ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གཏམ་བཟང་། ནག་ཆུར་སླར་ཡང་སློབ་གྲྭ་འདི་འདྲ་ཞིག་སློབ་འགོ་ཚུཊ་འདུག

སྤེལ་དུས 2022-05-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
    སྤྱི་ཟླ་ལྔ་པ་ནི་དྲིན་ཚོར་གྱི་དུས་ཚིགས་ཤིག་དང་། ངལ་རྩོལ་གྱི་དུས་ཚིགས་ཤིག སྣོད་བཅུད་ཀུན་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དུས་ཚིགས་ཤིག་བཅས་ཡིན། དེ་ལྟ་བུའི་རྫོགས་ལྡན་གྱི་དུས་ཚིགས་དང་བསྟུན་ནས་རེ་བ་དང་གསོན་ཤུགས་ཀྱིས་ཁེངས་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་དམིགས་གསལ་སློབ་གསོའི་སློབ་གྲྭ་གཉིས་པ་སློབ་འགོ་ཚུགས་པའི་མཛད་སྒོ་དེ་ཡང་ཉིན་ཤས་གོང་གཟབ་རྒྱས་ངང་འཚོགས་པ་རེད།
 
གྲོང་ཁྱེར་གྱི་འབྲེལ་ཡོད་དབུ་ཁྲིད་དང་དགེ་སློབ་མཉམ་ཞུགས་ཀྱི་དྲན་རྟེན་པར། 
    ནག་ཆུ་གྲོང་ཁྱེར་གྱི་དམིགས་གསལ་སློབ་གསོའི་སློབ་གྲྭ་གཉིས་པ་བསྐྲུན་ཟིན་པ་དང་སྦྲགས་སློབ་འགོ་ཚུགས་པ་དེའི་ཐོག་ནས་ནག་ཆུའི་དམིགས་གསལ་སློབ་གསོའི་ལས་དོན་དེ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད། གསར་འགོད་པས་སློབ་འགོ་ཚུགས་པའི་མཛད་སྒོའི་ས་ཡུལ་དངོས་ནས་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོའི་བཞིན་ལས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་སློབ་གྲྭ་གསར་པའི་ནང་སློབ་གསོའི་ལས་དོན་དང་སློབ་སྦྱོང་ནང་ཞུགས་ནས་རང་སོ་སོའི་ཕུགས་འདུན་སྒྲུབ་པའི་ཤེས་བྱའི་མཁའ་དབྱིངས་སུ་འབད་འབུངས་ཀྱི་གཤོག་ཟུང་ལ་བརྟེན་ནས་རང་རྩལ་ཅི་དགར་ངོམས་འདོད་ཀྱི་རྣམ་པ་ཟབ་མོ་ཞིག་མཐོང་ཆོས་སུ་གྱུར།
    དམིགས་བསལ་སློབ་གསོའི་སློབ་གྲྭ་གཉིས་པའི་སློབ་སྤྱི་བསོད་ནམས་ཆོས་སྐྱིད་ཀྱིས། དམིགས་བསལ་སློབ་གསོའི་སློབ་གྲྭ་གཉིས་པ་བསྐྲུན་ཟིན་པ་དང་སློབ་འགོ་ཚུགས་པ་དེ་གོང་རིམ་གྱི་ཐུགས་ཁུར་དང་རྒྱབ་སྐྱོར་དེ་བཞིན་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་པོའི་རོགས་རམ་བཅས་དང་ཁ་བྲལ་ཐབས་མེད། སླད་ཕྱིན་གྱི་སློབ་གསོའི་ལས་དོན་ཁྲོད་ལས་རོགས་ཚོ་དང་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་སློབ་གསོའི་འབྱུང་འགྱུར་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།
    ཕུལ་བྱུང་སློབ་མའི་འཐུས་མི་རིན་རྡོར་གྱིས། སློབ་གྲྭ་གསར་པ་དང་ཁོར་ཡུག་གསར་པར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་པས་བསམ་པའི་ཉམས་འགྱུར་གསར་རྐྱང་གི་ཐོག་ནས་སློབ་སྦྱོང་དང་འཚོ་བའི་ནང་ཞུགས་རྒྱུག་མ་ཟད། སློབ་གྲོགས་གཞན་ལ་སློབ་སྦྱོང་དང་འཚོ་བའི་གོམས་གཤིས་བཟང་པོ་ཞིག་ཆགས་རྒྱུའི་ལྕག་སྐུལ་བྱས་ཏེ་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ་དེ་བས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་ཡིན་ཞེས་བཤད་པ་རེད། དེས་ན་འགྲན་སློང་གསར་པའི་མདུན་དུ་དམིགས་གསལ་སློབ་གསོའི་སློབ་གྲྭའི་དགེ་སློབ་ཚོས་འགྲན་སློང་གང་འདྲ་ཞིག་ལའང་མི་སྐྲག་པར་རིམ་ཁག་འགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་མི་སྣའི་རྒྱབ་སྐྱོར་དང་ཁྱིམ་བདག་ཚོའི་གཞོགས་འདེགས་འོག་སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོས་ཡང་འབད་བསྐྱར་འབད་ཀྱིས་དམིགས་བསལ་སློབ་གསོའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་རྩོམ་རྒྱུ་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།
རྩོམ་སྒྲིག་པ། བདེ་སྒྲོན།