་བོད་ལྗོངས་ཐུགས་ལ་བཅངས་ཡོད།

སྤེལ་དུས 2021-07-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
             ཟླ7པའི་ཚེས21ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ལྗོངས་སུ་རྟོག་ཞིབ་གནང་བར་ཕེབས་ཤིང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས། 
             འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་ལྗོངས་སུ་ཕེབས་ཐེངས་གསུམ་པ་རེད། 1998ལོར་ཁོང་གིས་ཧྥུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཁག་གཉིས་པ་བོད་ལྗོངས་སུ་བསྐྱལ་བ་དང་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས་རྟོག་ཞིབ་གནང་ཞིང་། ཁམས་བདེ་འཚམས་འདྲི་བྱས་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཐུགས་ཁུར་གནང་། 2011ལོར་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ60འཁོར་བར་རྟེན་འབྲེལ་ཞུ་སྐབས་སུ། ཁོང་གིས་ཏང་ཀྲུང་དབྱང་གི་བརྩེ་བ་དང་ཐུགས་ཁུར་ཁྱེར་ནས་སླར་ཡང་བོད་ལྗོངས་སུ་ཕེབས་ཤིང་། མི་རིགས་ཁག་གི་མི་དམངས་དང་ལྷན་དུ་དུས་ཆེན་ལ་རྟེན་འབྲེལ་ཞུས།  
             ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལས་དོན་གྱི་ཁ་ཕྱོགས་གཏན་འཁེལ་དང་འཆར་བཀོད་གནང་ཞིང་། ཐེངས་མང་པོར་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གནང་ལ། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་འཚོགས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཏོན་ལ། ས་གནས་དེ་དང་འཚམས་པའི་བྱ་སྤྱོད་ཀྱི་རྩ་འཛིན་དང་འཐབ་ཇུས་ཀྱི་འཆར་འགོད་བཟོས་ཏེ། དུས་ཡུན་རིང་པོར་ཐག་གཅོད་བྱེད་འདོད་ཀྱང་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་ཤིང་། སྔོན་ཆད་བསྒྲུབ་བསམ་རུང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་ཏེ། བོད་ལྗོངས་ཀྱི་ལས་དོན་ཁག་ལ་ཁྱོན་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད།  
             2020ལོའི་ཟླ11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲོན་བོད་ལྕགས་ལམ་སྐྲུན་འགོ་ཚུགས་པའི་ཐད་དུ་མཛུབ་སྟོན་གལ་ཆེན་གནང་བ་སྟེ། ཁྲོན་བོད་ལྕགས་ལམ་རྒྱུད་ཀྱི་ས་དབྱིབས་དང་ས་གཤིས།  གནམ་གཤིས་བཅས་ཀྱི་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་། སྐྱེ་ཁམས་ཁོར་ཡུག་ཧ་ཅང་ཉམས་ཞན་སྟབས། བཟོ་སྐྲུན་ཐད་ཀྱི་དཀའ་གནད་ནི་འཛམ་གླིང་ཐོག་ཏུ་མཐོང་དཀོན་པ་ཞིག་ཡིན་མོད། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་སྡུད་བྱས་ནས་དོན་ཆེན་སྒྲུབ་ཐུབ་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། གཟི་བརྗིད་ཆེ་ལ་དཀའ་ཚེགས་ཀྱང་ཆེ་བའི་ལོ་རྒྱུས་ཀྱི་ལས་འགན་དེ་ལེགས་པར་འགྲུབ་དགོས་ཞེས་གསུངས། 
             2020ལོའི་ཟླ8པའི་ཚེས28ཉིན་ནས་ཚེས29ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སྔར་ལས་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་སུ་བཏང་ནས“ངེས་པར་དུ་བསྒྲུབ་དགོས་པ་བཅུ”བཏོན་ཞིང་། ཏང་གི་བོད་ལྗོངས་ལས་དོན་གྱི་ལོ་རྒྱུས་སྟེང་དུ་ལམ་ཚད་རྡོ་རིང་གསར་པ་ཞིག་བཞེངས་པ་རེད། 
             2020ལོའི་ཟླ2པའི་ཚེས21ཉིན། བོད་ལུགས་ལོ་གསར་ཐོན་ལ་ཉེ་བའི་སྐབས་སུ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་རྒྱལ་སའི་ངར་ལྕགས་སྨན་ཁང་དུ་དངོས་སྦྱོང་བྱེད་བཞིན་པའི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་ཡིག་ལན་སྤྲིངས་ནས། ཁོ་ཚོས་བོད་ལྗོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་ནུས་ཤུགས་གང་ཡོད་འདོན་རྒྱུའི་ཕུགས་འདུན་ལ་གདེང་འཇོག་གནང་བ་དང་། ཁོ་ཚོར་འཇོན་ཐང་ཆེན་པོ་ལྡན་པ་དང་གཞི་རིམ་མི་དམངས་ལ་ཞབས་འདེགས་ཞུ་དགོས་ཞེས་སྐུལ་ལྕག་གནང་བར་མ་ཟད། ཁོ་ཚོ་དང་དེ་བཞིན་དུ་བོད་རིགས་འདུས་སྡོད་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་གནང་བ་རེད། 
             2017ལོའི་ཟླ10པའི་ཚེས28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་ཡིག་ལན་སྤྲིངས་ནས། ཁོ་མོ་ཚོའི་ཕ་དང་བུ་མོ་བཅས་མི་རབས་གཉིས་ཀྱིས་རྒྱལ་ཁབ་ཀྱི་ཆེད་དུ་མཐའ་མཚམས་སྲུང་བའི་བྱ་སྤྱོད་ལ་གདེང་འཇོག་གནང་ཞིང་། དུས་ཡུན་རིང་པོའི་ནང་དུ་མཐའ་མཚམས་བསྲུངས་ནས་མཐའ་མཚམས་བརྟན་པོ་ཡོང་ཆེད་ལྷག་བསམ་རྣམ་དག་གིས་ལེགས་སྐྱེས་འབུལ་མཁན་བློ་མཐུན་རྣམས་ལ་བཀའ་དྲིན་ཞུས་པ་དང་། རྒྱ་ཆེའི་ཞིང་འབྲོག་པར་མཐའ་མཚམས་སུ་གཞི་ཚུགས་ཏེ་རྒྱལ་ཁབ་ཀྱི་ས་ཆར་སྲུང་སྐྱོང་ཡག་པོ་བྱེད་པ་དང་ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་དགོས་པའི་སྐུལ་ལྕག་གནང་། 
             2015ལོའི་ཟླ8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཏུ་ཏང་གི་བོད་སྐྱོང་མཛད་ཇུས་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་བ་དང་། 2015ལོའི་ཟླ5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་གཞིས་རྩེ་དང་མངའ་རིས་སོགས་ས་ཁུལ་གྱི་ཡོམ་འགོག་གེགས་སེལ་ལས་དོན་ཐད་དུ་མཛུབ་སྟོན་གལ་ཆེན་གནང་། 2014ལོའི་ཟླ8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་སྟེ་ལོ་ངོ60འཁོར་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དང་། 2013ལོའི་ཟླ3པའི་ཚེས9ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་དུ་ཞུགས་པ་རེད། 
             ལོ་འདི་དག་གི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ལྗོངས་ལ་བརྩེ་བ་ཟབ་མོ་བཅངས་ཡོད་ལ། བོད་ལྗོངས་ཀྱི་འཕེལ་རྒྱས་དང་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ལ་སྤྱི་ཁྱབ་ཧྲུའུ་ཅིས་རྟག་པར་ཐུགས་ཁུར་གནང་བཞིན་ཡོད། འབངས་ཀྱི་བདེ་སྡུག་བརྩེ་བའི་སེམས་ཀྱིས་བསྐྱངས། ། གསུང་ཚིག་རེ་རེ་དམངས་འཚོའི་དོན་དུ་སིམས། ། སྤྱི་ཁྱབ་ཧྲུའུ་ཅི་བོད་ལྗོངས་སུ་ཕེབས་དུས། ཡུལ་འདིའི་ག་ས་གང་དུ་སྤྱི་ཁྱབ་ཧྲུའུ་ཅིས་གནས་འདིའི་ཡུལ་མི་ཚོར་བཅངས་པའི་ཐུགས་ཁུར་དང་བརྩེ་བས་ཁེངས་ཡོད།  
             ད་ལོ་ནི་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བའི་ལོ་རེད། ལོ་ངོ70ཡི་རིང་ལ་དཀའ་སྤྱད་འབད་བརྩོན་བྱས་པ་དང་། ལོ་ངོ70ཡི་རིང་ལ་གཡུར་ཟའི་གྲུབ་འབྲས་བླངས། ལོ་ངོ70ཡི་རིང་ལ། བོད་ལྗོངས་འདི་ཉིད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་གཅོད་ནས་དམངས་གཙོ། སྒོ་རྒྱག་ནས་སྒོ་འབྱེད་བཅས་ཀྱི་ཕྱོགས་སུ་བསྐྱོད་པས། བོད་ལྗོངས་སྤྱི་ཚོགས་ཀྱི་རྣམ་པ་ཉིན་རེ་བཞིན་ཇེ་ལེགས་སུ་ཕྱིན་པ་དང་། བོད་ལྗོངས་མི་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་གོང་འཕེལ་དུ་ཕྱིན་ནས། “དུས་ཐུང་ལོ་ངོ་བཅུ་གྲངས་ལ། ལོ་སྟོང་ལས་ལྷག་འཕོ་འགྱུར་བྱུང”ཞེས་པའི་འཕོ་འགྱུར་ཆེན་པོ་བྱུང་ཡོད།  
             བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ཚུན་གྱི་རྒྱལ་ཁའི་ལག་ལེན་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལས་ཀྲུང་གོའི་གུང་ཁྲན་ཏང་གི་དཔའ་མཛངས་ལྡན་ཞིང་རླབས་ཆེ་བའི་རྣམ་པ་གང་ལེགས་སྒོས་མཚོན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ཁྱད་འཕགས་དགེ་མཚན་མངོན་ལ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་གསོན་ཤུགས་ཆེན་པོ་མཚོན་ཞིང་། ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་མངོན་ཐུབ། བོད་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཅེས་སེམས་ཚོར་ཞིང་། མེས་རྒྱལ་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་ཚོར་ལ། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་མཛའ་བརྩེ་ཟབ་མོ་ཚོར་བ་རེད། 
             ད་ལྟ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ཏུ།  བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཇུས་འགོད་གནང་བའི་གཟི་བརྗིད་ལྡན་པའི་འཆར་བཀོད་ལྟར་དུ། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ཀྱི་ལེའུ་ལེགས་པར་རྩོམ་པའིཆེད་དུ་དཀའ་སྤྱད་འབད་བརྩོན་བྱེད་བཞིན་ཡོད་པས། བོད་ལྗོངས་ཀྱི་མ་འོངས་པ་སྔར་ལས་མཚར་སྡུག་འོད་སྟོང་ལྡན་ངེས་ལ། བོད་ལྗོངས་མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་ངེས་སོ། །
རྩོམ་སྒྲིག་པ། རིག་གྲོལ།