ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཀྲུང་དབྱང་ཁེ་ལས་ཀྱིས་བོད་ལྗོངས་ལ་རོགས་སྐྱོར་འདི་འདྲ་བྱེད་རྩིས་འདུག

སྤེལ་དུས 2021-09-23 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
       ཟླ་9ཚེས་17ཉིན་གྱི་སྔ་དྲོ། ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་ལས་དོན་ཚོགས་འདུ་དང་གཞུང་རྒྱུ་དང་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཚོགས་འདུ་ལྷ་སར་འཚོགས་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་གཞུང་རྒྱུ་དང་ཀྲུང་དབྱང་ཁེ་ལས་ཀྱི་བོད་སྐྱོར་གྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཀྲུའུ་རེན་ཧའོ་ཕུང་གིས་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཤིས་ཚིག་བསྒྲོན་གནང་བ་རེད།

       ཚོགས་ར།
       ཝུའུ་དབྱིང་ཅེས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་དང་། རྒྱལ་ཡོངས་ཀྱི་གཞུང་རྒྱུ་ཁོངས་གཏོགས། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་དུས་ཡུན་རིང་པོའི་ནང་བོད་ལྗོངས་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

       ཚོགས་ར།

       ཝུའུ་དབྱིང་ཅེས་གསུང་བཤད་གནང་བཞིན་པ།
       ཝུའུ་དབྱིང་ཅེས“ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་ལྗོངས་འདི་ཉིད་འཕེལ་རྒྱས་ཀྱི་གོ་སྐབས་ཡག་ཤོས་ཀྱི་དུས་སྐབས་གསར་པར་སླེབས་ཡོད་པས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་དང་། རྒྱལ་ཡོངས་ཀྱི་གཞུང་རྒྱུ་ཁོངས་གཏོགས། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་སྔར་རྒྱུན་བཞིན་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་རྒྱབ་སྐྱོར་དང་། ཤེས་ལྡན་མི་སྣ་དང་ལག་རྩལ་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། བོད་ལྗོངས་ཀྱིས་ཆ་ཚང་ལ་འཕྱུགས་པ་མེད་པའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་ཞབས་ཞུ་དང་མཉམ་འདྲེས་ཐུབ་པར་བརྟག་ཞིབ་དང་ཐབས་འདོན་ཇུས་འགོད་བྱེད་རོགས་བྱེད་པ། རྨང་གཞིའི་སྒྲིག་བཀོད་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས། ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྒྱུར་འཕེལ་རྒྱས། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་སོགས་ཐད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་པ་དང་། ཀྲུང་དབྱང་ཁེ་ལས་ཀྱི་མཐོ་རིམ་དོ་དམ་པ་དང་ཤེས་ལྡན་མི་སྣ་དེ་བས་མང་བ་བོད་ལྗོངས་སུ་ལས་གནས་འཁུར་བར་མངག་རྒྱུའི་རེ་བ་ཡོད། དེ་བཞིན་ཀྲུང་དབྱང་ཁེ་ལས་ཁག་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁེ་ལས་བོད་ལྗོངས་སུ་མ་འཇོག་ལས་དར་བྱེད་པར་ཡོང་བར་དགའ་བསུ་ཞུ་རྒྱུ་མ་ཟད། བྱ་གཞག་བཏོད་དེ་གཉིས་ཁེ་གཉིས་ཕན་ཡོང་བ་བྱས་ནས་དཔལ་འབྱོར་གཅིག་མཐུན་འདུས་གྲུབ་འདི་ཉིད་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་སྟེགས་བུ་གལ་ཆེན་དང་འདེགས་སྐྱོར་ནུས་ལྡན་ཞིག་ཏུ་འགྱུར་བར་བྱེད་ཀྱི་ཡིན་ཞེས་གསུངས།

       ཚོགས་ར།

       ཧའོ་ཕུང་གིས་གསུང་བཤད་གནང་བཞིན་པ།
       ཧའོ་ཕུང་གིས་གཞུང་རྒྱུ་དང་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ལྗོངས་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། “སྤྱི་ཡོངས་གཉིས”དང“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་འཆང་བ། མིག་སྔའི་བོད་ལྠོངས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཧ་ཅང་གལ་ཆེའི་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་དམིགས་ས་དང་ཤུགས་རྒྱག་སར་གཞི་ཚུགས་པ། འགན་འཁྲི་འཁུར་ཤུགས་སྔར་བས་ཆེ་རུ་གཏོང་བ། རྩ་འཛུགས་ཀྱི་འགོ་ཁྲིད་དང་སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ། བོད་སྐྱོར་ལས་དོན་དེ་ཁེ་ལས་ཀྱི“ལོ་ལྔ་ཚན་བཅུ་བཞི་པ”དང་། དེ་བཞིན་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་ཀྱི་འཐབ་ཇུས་ནང་འཇུག་པ་བཅས་བྱས་ནས། སྔར་བས་ཏན་ཏིག་དང་ནུས་ལྡན་གྱི་སྒོ་ནས་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པ་དང་། ཀྲུང་དབྱང་ཁེ་ལས་ཀྱི་ཁྱད་ཆོས་གང་ལེགས་སྤྱད་དེ་གློག་ཤུགས་དང་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་གཏོད་པ། ཀྲུང་དབྱང་ཁེ་ལས་ཀྱི་དེང་རབས་ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ནས་སྒྱུར་བཅོས་ཁྲོད་བོད་ལྗོངས་ཀྱི་ཁེ་ལས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་བོད་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱས་ནས། བོད་ལྠོངས་འདི་ཉིད་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་ཐུབ་པར་སྐུལ་འདེད་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཟམ་མི་ཆད་པར་སྲ་བརྟན་དུ་གཏོང་བ་དང་ལས་ཞུགས་ཀྱི་གཞི་ཁྱོན་ཆེ་རུ་བཏང་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་མུ་མཐུད་སྐུལ་འདེད་གཏོང་བ། ལྗང་མདོག་ཐཱན་ཉུང་གི་ཕྱོགས་སྒྱུར་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་པོ་སྲུང་བ། ལྗང་མདོག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་བོད་ལྗོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་བཅས་བྱས་ཏེ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་ཤུགས་སྣོན་རྒྱག་པ་དང་ཕུལ་བྱུང་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཕན་ཚུན་གཏོང་རེས་བྱེད་ཤུགས་ཆེ་རུ་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ལ་བཅངས་པའི་མོས་སེམས་དང་སྤོབས་སེམས་སྔར་བས་ཆེ་རུ་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
རྩོམ་སྒྲིག་པ། སྣང་རྡོར།