ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཉིང་ཁྲིར་བརྟག་ཞིབ་གནང་རིང་མཛུབ་སྟོན་འདི་དག་གནང་བ།

སྤེལ་དུས 2021-10-08 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
           ཟླ་10ཚེས་5ཉིན་དང་ཚེས་6ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་སོགས་སུ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་སྦྲགས། ལས་གནས་བརྟན་སྲུང་བྱེད་མཁན་གཞི་རིམ་གྱི་ལས་བྱེད་པ་དང་འཐབ་ས་དང་པོའི་ངལ་རྩོལ་པར་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད།

ཝུའུ་དབྱིང་ཅེས་ཡིད་འོང་ཇ་རའི་ཇའི་ཐོན་ལས་འཕེལ་རྒྱས་དང་ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ཚུལ་སྐོར་མཁྱེན་རྟོགས་གནང་བཞིན་པ།
           ཝུའུ་དབྱིང་ཅེ་ཡིད་འོང་ཇ་རར་ཕེབས་རྗེས། ཇ་ཤིང་སྣ་ཁ་ག་ཚོད་ཡོད་མེད་བཀའ་འདྲི་གནང་བ་དང་ཇ་ལོ་སྐྱེ་འཚར་ཡག་པོ་བྱུང་མིན་ལ་གཟིགས་པ་མ་ཟད། ས་གནས་དེ་གའི་ཇའི་ཐོན་ལས་འཕེལ་རྒྱས་དང་ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ཚུལ་ཡང་མཁྱེན་རྟོགས་གནང་བ་རེད། ཉེ་བའི་ལོ་ཤས་རིང་ཀོང་ཏུང་བོད་སྐྱོར་ལས་དོན་རུ་ཁག་གི་སྐུལ་འདེད་འོག་ཇ་རའི་ཇ་ལོའི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ་དང་། ཐོན་རྫས་ཚོང་གཉེར་བྱེད་ཤུགས་ཆེ་རུ་སོང་བ། ཐོན་རྫས་ཀྱི་སྙན་གྲགས་སྔར་བས་ཆེ་རུ་ཕྱིན་ནས་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་ནུས་ལྡན་ཐུབ་པ་མཁྱེན་རྗེས། ཝུའུ་དབྱིང་ཅེས་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་ཇ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྒྱུན་གཏན་འཚོ་བའི་ནང་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པས། ཁྲོམ་རའི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད། ཡིད་འོང་ཇ་རས་རང་ངོས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ་ཐོན་རྫས་ཀྱི་སྣ་ཁ་ཕུན་སུམ་ཚོགས་སུ་དང་ཁྲོམ་རར་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་སྔར་ལས་མང་བར་སྤུས་ལེགས་གོང་ཁེའི་བོད་ཀྱི་ཇ་འཐུང་རྒྱུ་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ཇ་འཐུ་བཞིན་པ།
           དེ་རྗེས་ཝུའུ་དབྱིང་ཅེ་ལ་ཡོད་ཕུག་ལམ་གྱི་འཛུགས་སྐྲུན་བྱ་ཡུལ་དུ་ཕེབས་ནས་ལས་གྲྭ་འཛུགས་སྐྲུན་དང་ལས་ཡུལ་དངོས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས། དུས་ཆེན་རིང་འཐབ་ས་དང་པོ་བརྟན་སྲུང་བྱེད་མཁན་གྱི་འཛུགས་སྐྲུན་པར་གཟིགས་པ་དང་འཚམས་འདྲི་ཡང་གནང་བ་རེད། རྣམ་གྲངས་ཨར་སྐྲུན་ཁེ་ལས་ཀྱིས་ད་ལོ་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་6ལས་ཀར་བསྡུས་པ་མཁྱེན་རྗེས་ཐུགས་ཧ་ཅང་མཉེས་པོ་བྱུང་སྟེ། ཁོང་ཚོ་ཚང་མ་བསྐོངས་ནས་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་ཆབས་ཅིག ལས་ཀ་དང་འཚོ་བའི་གནས་ཚུལ་ཡང་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།
           ལ་ཡོད་ཕུག་ལམ་གྱི་ལས་ཡུལ་དུ་ཝུའུ་དབྱིང་ཅེས་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།

ལ་ཡོད་ཕུག་ལམ་གྱི་ལས་ཡུལ།
           ཝུའུ་དབྱིང་ཅེས་ཁྲོན་བོད་ལྕགས་ལམ་གྱི་རྣམ་གྲངས་འཛུགས་སྐྲུན་ལམ་རྒྱུད་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བོད་སྐྱོར་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ། འབྲེལ་ཡོད་ལག་རྩལ་མི་སྣ་གསོ་སྦྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ས་གནས་འདི་གའི་ཆེད་ལས་ཤེས་ལྡན་མི་སྣ་སྔར་ལས་མང་བ་གསོ་སྐྱོང་བྱས་ཏེ་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ནང་ཞུགས་སུ་འཇུག་དགོས། བསམ་བློའི་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་སྔར་ལས་མང་བ་རྣམ་གྲངས་གལ་ཆེན་གྱི་འཛུགས་སྐྲུན་ནང་ཞུགས་པར་ཁྲིད་སྟོན་བྱས་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་དགོས་པའི་ནན་བཤད་གནང་བ་དང་། ཁོང་གིས་གཞུང་ཁོངས་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་དེ་བས་ལེགས་པ་བསྒྲུབས་ཏེ་རྣམ་གྲངས་ཀྱི་ཁྱབ་འགྱེད་དང་སྐུལ་ཁྲིད་ནུས་པ་ཡག་པོ་བཏོན་ནས། ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ལས་གནས་སྔར་ལས་མང་བ་མཁོ་འདོན་བྱེད་པ་དང་ཁུལ་འདིའི་མང་ཚོགས་དང་ཨར་སྐྲུན་སྒྲིག་ཆས་སྔར་ལས་མང་བ་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་སུ་བཅུག་སྟེ་ཁུལ་འདིའི་མང་ཚོགས་ལས་ཞུགས་དང་འབབ་འཕར་ཡོང་བར་སྐུལ་འདེད་ནུས་ལྡན་གཏོང་དགོས་པའི་ཐུགས་རེ་གནང་བ་རེད།

གསེར་སྐྱེམས་ལའི་ཕུག་ལམ་གྱི་འཛུལ་སྒོ
           ཝུའུ་དབྱིང་ཅེ་ལ་ཡོད་ཕུག་ལམ་དང་གསེར་སྐྱེམས་ལའི་ཕུག་ལམ་ནང་དུ་ཕེབས་ནས་ཕུག་ལམ་བརྐོ་འདྲུ་དང་ལག་རྩལ་གསར་པ་བཀོལ་སྤྱོད་བྱེད་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན་བཏང་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས་ཨར་སྐྲུན་སྒྲིག་འཛུགས་དང་། བདེ་འཇགས་ཐོན་སྐྱེད་ལ་ཤུགས་སྣོན། ལས་གྲྭར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་ཐུབ་པའི་འགན་ལེན་བྱེད་པ། ལ་ཡོད་ཕུག་ལམ་དང་གསེར་སྐྱེམས་ལའི་ཕུག་ལམ་འདི་ཉིད་ལོ་རྒྱུས་ཀྱི་ཚོད་བགམ་ཐེག་ཐུབ་པའི་དམངས་འཚོའི་འདུ་འགོད་དང་སྤུས་ལེགས་ཀྱི་འདུ་འགོད་ཅིག་ཏུ་ཧུར་ཐག་སྐྲུན་ཐུབ་པ། ཁྲོན་བོད་ལྕགས་ལམ་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་མཐུན་སྒྲིལ་གྱི་ལམ་བུ་དང་བདེ་སྐྱིད་ཀྱི་ལམ་བུར་ཧུར་ཐག་སྐྲུན་ཐུབ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

གསེར་སྐྱེམས་ལའི་ཕུག་ལམ་གྱི་ལས་ཡུལ།
རྩོམ་སྒྲིག་པ། བདེ་སྒྲོལ།