ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝུའུ་དབྱིང་ཅེས་ནེ་པ་ལའི་གཞུང་ཚབ་ཆེ་མོ་བ་དང་མཇལ་འཛོམས་གནང་འདུག

སྤེལ་དུས 2021-09-13 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཚེས་9ཉིན་གྱི་ཕྱི་དྲོ། ལྷ་སར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཀྲུང་གོར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཆེ་མོ་བ་ཕན་ཏི་དང་དེ་བཞིན་ཁོང་གི་སྐུ་ཟླ་དང་བཅས་པར་མཇལ་འཛོམས་གནང་ནས། ཕྱོགས་གཉིས་པོས་དངོས་སྒྲུབ་མཉམ་ལས་སོགས་སྐོར་ལ་བྱམས་བརྩེ་དང་མཛའ་མཐུན་ངང་དགོངས་འཆར་བརྗེ་རེས་གནང་བ་རེད།

བཞུགས་མོལ་གནང་ཡུལ།
          ཝུའུ་དབྱིང་ཅེས་དུས་ཡུན་རིང་པོའི་ནང་ནེ་པ་ལས་ཀྲུང་གོ་གཅིག་གི་ལངས་ཕྱོགས་མཐའ་འཁྱོངས་བྱས་ནས། བོད་ལྗོངས་དང་ཐའེ་དབན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཀྲུང་གོར་རྒྱབ་སྐྱོར་བྱས་ཏེ། ཕྱི་རོལ་ཕྱོགས་གཏོགས་ཀྱིས་ནེ་པ་ལའི་མངའ་ཁོངས་བརྒྱུད་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྤྱོད་སྤེལ་དུ་མི་བཅུག་པར་བསྔགས་བརྗོད་གནང་བ་རེད། ཁོང་གིས། ཀྲུང་གོ་དང་ནེ་པ་ལ་ནི་རི་ཆུ་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་འཆམ་པོ་ཞིག་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་གྱི་འགྲོ་འོང་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། 2019ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པ་ལར་རྒྱལ་དོན་འཚམས་འདྲི་གནང་ནས་ཀྲུང་ནེའི་འབྲེལ་བའི་ལེའུ་གསར་པ་བརྩམས་ཡོད། བོད་ལྗོངས་འདི་ཉིད་ཀྲུང་གོས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་བགྲོད་ལམ་ཆེ་མོ་ཞིག་ཡིན་པའི་ངོས་ནས་མཐའ་འཁོར་ཕྱི་འབྲེལ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་དང་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། རིག་གནས། ཡུལ་སྐོར། འགག་སྒོ་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ཀྲུང་ནེའི་དབར་གྱི་མཛའ་གཅུགས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད། ཀྲུང་གོ་དང་ནེ་པ་ལ་སྔ་ཕྱི་བར་གསུམ་དུ་ཁྱིམ་མཚེས་ཡག་པོ་དང་། སྤུན་ཟླ་ཡག་པོ། རོགས་ཟླ་ཡག་པོ་བཅས་ཡིན་པ་ལོ་རྒྱུས་ཐོག་ནས་ར་སྤྲོད་བྱས་ཡོད་ལ། རྒྱལ་ཁབ་དབར་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། མཛའ་མཐུན་མཉམ་གནས། གཉིས་ཕན་མཉམ་ལས་བཅས་ཀྱི་དཔེ་མཚོན་ཞིག་རེད་ཅེས་བརྗོད་ཆོག ནེ་པ་ལའི་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་དར་རྒྱས། མི་དམངས་བདེ་སྐྱིད་བཅས་ཡོང་བའི་རེ་སྨོན་སྙིང་དབུས་ནས་ཞུ་རྒྱུ་ཡིན། བོད་ལྗོངས་ཀྱིས་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཁྱིམ་མཚེས་དང་འཆམ་པོ་དང་། ཁྱིམ་མཚེས་དང་ཞི་བདེ་མཉམ་གནས། ཁྱིམ་མཚེས་དང་འབྱོར་ཕྱུག་འཕེལ་རྒྱས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ནེ་པ་ལ་དང་སྤེལ་རེས་མཉམ་ལས་བྱེད་པར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་གྲུབ་འབྲས་མཉམ་སྤྱོད་དང་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

བཞུགས་མོལ་གནང་བཞིན་པ།
          ཕན་ཏིས་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོར་ཚད་མཐོའི་གདེང་འཇོག་གནང་བ་དང་། ཀྲུང་གོ་དང་བོད་རང་སྐྱོང་ལྗོངས་ཀྱིས་ནེ་པ་ལར་རོགས་སྐྱོར་གནང་བ་དང་། ལྷག་པར་དུ་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་རིང་ནེ་པ་ལར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།  ཕན་ཏིས། ནེ་པ་ལས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ཕྱོགས་གཏོགས་གང་རུང་ཞིག་གིས་ནེ་པ་ལའི་མངའ་ཁོངས་བརྒྱུད་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྤྱོད་གང་རུང་གཏན་ནས་སྤེལ་དུ་འཇུག་གི་མིན། ཉེ་བའི་ལོ་ཤས་རིང་ནེ་པ་ལ་དང་བོད་ལྗོངས་དབར་གྱི་མཛའ་མཐུན་སྤེལ་རེས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཚོང་དོན་དང་། མ་འཇོག ཡུལ་སྐོར་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་བྱེད་ཁོངས་སྔར་བས་ཆེ་རུ་གཏོང་བར་རྨང་གཞི་བཟང་པོ་བཏིང་ཡོད། བོད་ལྗོངས་ནི་ནེ་ཀྲུང་འགྲོ་འོང་གི་བགྲོད་ལམ་གལ་ཆེན་ཞིག་ཡིན་པས་རྒྱལ་ཁབ་གཉིས་པོས་གོ་སྐབས་མཉམ་སྤྱོད་དང་དར་རྒྱས་མཉམ་གཏོད་བྱེད་པར་ནུས་པ་ཧ་ཅང་ཆེན་པོ་ལྡན་ཡོད། ནེ་པ་ལ་ཕྱོགས་ཀྱིས་བོད་རང་སྐྱོང་ལྗོངས་དང་ཚོང་དོན་མཉམ་ལས་བྱེད་པའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་དང་མཛེས་སྡུག་ལྡན་པའི་མདུན་ལམ་ལ་ཡིད་ཆེས་ཆེན་པོ་ཡོད་ཅེས་གསུངས་པ་རེད།
རྩོམ་སྒྲིག་པ། བསྟན་ཆོས།