ཚེས་18ཉིན་གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་རྡོ་བརྐོས་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉིན་ཤས་གོང་བརྟག་ཞིབ་ཚོགས་པས་གཞིས་རྩེ་གྲོང་ཁྱེར་གྱི་དིང་རི་རྫོང་དང་ལྷ་རྩེ་རྫོང་གཉིས་ནས་རྡོ་བརྐོས་རིག་དངོས་ཤུལ་བཞག་ཁུལ་རེ་རྙེད་ཡོད་ཅིང་། ཁྱོན་བསྡོམས་རིག་དངོས་3500ལྷག་ཡོད་པ་རེད། མིག་སྔར་སྤྱིའི་ཆ་ནས་དུས་མཚམས་ངོས་འཛིན་བྱས་ཚར་ཡོད།
ཟླ་3ཚེས་8ནས་ཚེས་10ཉིན་བར། གཞིས་རྩེའི་རྟེན་རྫས་བཤམས་མཛོད་ཁང་གི་འགོ་འཛིན་གཞོན་པ་དང་གཞིས་རྩེའི་རྡོ་བརྐོས་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་གི་འགན་འཁུར་བ་དགེ་དབང་གིས་བརྟག་ཞིབ་རུ་ཁག་ཅིག་ཁྲིད་ནས་དིང་རི་རྫོང་དང་ལྷ་རྩེ་རྫོང་ཁོངས་སུ་ཕྱིན་ཏེ། གསར་རྙེད་བྱུང་བའི་རྡོ་བརྐོས་རིག་དངོས་ཤུལ་བཞག་ཁུལ་གཉིས་ལ་བརྟག་ཞིབ་བྱས་པ་རེད།
ཐོག་མའི་ཆོད་སྡོམ་ལྟར་ན་དིང་རི་རྫོང་ཁོངས་སུ་གསར་རྙེད་བྱུང་བའི་རྡོ་བརྐོས་རིག་དངོས་གྱང་ནི་སྤྱི་ལོའི་དུས་རབས་15པ་ནས་16པའི་བར་གྱི་རྡོ་བརྐོས་རིག་དངོས་སུ་གཏོགས་ཤིང་། དེ་ལ་ལོ་རྒྱུས་རིང་བ་དང་། གྲངས་འབོར་ཆེ་བ། ནང་དོན་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལྡན། ལྷ་རྩེ་རྫོང་ཁོངས་སུ་གསར་རྙེད་བྱུང་བའི་“ཀེ་རུང་རྡོ་སྐུ་གསུམ་”གྱི་བཟོ་རྩལ་ལ་ཨེ་ཤེ་ཡ་ལྷོ་མའི་རྡོ་བརྐོས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་པ་དང་། ཐོག་མའི་ཆོད་སྡོམ་དུ་སྤྱི་ལོའི་དུས་རབས་དགུ་པ་ནས་དུས་རབས་བཅུ་གཉིས་པའི་བར་གྱི་རིག་དངོས་ཡིན་པར་ངོས་བཟུང་ཡོད།
ད་ཐེངས་དིང་རི་རྫོང་ཁོངས་ནས་རྙེད་པའི་རྡོ་བརྐོས་རིག་དངོས་མང་ཆེ་བ་ནི་ཡིག་ལྡན་རྡོ་རིང་ཡིན་ཞིང་རྡོ་སྐུ་ཡང་ཉུང་ཤས་ཡོད་པ་རེད། དེའི་ནང་ཡི་གེ་བརྐོས་པའི་གྲམ་རྡོ་16ཡོད་མོད། དུས་རབས་སོགས་ཀྱི་ཆ་འཕྲིན་གལ་ཆེན་ངོས་འཛིན་གསལ་པོ་བྱེད་ཐུབ་མེད། རྡོ་བརྐོས་རིག་དངོས་ཤུལ་བཞག་ཁུལ་དེ་གཉིས་སྒྱུ་རྩལ་གྱི་ཉམས་འགྱུར་དང་། ལོ་རབས་ཀྱི་ཁྱད་ཆོས། གཞི་ཁྱོན། ཕྱོགས་བསྡུས་རིན་ཐང་གང་གི་ཐད་ནས་བཤད་ཀྱང་གཞིས་རྩེའི་ས་ཁོངས་སུ་མཐོང་དཀོན་པའི་རིགས་ཡིན་པ་རེད། འོན་ཀྱང་རྡོ་བརྐོས་རིག་དངོས་ཤུལ་བཞག་ཁུལ་དེ་གཉིས་དུས་ཡུན་རིང་པོའི་ནང་ཕྱི་རོལ་དུ་གནས་པ་དང་ཉར་ཚགས་ཡག་པོ་མ་བྱུང་བའི་རྐྱེན་གྱིས་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད།
དགེ་དབང་གིས་ཕྱི་རོལ་གྱི་རིག་དངོས་དེའི་བདེ་འཇགས་ལ་བསམས་ནས་མིག་སྔར་ལྟ་སྲུང་བ་བཀོད་སྒྲིག་བྱ་རྒྱུའི་གྲོས་འགོ་བཏོན་པ་དང་ཆབས་ཅིག་རིག་དངོས་ཤུལ་བཞག་ཁུལ་གཉིས་འཕྲལ་མར་རྫོང་རིམ་པའི་རིག་དངོས་སྲུང་སྐྱོང་ས་ཚིགས་སུ་བསྒྱུར་རྒྱུའི་ཡིག་ཐོག་སྙན་ཞུ་འབུལ་རྒྱུའི་གྲོས་འགོ་ཡང་བཏོན་ཡོད་ཟེར།
གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེའི་རྡོ་བརྐོས་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་སྤྱི་ལོ་2019ལོར་སྒོ་ཕྱེ་ཞིང་། སྤྱི་ལོའི་དུས་རབས་7པ་ནས་19པའི་བར་བོད་ཀྱི་ལོ་རྒྱུས་ཀྱི་དུས་མཚམས་མི་འདྲ་བ་དང་། ཉམས་འགྱུར་མི་འདྲ་བ། བརྗོད་བྱ་མི་འདྲ་བ། བརྐོས་རྩལ་མི་འདྲ་བ་བཅས་ཀྱི་རྡོ་བརྐོས་རིག་དངོས་སྤུས་ལེགས་དང་དེ་བཞིན་རྡོ་བརྐོས་སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན་བྱེད་ཀྱི་ཡོད། མིག་སྔར་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་རྡོ་བརྐོས་སྒྱུ་རྩལ་བརྗོད་དོན་གཙོ་བོར་བྱས་པའི་ཆེད་ལས་རྟེན་རྫས་བཤམས་མཛོད་ཁང་ཉག་ཅིག་དེ་ཡིན་པ་རེད།
སྤྱི་ལོ་2018ལོར། གཞིས་རྩེའི་རྡོ་བརྐོས་སྒྱུ་རྩལ་རྟེན་རྫས་བཤམས་མཛོད་ཁང་གིས་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་མངགས་བཅོལ་ལྟར། ཆེད་དུ་ལྗོངས་ཡོངས་ཀྱི་རྡོ་བརྐོས་རིག་དངོས་བརྟག་དཔྱད་ཚོགས་ཆུང་བཙུགས་ནས། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7དང་། རྫོང་དང་ཆུས་74ཚང་མར་“ལྗོངས་ཡོངས་ཀྱི་རྡོ་བརྐོས་རིག་དངོས་བརྟག་དཔྱད་ཐེངས་དང་པོའི་”ལས་དོན་སྤེལ་ཞིང་། བོད་ཀྱི་རྡོ་བརྐོས་རིག་དངོས་ཁྱབ་ཚུལ་དང་ཉར་ཚགས་བྱས་ཚུལ་ལ་ཁྱོན་ཡོངས་ནས་མཐིལ་རྟོགས་རྒྱུས་ལོན་དང་བརྟག་ཞིབ་ཟབ་མོ་བྱས་ནས། སྐབས་རིམ་བྱུང་གི་རྡོ་བརྐོས་རྡོ་རིང་དང་། བྲག་བརྐོས། རྡོ་བརྐོས་ཟིན་ཐོ་སོགས་འབོར་ཆེན་སྔོག་འདོན་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།