ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“དུས་རབས་གསར་པར་བོད་ལྗོངས་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པ”

སྤེལ་དུས 2021-07-27 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
​སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ལྗོངས་ཀྱི་མི་དམངས་ལ་ཐུགས་ཁུར་གཟབ་བཞེས་གནང་བ། (སྟོད་ཆ)
འདི་ནི་ཚོད་ལྟའི་གཉེར་སྐྱོང་བྱེད་བཞིན་པའི་བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ཟངས་རི་རྫོང་ཁོངས་སུ་སྐྱོད་བཞིན་པ།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ལྗོངས་ཀྱི་ལས་དོན་ལེགས་པར་སྒྲུབ་པར་ཁ་སྒྱུར་ཕྱོགས་སྟོན་དང་ཐབས་འདོན་ཇུས་འདོན་གནང་བ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་སྤུན་ཟླ་དང་འཕྲིན་ཡིག་སྤྲིངས་རེས་ཐེངས་མང་གནང་བ་དང་འབྲེལ་ཡོད་ཕྱོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གྱིས་བོད་ཀྱི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
ཏང་གི་འོད་ཟེར་གངས་ལྗོངས་ས་མཐོར་འཕྲོས་པ།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་དང་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་གྱིས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་བ།
          ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གཏམ་སྙན་ཤང་སྲང་པ་གྲོང་ཚོ་ཡར་ཀླུང་གཙང་འགྲམ་དུ་ཆགས་ཤིང་། 2020ལོར་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་16933ཟིན་ཡོད། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ནོར་བུ་རྡོ་རྗེས“ད་ཆ་ཚང་མའི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་འགྲོ་དོན་ནི་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་ཀྱི་དྲིན་ཡིན”ཞེས་བཤད།
          སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་སྔ་རྗེས་སུ་འཚོགས་ནས་བོད་ཀྱི་ལས་དོན་ལ་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གནང་ཡོད། དུས་རབས་གསར་པར་སླེབས་རྗེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལེགས་པར་སྒྲུབ་པར་ཁ་སྒྱུར་ཕྱོགས་སྟོན་དང་ཐབས་འདོན་ཇུས་འདོན་གནང་བ་དང་།“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པ་བཏོན་གནང་བ། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གནང་བ། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་གཙོ་སྐྱོང་གནང་སྟེ། དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་དང་དམིགས་ཚད་ལས་འགན་ཁ་གསལ་བཟོས་གནང་བ་དང་། ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་ཞིག་གཏན་འཁེལ་གནང་བ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པ་འདོགས་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གཏན་འཁེལ་གནང་ཡོད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་འདི་ཉིད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་སླེབས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ། དུས་ཡུན་རིང་པོར་ཐག་གཅོད་བྱེད་དགོས་བསམས་ཀྱང་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་ཐུབ་པ་དང་། འདས་ཟིན་པའི་དུས་ཚོད་ནང་སྒྲུབ་དགོས་བསམས་ཀྱང་སྒྲུབ་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་བསྒྲུབས་ནས། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་དུང་རྣམ་པ་སྣ་ཚོགས་ལ་བརྟེན་ནས་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་མཛུབ་ཁྲིད་གནང་བ།
          —— “2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”འགོ་ཚུགས་པར་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས་ཤིང་། སླད་ཕྱིན་བོད་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་པོར་བཟུང་སྟེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པ་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་རྒྱས་གཏོང་བ། ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། དེ་བས་དགེ་མཚན་ལྡན་པའི་སྒོ་དབྱེའི་སྲིད་ཇུས་ལག་བསྟར་གྱིས་ཕྱི་ཕྱོགས་དང་སྤེལ་རེས་དང་མཉམ་ལས་རྒྱ་ཁྱབ་བཅས་བྱས་ནས། དུས་རབས་གསར་པར་བོད་ལྗོངས་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པའི་ཐུགས་རེ་གནང་ཡོད།
          ——བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་60འཁོར་བར་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས་ཤིང་། སླད་ཕྱིན་མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་རྩ་བའི་གནད་དོན་འདིར་དམ་པོར་དམིགས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་གཏོང་བ་དང་། སློབ་གསོ་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་བསྟར། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོར་ཤུགས་སྣོན། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན། རང་རྟོགས་ངང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། སློབ་གྲྭའི་ལས་དོན་ཁག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀུན་སྤྱོད་དང་། བློ་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས་པའི་ཐུགས་རེ་གནང་ཡོད།
          ——རྒྱལ་སའི་ལྕགས་དང་ངར་ལྕགས་སྨན་ཁང་དུ་དངོས་སྦྱོང་བྱེད་བཞིན་པའི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མར་འཕྲིན་ལན་སྤྲིངས་གནང་སྟེ། ཁོ་ཚོར་སླད་ཕྱིན་སློབ་སྦྱོང་གི་དུས་ཚོད་ལ་གཅེས་སྤྲས་བྱས་ནས། ཉམས་སད་ཐེག་པའི་འཇོན་ཐང་འཕེལ་ཐབས་ཧུར་ཐག་བྱེད་པ་དང་སློབ་གྲྭ་ཐོན་རྗེས་མི་དམངས་ལ་མཁོ་ཆེ་ཤོས་ཀྱི་གནས་སུ་བསྐྱོད་དེ། བྱམས་སྙིང་རྗེ་ཆེ་བ་དང་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་མི་དམངས་དང་ལྷག་པར་དུ་གཞི་རིམ་གྱི་མང་ཚོགས་ལ་བདེ་སྐྱིད་སྐྲུན་པའི་རེ་བ་ཡོད་ཅེས་སྐུལ་ལྕག་བཏང་གནང་ཡོད།……
          བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་དང་རྟེན་འབྲེལ་འཕྲིན་ཡིག་དང་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལས། སྤྱི་ཁྱབ་ཧྲུའུ་ཅིས་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་གྱི་ཡོད་ལ། དེའང་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི“རྒྱ་མིག”དང“ཕྱོགས་སྟོན་འཁོར་ལོ”ལྟ་བུར་གྱུར་ཏེ། ས་མཐོའི་བུ་ཕྲུག་ཚོས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ལམ་དུ། རླུང་གཏོར་རླབས་གཤགས་ཀྱིས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་ལྕག་གཏོང་བཞིན་ཡོད།
སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཆུད་ཟོས་སུ་མ་བཏང་བ།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་དང་འཕྲིན་ལན་གལ་ཆེན་ལས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་པར་སྐུལ་ལྕག་ཆེན་པོ་ཐེབས་པ།
          སྲ་ཞིང་བརྟན་པའི་སྣེ་འཁྲིད་མཁན་བྱུང་ན་གཞི་ནས་བརྟན་པོའི་ངང་རྒྱང་རིང་དུ་སྐྱོད་ཐུབ།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། རྟེན་འབྲེལ་འཕྲིན་ཡིག་དང་འཕྲིན་ལན་གྱི་དགོངས་དོན་གལ་ཆེན། དུས་རབས་གསར་པའི་བོད་སྐྱོང་མཛད་ཇུས་བཅས་ལས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་གདོང་མཆོང་གི་དུང་བརྡ་གྲགས་ཡོད།
          2019ལོ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60ཏག་ཏག་འཁོར་བའི་ལོ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྲིངས་གནང་བའི“2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ཀྱི་རྟེན་འབྲེལ་འཕྲིན་ཡིག་ནང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60སོང་རིང་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཡོད།
          2018ལོའི་ཟླ་10ཚེས་15ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་60འཁོར་བར་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས་ཡོད།
          བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་དངོས་གྲུབ་ཀྱིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་དང་ལྷག་པར་དུ་བོད་ཀྱི་མཐོ་རིམ་སློབ་གསོར་བྱམས་བརྩེའི་ཐུགས་ཁུར་གནང་གི་འདུག ངེད་སློབ་གྲྭར་དམིགས་བསལ་གྱི་ཐུགས་ཁུར་གནང་བ་ལས་སློབ་གྲྭ་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་ཆུ་ཚད་མཐོ་བའི་ཕྱོགས་བསྡུས་རང་བཞིན་གྱི་མི་རིགས་སློབ་ཆེན་ཞིག་ཏུ་འཛུགས་སྐྲུན་བྱེད་པའི་ང་ཚོའི་སེམས་ཤུགས་དང་ཆོད་སེམས་ལ་སྐུལ་མ་ཧ་ཅང་ཆེན་པོ་ཐེབས་བྱུང”ཞེས་བཤད།
          2020ལོའི་ཟླ་2ཚེས་21ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་སྤྲིངས་ནས་རྒྱལ་སའི་ལྕགས་དང་ངར་ལྕགས་སྨན་ཁང་དུ་དངོས་སྦྱོང་བྱེད་བཞིན་པའི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་སློབ་མ་17ལ་སྐུལ་ལྕག་བཏང་གནང་ཡོད།
          སློབ་མ་17དེ་དག་ནི་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་2015ལོའི་ནད་ཐོག་སྨན་བཅོས་གསོ་རིག་ཆེད་ལས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ་ཡིན་ཞིང་། རྟ་མགྲིན་དབང་འདུས་ནི་དེའི་གྲས་ཤིག་རེད། “སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱིས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། སྦྱངས་པ་གོ་ཆོད་བྱུང་རྗེས་ངས་བོད་དུ་ལོག་ནས་བོད་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་གྱི་ཡིན། འདི་ནི་ངའི་བསམ་འདུན་ཞིག་ཡིན”ཞེས་རྟ་མགྲིན་དབང་འདུས་ཀྱིས་བཤད།
          2020ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་གྱི་ལྕག་སྐུལ་འོག རྟ་མགྲིན་དབང་འདུས་ཀྱིས་བོད་ཀྱི་གྲོང་ཁྱེར་དང་རྫོང་སྨན་ཁང་དུ་ལས་ཀ་བྱེད་པའི་གོ་སྐབས་དོར་ཏེ། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྐྱིད་གཤོངས་གྲོང་རྡལ་དུ་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་སྨན་པ་ཞིག་བྱེད་པར་རང་འགུལ་ངང་བསྐྱོད་ནས། གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་འགོ་ཚུགས་ཡོད།
          སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་རྣམ་པ་གསར་པ་བཏོད་པ།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་བྱམས་སྐྱོང་འོག་ས་མཐོའི་བུ་ཕྲུག་ཚོས་བོད་འཕེལ་རྒྱས་ཀྱི་ལེའུ་གསར་འབད་འབུངས་ཆེན་པོས་རྩོམ་པ།
          2020ལོའི་ཟླ་10ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། བོད་ཀྱི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང་དང་ཆུས་74ཚང་མའི་དབུལ་ཞྭ་ཕུད་དེ། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་གཅིག་ཀྱང་མི་ལྷག་པ་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
          ལོ་རྒྱུས་ཀྱི་དེབ་ཐེར་ནང་འཁོད་པའི་གྲུབ་འབྲས་འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་སྐྱོང་གནང་བའི་དྲིན་ལན་ཡག་ཤོས་ཤིག་རེད།
          2020ལོའི་ཟླ་12ཚེས་4ཉིན་མངའ་རིས་དང་བོད་དབུས་ཀྱི་གློག་དྲ་སྦྲེལ་བའི་ལས་གྲྭ་སྤྱོད་འགོ་ཚུགས་ཡོད། དུས་དེ་ནས་བཟུང་བོད་ལྗོངས་གློག་དྲ་གཙོ་བོ་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7དང་རྫོང་དང་ཆུས་74ལ་ཁྱབ་པའི་གཅིག་གྱུར་གྱི་གློག་དྲའི་དུས་རབས་གསར་པར་སླེབས་ཡོད།
          2021ལོའི་ཟླ་6ཚེས་25ཉིན་རང་རྒྱལ་གྱི་ས་མཐོའི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་སྟེ། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་བསྐྲུན་ཟིན་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་། “བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་ཐེངས་དང་པོར་མཚོ་བོད་ས་མཐོར་གཏོང་འགོ་ཚུགས་ཤིང་། ལྷ་ས་ནས་ལྷོ་ཁ་དང་ཉིང་ཁྲིར་སྐྱོད་པར་མགྱོགས་ཤོས་ལ་ཆུ་ཚོད་1དང་སྐར་མ་10དང་ཆུ་ཚོད་3དང་སྐར་མ་29ལ་འབྱོར་གྱི་ཡོད། ལྷ་ཉིང་ལྕགས་ལམ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དེ་ལས་བོད་ཤར་ལྷོའི་ས་ཁུལ་དུ་ལྕགས་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་ཡོད།
          གཞོན་ནུ་དེ་བས་མང་བས་གཞི་རིམ་དུ་བསྐྱོད་ནས་བྱས་རྗེས་བཞག་སྟེ་ལང་ཚོ་ས་མཐོའི་ས་གཞི་ཆེན་པོར་སྐྱེས་སུ་ཕུལ་ཡོད།
          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས་ཤེས་ལྡན་མི་སྣ་སྣ་ཚོགས་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ས་ཁུལ་དང་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་ནས་བློ་གྲོས་སྐྱེས་སུ་འབུལ་བ་དང་བྱས་རྗེས་འཇོག་པའི་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཡོད། ཤེས་ལྡན་པ་ནང་འདྲེན་དང་། ཤེས་ལྡན་པ་གསོ་སྐྱོང་། ཤེས་ལྡན་པ་འཁོར་རྒྱུག ཤེས་ལྡན་པར་གདེང་འཇོག སྐུལ་ལྕག་འགན་ལེན་བཅས་ཕྱོགས་ལྔ་ནས་གཙོ་བོར་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ས་ཁུལ་དང་གཞི་རིམ་གྱི་འཐབ་ས་དང་པོའི་ཤེས་ལྡན་མི་སྣར་ཕྱོགས་པའི་སྲིད་ཇུས་དང་བྱ་ཐབས་བཟོས་ཡོད།
          “རྒྱལ་ཁབ་ཀྱིས་གཞི་རིམ་འཕེལ་རྒྱས་གཏོང་བར་མཐོང་ཆེན་བྱས་པས། དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ས་ཁུལ་དང་གཞི་རིམ་གྱི་འཐབ་ས་དང་པོའི་གར་སྟེགས་དེ་བས་ཆེ་རུ་ཕྱིན་པ་དང་། གོ་སྐབས་དེ་བས་མང་དུ་ཕྱིན་པ། འཚར་ལོངས་དེ་བས་མགྱོགས་སུ་ཕྱིན་ཡོད”ཅེས་གམ་པ་རྫོང་གམ་པ་གྲོང་རྡལ་དགྱེས་རུ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་ཚེ་རིང་དབྱངས་ཅན་གྱིས་བཤད།
          2020ལོར་བོད་ཀྱི་དཔལ་འབྱོར་7.8%འཕར་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1900ལས་བརྒལ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2010ལོ་ལས་ལྡབ་གཅིག་འཕར་བ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14598ཟིན་པ་དེ་ལོ་གོང་མ་དང་བསྡུར་ན་12.7%འཕར་བ་དང་། ལོ་18བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ། ཉེ་བའི་ལོ་5ཡི་རིང་འཕར་ཚད་13%ཡས་མས་རྒྱུན་འཁྱོངས་ཐུབ་པ། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།……
          ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ལངས་ཏེ། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ལ་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཏེ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་ཀྱིས་ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་པ་དང་ལག་གདང་སྦྲེལ་ནས་དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་བྱེད་བཞིན་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།