ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་དུ་བརྟག་ཞིབ་གནང་བ།

སྤེལ་དུས 2022-03-25 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
ཟླ་3ཚེས་22ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་དུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་སྡེ་ཚན་དུ་ལས་བྱེད་པ་དང་ལས་བཟོར་འཚམས་འདྲི་གནང་ནས་ཁོང་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།
          ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་དགོས།
          ཚེས་22ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ཉམས་མྱོང་ཕྱོགས་སྡོམ་བྱེད་པ། གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ལས་ཀའི་ཞན་ཆ་ཧུར་ཐག་སེལ་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་བསྐྲུན་པ། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་འཛུགས་པ་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
          ཀྲོང་ཡན་དང་། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་བཅས་བརྟག་ཞིབ་ནང་ཞུགས་པ་རེད།
          ཝང་ཅུན་ཀྲེང་གིས་གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་སྡེ་ཚན་དུ་ལས་བྱེད་པ་དང་ལས་བཟོར་འཚམས་འདྲི་གནང་ནས་ཁོང་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ཞིང་། ཁོང་གིས་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་དང་བཙོག་འབུད་དོ་དམ་ཁྲུའུ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་གཞུང་ལས་ཁང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་འགྲེམས་ཁང་བཅས་སུ་ཁོར་ཡུག་དཔྱད་དཔོག་ཁྱབ་ཁོངས་ཀྱི་གློད་སྡོམ་ཞབས་གསུམ་དང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་དོན་འཁྱོལ། སྐྱེ་ཁམས་བདེ་འཇགས་སྲུང་བཅད་འཛུགས་པའི་སྐྲུན་འཆར་འགོད་དང་ལས་གྲྭ་གལ་ཆེན་འཛུགས་སྐྲུན་གྱི་འཕེལ་རིམ། ལྗང་མདོག་འཕེལ་རྒྱས་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
          བཞུགས་མོལ་ཚོགས་འདུའི་ཐོག་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་སྙན་སེང་གསན་པ་དང་ཁོང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁོངས་གཏོགས་ཀྱི་བློ་མཐུན་ཚོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་བྱམས་བརྩེའི་འཚམས་འདྲི་ཡང་གནང་བ་རེད། ཝང་ཅུན་ཀྲེང་གིས་བསྟན་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་སྐྱེ་ཁམས་དེ་བོད་ཀྱི“དོན་ཆེན་བཞིའི”ནང་དོན་གལ་ཆེན་ལ་བརྩིས་ཏེ་བཀོད་སྒྲིག་གནང་བས། ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་པར་དུ་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་གྱིས་རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས། སྐྱེ་ཁམས་སྲུང་བའི་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ལག་ལེན་མཐའ་གཅིག་ཏུ་བསྟར་བ། བོད་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་གྲུབ་འབྲས་གསར་པ་ཐོབ་པ་དང་རྣམ་པ་གསར་པ་གཏོད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས།
          “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“སྲུང་སྐྱོང་གཉིས”བློ་རྩ་བརྟན་པོས་དོན་ཐོག་ཏུ་མཐའ་གཅིག་ཏུ་འཁྱོལ་བ་བྱེད་དགོས། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས། མཛད་ཕྱོགས་སྲིད་ཇུས་ཀྱི་ཚད་གཞི་དང་ཡང་ཡང་བསྡུར་བ་དང་།  “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པ་དང་མཐའ་གསལ་མཐིལ་རྟོགས་སྒོ་ནས་སྦྱོང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་སྐྱེ་ཁམས་ཤེས་དཔལ་སྐོར་གྱི་དགོངས་པར་སྔར་བས་གོ་བ་ལེན་པ་དང་། དངོས་སུ་སྒྲུབ་པ། ཁོང་དུ་ཆུད་པ་བཅས་བྱས་ནས་དེའི་ཁྲོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བརྟག་ཐབས་བཅས་ལ་གོ་བ་གཏིང་ཟབ་བླངས་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་འཛུགས་པའི་གསོན་ཉམས་དོད་པའི་ལག་ལེན་དང་ཕན་འབྲས་དངོས་ལ་འགྱུར་བར་བྱེད་དགོས།
          འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། སྐྱེ་ཁམས་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་བདེ་འཇགས་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། རྒྱལ་ཁབ་ཀྱི་སྤྱི་ཡོངས་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་རང་རྟོགས་ངང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་ཇུས་འགོད་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་བདེ་འཇགས་ཀྱི་དམར་ཐིག་ལ་སྟངས་འཛིན་ནན་པོ་བྱེད་པ་དང་སྐྱེ་ཁམས་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བརྟན་བགྲོད་འགྱངས་འཁྱོལ་ཡོང་བའི་འགན་ལེན་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་གི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས། དཔལ་འབྱོར་འཛུགས་སྐྲུན་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་དེང་སྐབས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་འཕེལ་རྒྱས་གཏོང་རིང་སྲུང་སྐྱོང་དང་སྲུང་སྐྱོང་བྱེད་རིང་དེ་བས་ལེགས་པའི་འཕེལ་རྒྱས་ཡོང་བར་བྱས་ནས་སྐྱེ་ཁམས་མཛའ་མཐུན་དང་། ལྗང་མདོག་ཐཱན་ཉུང་། ས་མཐོའི་ཁྱད་ཆོས་ལྡན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ནས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཏན་ཏིག་བྱེད་དགོས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྤྱི་ཚོགས་འཕེལ་རྒྱས་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཙུགས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་མངོན་གསལ་དོད་པའི་འཐབ་ཇུས་ཀྱི་གནས་བབ་ཐོག་འཇོག་པ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྤྱི་ཚོགས་འཛུགས་སྐྲུན་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྐྱེ་ཁམས་ཀྱི་འཁོར་རྒྱུག་བཟང་པོའི་ཁྲོད་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས། སྲོལ་རྒྱུན་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ཀྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་ལྗང་མདོག་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་དང་། མང་ཚོགས་ལ་དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་འཛུགས་པར་ཁྲིད་སྟོན་བྱས་ནས། རང་ཉིད་འཚོ་གནས་བྱ་ཡུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་བབ་ཆགས་འདུ་ཤེས་དེ“རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པའི”བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སུ་འགྱུར་བར་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་སྐྲུན་དགོས།
          ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པར་བརྟེན་ནས་ལས་དོན་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་པར་ཤུགས་རྒྱག་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་རྣམ་གྲངས་ཅན་དང་། གཞི་རྟེན་ཅན། གསལ་ཐོ་ཅན་བཅས་སུ་འགྱུར་བར་བྱས་ནས་སྐྱེ་ཁམས་ཤེས་དཔལ་ལམ་ལུགས་དང་། དམིགས་ཚད་ལས་འགན། སྐྱེ་ཁམས་དཔལ་འབྱོར། སྐྱེ་ཁམས་རིག་གནས། སྐྱེ་ཁམས་བདེ་འཇགས་བཅས་མ་ལག་ཆེ་གྲས་ལྔར་ཤུགས་བརྒྱབ་ནས་རྒྱུན་སྲིང་ལྷོད་མེད་དང་ཤུགས་སྣོན་ཆད་མེད་ཀྱིས་རྒྱལ་ཡོངས་ཀྱི“ཐཱན་གཉིས”དམིགས་ཚད་འགྲུབ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། ཁྲིམས་ལྟར་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་འདུ་ཤེས་བརྟན་པོ་བཙུགས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་ཡོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྐྱོང་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཚད་ལྡན་ཅན་དང་། ལམ་ལུགས་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཚན་རྩལ་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་བའི་འདུ་ཤེས་བརྟན་པོ་བཙུགས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་སུ་ཚན་རིག་ལག་རྩལ་བཀོལ་སྤྱོད་བྱེད་པར་མཐོང་ཆེན་དང་། ཤེས་ལྡན་མི་སྣའི་ཐོན་ཁུངས་སྤྱི་འདོམས་བསྡུ་སྒྲིལ། ཤེས་ལྡན་མི་སྣའི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་འཇོན་ཐང་ཆེ་བ་དང་། ཆེད་ལས་མཁས་པ། སྤྱོད་ཚུལ་བཟང་བ། འགན་འཁུར་ཕོད་པ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དཔུང་ཁག་ཧྲག་པོ་ཞིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། རི་དང་། ཆུ། ནགས་ཚལ། ས་ཞིང་། མཚེའུ། སྤང་། བྱེ་མ། འཁྱགས་རོམ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་གི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ། དགུང་སྔོན་དང་། ཆུ་དྭངས། ས་གཙང་བཅས་སྲུང་སྐྱོང་གི་དམག་འཐབ་ཡག་པོ་རྒྱག་པ། ཐོན་ལས་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཧུར་ཐག་གཏོང་བ། སྐྱེ་ཁམས་དམངས་ཕྱུག་དམངས་ཕན་གྱི་བྱ་སྤྱོད་ལག་ལེན་མགྱོགས་པོ་བསྟར་བ་བཅས་བྱས་ཏེ། རང་ལྗོངས་ཀྱི་སྐྱེ་ཁམས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་འགྱུར་བ་བྱས་ནས་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞིའི་རིན་ཐང་དེ་གསེར་རི་དངུལ་རིའི་རིན་ཐང་དུ་འགྱུར་བ་བྱས་ཐོག་མི་སེར་ཕྱུག་འགྱུར་དང་སྐྱེ་ཁམས་མཛེས་སྡུག་ལྡན་པ་གཅིག་གྱུར་དམ་ཟབ་ཡོང་བར་བྱེད་དགོས།
          ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་འགོ་ཁྲིད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ཏུ་ཁྱབ་རྒྱུ་མཐའ་འཁྱོངས་ཀྱིས་དུས་བབ་གསར་པའི་འོག་འགོ་ཁྲིད་ལས་བྱེད་པས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་ཆེ་རུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་པ་བཅས་བྱས་ནས་བཤད་པ་ཙམ་གྱིས་སྒྲུབ་པར་བརྩི་བ་དང་སྒྲུབ་པ་ཙམ་གྱིས་ཡག་པོ་སྒྲུབ་པར་བརྩི་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་སྟེ་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པ་དང་། འབྲེལ་གཏུག་དང་སྙན་སེང་སྦྲེལ་མཐུད་ལ་རང་འགུལ་ངང་ཤུགས་སྣོན་རྒྱག་པ། མི་བདེན་རྫུན་བསྒྲིགས་མཐའ་གཅིག་ཏུ་གཏན་འགོག་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་བྱེད་པ། གཟབ་ནན་ཞིབ་ཚགས་དང་ནན་ཏན་ངང་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་རེས་སྐོར་གསར་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་ལ་བསུ་བ་ཞུ་བ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས། 
རྩོམ་སྒྲིག་པ། སངས་སྐྱབས།