ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཞབས་ཞུའི་མ་ལག་ལྗོངས་ཡོངས་སུ་ཁྱབ་ནས་བདེ་ཐང་དབུལ་སྐྱོར་ལས་མི་དམངས་ཡོངས་ལ་ཕན་པ་ཐོབ་པ།

སྤེལ་དུས 2021-09-07 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་བོད་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་པ།
          ཉིན་ཤས་གོང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གི་བོད་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། གསར་འགོད་པར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལོ་ངོ་70ཡི་རིང་བོད་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ནས་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་1951ལོའི་ལོ་35.5ནས་ལོ་71.1བར་རིང་དུ་ཕྱིན་ཡོད། “ནད་ཆེན”རིགས་400ལྷག་ཙམ་ལྗོངས་ནང་ཁུལ་དུ་སྨན་བཅོས་ཐུབ་པ་དང་། “ནད་འབྲིང”རིགས་2000ལྷག་ཙམ་ས་གནས(གྲོང་ཁྱེར)སུ་སྨན་བཅོས་ཐུབ་པ། “ནད་ཆུང”མང་ཆེ་བ་རྫོང་ཁོངས་ནས་སྨན་བཅོས་ཐུབ་ཀྱི་ཡོད་པ་རེད།
          ལོ་ངོ་70ཡི་རིང་བོད་ལྗོངས་ཀྱི་འཕྲོད་བསྟེན་བདེ་ཐང་ཞབས་ཞུའི་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཞིང་། ཞིང་བྲན་ལ་ནད་ལྟ་བའི་དབང་ཆ་མེད་པ་ནས“མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་པ”དང“མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི”བར།  ལྗོངས་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཞི་བས་བཅིངས་འགྲོལ་བཏང་མ་ཐག་པའི་སྐབས་ཀྱི་སྒྲིག་གཞི་3ནས་སྒྲིག་གཞི་1661བར་མང་དུ་ཕྱིན་པ་དང་། སྨན་བཅོས་འཕྲོད་བསྟེན་གྱི་ཆེད་ལས་ལག་རྩལ་མི་སྣ་བརྒྱ་ཡང་མ་ཟིན་པ་ནས་ཁྲི་2.2ལྷག་ཙམ་བར་མང་དུ་ཕྱིན་པ། 2020ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་སྨན་ཁང་དུ་ནད་བརྟག་སྨན་བཅོས་བྱེད་མཁན་མི་ཐེངས་ཁྲི་632ལས་བརྒལ་ཡོད།
          ལོ་ངོ་70ཡི་རིང་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་ཡོལ་མགྱོགས་མྱུར་བསྐྲུན་ཞིང་། བོད་ལྗོངས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ཐད་ཐོག་མཐའ་བར་གསུམ་དུ“སྔོན་འགོག་གཙོ་བོར་བྱེད་པ་དང་འགོག་བཅོས་ཟུང་འབྲེལ”མཐའ་འཁྱོངས་བྱས་པས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་གྱི་སྒྲིག་གཞི་མེད་པ་ནས་ད་ཆའི་སྒྲིག་གཞི་82བར་འཕར་ཡོད། ཐུམ་འབུའི་ནད་འགོག་བཅོས་ཐད་མི་ཐེངས་ཁྲི་290ལྷག་ཙམ་ལ་གྲལ་བཤེར་བྱས་པས་སྨན་བཅོས་བྱེད་དགོས་རིགས་ཀྱི་ནད་པ་ཚང་མ་སྨན་བཅོས་ཐུབ་ཡོད། ཏེན་མི་འདང་བའི་ནད་རྩ་བའི་ཆ་ནས་མེད་པར་གྱུར་པ་དང་། 2018ལོའི་རྗེས་སུ་གྲུམ་བུ་ཚིགས་ཆེན་གྱི་ནད་ཐོན་མེད། “རིམས་འགོག་སྨན་ཁབ་9ཡིས་ནད་གཞི་12འགོག་པའི”རིམས་འགོག་ཐབས་ཇུས་གཏན་འཁེལ་བྱས་པ་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་ཁུལ) རྫོང་བཅས་སུ་ཁྱབ་པའི་རིམས་འགོག་འཆར་འགོད་ལྟ་ཞིབ་ཚད་ལེན་དོ་དམ་མ་ལག་དང་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྔོན་འགོག་སྨན་ཁབ་རྒྱག་པའི་ཞབས་ཞུའི་དྲ་རྒྱ་བཙུགས་ནས་རིམས་འགོག་སྨན་ཁབ་རྒྱག་ཚད་90%ཡན་ཟིན་རྒྱུ་རྒྱུན་འཁྱོངས་བྱུང་ཡོད། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། བོད་ལྗོངས་ཀྱིས་བྱེད་ཐབས་ཞིབ་ཚགས་སྤྱད་དེ་རིམས་ནད་ཕྱི་ནས་མ་འགོས་པ་བྱས་པ་དང་། མཇུག་བསྡུ་སྐབས་འགོ་འཛུགས་སྐབས་བཞིན་གཟབ་ནན་བྱས་ཏེ་རྒྱུན་རྣམ་ཅན་གྱི་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབས་པས་ཟླ་18བསྟུད་མར་ནད་དཔེ་གསར་པ་ཐོན་མེད་པ་དང་རིམས་འགོག་སྨན་ཁབ་རྒྱག་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
          ལོ་ངོ་70ཡི་རིང་བོད་ལྗོངས་ཀྱི་བུད་མེད་དང་བྱིས་པའི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཞིང་། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ཚུན་བུད་མེད་དང་བྱིས་པའི་འཕྲོད་བསྟེན་སྒྲིག་གཞི་རིམ་བཞིན་བཙུགས་པ་དང་བུད་མེད་ཀྱི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་ནད་གཞི་ཁག་གཅིག་དུས་ཐོག་ཏུ་ཤེས་རྟོགས་དང་སྨན་བཅོས་བྱས་ཡོད། བུད་མེད་དང་བྱིས་པའི་བདེ་ཐང་ལས་དོན་དེ་ཞབས་ཞུ་རྐྱང་པ་ནས་བུད་མེད་དང་བྱིས་པའི་ཚེ་སྲོག་ཧྲིལ་པོར་ཁྱབ་པའི་དུས་འཁོར་བར་རིམ་བཞིན་རྒྱ་ཆེར་ཕྱིན་ནས་གཉེན་སྒྲིག་མ་བྱས་གོང་དང་། ཕྲུ་གུ་མ་འཁོར་གོང་། ཕྲུ་གུ་འཁོར་རིང་། ཕྲུ་གུ་སྐྱེས་རྗེས། བྱིས་པའི་དུས་བཅས་ཀྱི་མགོ་མཇུག་གཙང་སྒྲིལ་གྱི་ཞབས་ཞུའི་སྦྲེལ་ཐག་ཅིག་རགས་ཙམ་ཆགས་པ་དང་། རྒྱུན་ཐོན་ནད་གཞི་དང་ཐོན་མང་བའི་ནད་གཞི་འགོག་བཅོས་ནུས་ལྡན་ཐུབ་པ། བུད་མེད་དང་བྱིས་པ་དེ་བས་མང་བས་བུད་མེད་དང་བྱིས་པའི་འཕྲོད་སྦྱོར་གྱི་སྤུས་ལེགས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ཡོད།
          ལོ་ངོ་70ཡི་རིང་བདེ་ཐང་དབུལ་སྐྱོར་གྲུབ་འབྲས་ཀྱིས་མི་དམངས་ལ་ཕན་པ་བསྐྲུན་ཞིང་། བོད་ལྗོངས་ཀྱིས“ཁག་གཅིག་རེ་གསུམ”དང་ལོ་གསུམ་གྱི་འགག་སྒྲོལ་བྱ་སྤྱོད་གཏིང་ཟབ་སྤེལ་ནས་ནད་ཆེན་རིགས་38ཕོག་པའི་ནད་པ་དབུལ་པོར་ཚད་ལྡན་ཅན་གྱི་གཅིག་སྡུད་སྨན་བཅོས་བྱས་པ་དང་། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟགས་ཁུའི་ནད་སོགས་གཅོང་ནད་ཕོག་པའི་ནད་པ་དབུལ་པོར་གཞི་རྩའི་སྐྱོབ་བཅོས་དང་ཁྱིམ་ཚང་སྨན་པའི་གན་འཇོག་དོ་དམ་ཞབས་ཞུ་མཁོ་འདོན་བྱས་པ། ནད་གཞི་ཚབས་ཆེན་ཕོག་པའི་ནད་པ་དབུལ་པོར་ཐ་སྐྱོང་འགན་ལེན་བྱས་པ། སྨན་བཅོས་བྱེད་ཐེངས་གཅིག་ལ་དྲག་སྐྱེད་མི་ཐུབ་པ་དང་སྨན་བཅོས་འགྲོ་གྲོན་རྒྱུན་མཐུད་ངང་མང་པོ་སྤྲོད་དགོས་པའི་ནད་གཞི་ཚབས་ཆེན་ཕོག་པའི་ནད་པར་གཞི་རྩའི་སྨན་བཅོས་འགན་ལེན་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་སོགས་འགན་ལེན་བྱ་ཐབས་མཁོ་འདོན་བྱས་ཡོད། ནད་གཞིས་རྐྱེན་པས་དབུལ་པོ་ཆགས་པ་དང་དབུལ་པོ་བསྐྱར་ལོག་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་ཡོད་པ་རེད།
          ལོ་ངོ་70ཡི་རིང་འཕྲོད་བསྟེན་བོད་སྐྱོར་ལས་དོན་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཞིང་། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་7གྱི་སྨན་ཁང་65དང་དེ་བཞིན་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཐད་གཏོགས་སྨན་ཁང་གིས་རྐང་འཛིན་སྨན་པ་ཆིག་སྟོང་ལྷག་ཙམ་འདེམས་གཏོང་བྱས་ནས་བོད་ལྗོངས་ཀྱི“1+7”སྨན་ཁང་ཚང་མར“རིམ་གསུམ་སྨན་ཁང”བསྐྲུན་རོགས་བྱས་པས་གྲངས་འབོར་གྱི་འགྱུར་ལྡོག་ནས་སྤུས་ཚད་ཀྱི་འགྱུར་ལྡོག་བར་མཆོང་སྐྱོད་བྱུང་ཡོད།
          མིག་སྔར། ལྗོངས་ཡོངས་སུ་གྲོང་ཁྱེར(ས་ཁུལ)རིམ་པའི་བོད་ལུགས་གསོ་རིག་གི་སྨན་བཅོས་སྒྲིག་གཞི་6དང་རང་ཚུགས་ཀྱི་རྫོང་རིམ་པའི་བོད་ལུགས་གསོ་རིག་སྒྲིག་གཞི་36བཙུགས་པ་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་བོད་ལུགས་གསོ་རིག་སྨན་བཅོས་ཁྱབ་ཚད་94.4%དང་42.4%སོ་སོར་ཟིན་ནས་ལོར་མི་ཐེངས་ཁྲི་329ལ་ནད་བརྟག་སྨན་བཅོས་བྱེད་ཀྱི་ཡོད། བོད་ལྗོངས་ཀྱི་གསོ་བ་རིག་པའི་ཆེད་ལས་ལག་རྩལ་མི་སྣ་3700ལྷག་ཙམ་ཟིན་པ་དང་། “བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས”འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང《རྒྱུད་བཞི》“འཛམ་གླིང་དྲན་ཤེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་མིང་གཞུང”ནང་བཅུག་ཡོད་པ་རེད།