ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལོ་ངོ་སྟོང་གི་རིག་གནས་སྒྱུ་རྩལ་ལས་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་པ།

སྤེལ་དུས 2021-10-19 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
—— “བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ། འཕེལ་རྒྱས་འགྲོ་བའི་དཔེ་རིས་གསར་པ”ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གྱི་ལེའུ།
       འདི་ལོའི་ཟླ་10ཚེས་10ཉིན། བོད་ལྗོངས་ཐང་གའི་མཐུན་ཚོགས་དངོས་སུ་བཙུགས་ཤིང་། ཐང་གའི་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་བང་མཛོད་ནང་གི་མཚར་སྡུག་བཀྲ་བའི་མུ་ཏིག་ཅིག་ཡིན་པ་དང་། ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། 2006ལོར། ཐང་ག་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་ཅིང་། བོད་ལྗོངས་ཐང་གའི་མཐུན་ཚོགས་ཀྱི་ཚོགས་གཙོར་བཀོད་རྩིས་ཡོད་པའི་ངག་དབང་འཇིགས་མེད་ཀྱིས“མཐུན་ཚོགས་ཀྱི་དམིགས་ཡུལ་ནི་ཐང་གའི་རིག་གནས་དང་ཐང་གའི་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། ཡུལ་དེ་གའི་ཐང་གའི་ལས་ཞུགས་པ་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ་དེ་བས་མང་བ་གསོ་སྐྱོང་བྱས་ནས་ཐང་གའི་བྱ་གཞག་དང་ཐོན་ལས་འཕེལ་རྒྱས་ལ་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་པ་དང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཕྱོགས་ཡོངས་དང་ཟུར་ཚད་མང་པོ་ནས་ཤུགས་རྒྱག་པ། རང་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྲོལ་རྒྱུན་རིག་གནས་ལ་སྐྱེ་སྟོབས་གསར་པ་འཕེལ་བ་བྱེད་རྒྱུ་དེ་ཡིན”ཞེས་བརྗོད།
       བོད་ལྗོངས་ཐང་གའི་མཐུན་ཚོགས་བཙུགས་པ་ནི་རང་ལྗོངས་ཀྱི་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཀྱི་མཚོན་ཚུལ་ཞིག་ཡིན་ཞིང་། ཞི་བས་བཅིངས་འགྲོལ་བཏང་ཚུན། རྒྱལ་ཁབ་ཀྱིས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། དར་སྤེལ། གོང་འཕེལ་བཅས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་མི་རྒྱུ་དངོས་གསུམ་འབོར་ཆེན་བཏང་བས། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ནུས་ལྡན་ཐུབ་པའི་རྨང་གཞིའི་ཐོག་དར་སྤེལ་དང་གོང་འཕེལ་ཕྱིན་ཡོད།
       བོད་སྐད་ཡིག་བེད་སྤྱོད་རྒྱ་ཁྱབ་ཏུ་ཐུབ་ཅིང་། རང་སྐྱོང་ལྗོངས་དབུ་བརྙེས་ཚུན། ཚོགས་འདུ་ཆེ་གྲས་དང་བྱེད་སྒོ་གལ་ཆེན་ཚང་མར་བོད་རྒྱ་ཡིག་རིགས་གཉིས་སྤྱད་པ་དང་། ཁྲིམས་འཛིན་གཏུག་བཤེར་བྱེད་སྒོའི་ནང་དུའང་བོད་རིགས་སྤྱི་དམངས་ལ་བོད་སྐད་ཡིག་ཐོག་ནས་གཏུག་བཤེར་བྱེད་པའི་དབང་ཆ་འགན་ལེན་བྱས་ཡོད། གཞན་ཡང་། འཕྲོད་བསྟེན་དང་། སྦྲག་སྲིད། འཕྲིན་གཏོང་། འགྲིམ་འགྲུལ། དངུལ་རྩ། ཚན་རྩལ་སོགས་ཁྱབ་ཁོངས་ཚང་མར་བོད་སྐད་ཡིག་རྒྱ་ཁྱབ་ཏུ་སྤྱད་ཡོད། རྒྱལ་ཡོངས་ཀྱི་བོད་སྐད་ཐ་སྙད་ཚད་ལྡན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་བཙུགས་པས། བོད་སྐད་ཡིག་ཆ་འཕྲིན་ཅན་དུ་གྱུར་ནས་འཇུག་ཐབས་དང་། བཀོལ་སྤྱོད་མ་ལག གཞུང་དོན་མཉེན་ཆས། དྲ་ངོས་ལྟ་ཆས་སོགས་རྨང་གཞིའི་རང་བཞིན་གྱི་བོད་ཡིག་མཉེན་ཆས་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་ཐུབ་ཡོད།
       རྒྱལ་ཁབ་ཀྱིས་བོད་ཀྱི་གསོ་བ་རིག་པ་རྒྱུན་འཛིན་དང་གོང་འཕེལ་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ཤིང་། བོད་ལྗོངས་གསོ་རིག་སློབ་ཆེན་བཙུགས་ནས་བོད་ཀྱི་གསོ་བ་རིག་པའི་ཆེད་ལས་ཤེས་ལྡན་མི་སྣ་7000ལྷག་ཙམ་གསོ་སྐྱོང་དང་། བོད་ཀྱི་གསོ་རིག་ཀྱི་ནད་བརྟག་དང་སྨན་བཅོས་ཀྱི་ཚད་གཞི་ཚད་ལྡན། བོད་སྨན་ཚད་གཞི་ཅན་དང་། ཚད་ལྡན་ཅན། གཞི་ཁྱོན་ཅན་བཅས་ཀྱི་སྒོ་ནས་ཐོན་སྐྱེད་བཅས་བྱས་པས་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་མ་ལག་སྤྱིར་ན་གྲུབ་ཡོད། བོད་ལ་རྒྱལ་ཁབ་ཀྱི་GMPཡི་ཁས་ལེན་ཐོབ་པའི་བོད་སྨན་ཐོན་སྐྱེད་ཁེ་ལས་17ཡོད་པ་དང་། རྒྱལ་སྨན་ཚད་གཞིའི་ཨང་རྟགས་ཐོབ་པའི་བོད་སྨན་311ཡོད། 2020ལོ་བར། བོད་ཀྱི་གསོ་བ་རིག་པ་དང་གནམ་རིག་སྐར་རྩིས་ཀྱི་དཔེ་རྙིང་ཁག་145ལེགས་སྒྲིག་དང་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད། རྒྱལ་ཁབ་ཀྱིས་བོད་ཀྱི་གསོ་བ་རིག་པའི་གནའ་དཔེའི་ཚད་ལྡན་ཡིག་རིགས་ཁག་300ལྷག་ཙམ་སྔ་རྗེས་སུ་ལེགས་སྒྲིག་དཔེ་སྐྲུན་བྱས་པ་དང་སྦྲགས། གནའ་དཔེའི་ཡིག་རིགས་ཁག་600ལྷག་ཙམ་འཚོལ་བསྡུ་བྱས་ཡོད།
       ལྷ་མོའི་འཁྲབ་གཞུང་རྒྱུན་འཛིན་དང་གོང་འཕེལ་ནུས་ལྡན་ཕྱིན་ཞིང་། ལྷ་མོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་མིང་གཞུང་ནང་ཚུད་པའི་རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་ཟློས་གར་འབའ་ཞིག་དེ་ཡིན་པ་དང་། ལོ་600ལྷག་ཙམ་རྒྱུན་འཛིན་ཐུབ་ཡོད། རང་ལྗོངས་ལ་དམངས་ཁྲོད་ལྷ་མོ་རུ་ཁག་153བར་གོང་འཕེལ་ཕྱིན་པ་དང་། དམངས་ཁྲོད་ལྷ་མོ་ཚོགས་པའི་རྨང་གཞི་ཐོག་རྒྱལ་ཁབ་རིམ་པའི་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པ་བཙུགས་ཡོད། མི་རིགས་མཐུན་སྒྲིལ་ལ་བསྟོད་གླུ་ཕུལ་བའི《རྒྱུད་སྐུད་སྟེང་གི་ལས་འཕྲོ》སོགས་རྒྱལ་ཁབ་ཀྱི་གར་སྟེགས་ཐོག་འཁྲབ་སྟོན་བྱེད་འགོ་ཚུགས་ཡོད།
       ཉེ་བའི་ལོ་ཤས་རིང་། ཏང་དང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་རང་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། གོང་འཕེལ་བཅས་ཀྱི་ལས་དོན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཅིང་། ཐང་ག་དང་། ལྷ་མོ། བོད་ཀྱི་གསོ་བ་རིག་པ་སོགས་ཀྱི་རྣམ་གྲངས་ཁག་800ལྷག་ཙམ་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་ཡོད། དུས་རབས་21པའི་དེང་རབས་ཀྱི་རྣམ་པའི་ཁྲོད་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ངོ་མཚར་ཆེ་བའི་ཡིད་དབང་འཕྲོག་ཤུགས་མངོན་བཞིན་མཆིས།
རྩོམ་སྒྲིག་པ། སངས་སྐྱབས།