ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

“ཀྲུང་གོའི་ལོ་བཅུ·བོད་ལྗོངས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ།

སྤེལ་དུས 2022-08-03 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

འདི་ནི་ཡོངས་བསྒྲགས་ཚོགས་འདུའི་ཚོགས་ར་རེད།
           ཟླ8པའི་ཚེས2ཉིན་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི“ཀྲུང་གོའི་ལོ་བཅུ·བོད་ལྗོངས”ཞེས་པའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་ཤིང་། ད་ཐེངས་ཀྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཏུ“སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་གིས་རྩོམ་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས།
           བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཡོངས་བསྒྲགས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་འབྲེལ་ཡོད་དྲི་བར་ལན་བསྐྱོན།

འདི་ནི་ཡོངས་བསྒྲགས་ཚོགས་འདུའི་ཚོགས་ར་རེད།
           ཝང་ཅུན་ཀྲེང་གིས་ངོ་སྤྲོད་གནང་དོན། ལོ་བཅུའི་རིང་དུ་བོད་ལྗོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་མི་རིགས་ཆོས་ལུགས་ལས་དོན་གྱི་ཆུ་ཚད་ཟམ་མི་འཆད་པར་མཐོ་རུ་ཕྱིན་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས“ལས་གྲྭ་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”བཀོད་སྒྲིག་ལག་བསྟར་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་དང་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ།  “རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་གཏིང་ཟབ་གཏོང་བ།  རྒྱ་ཆེའི་གྲྭ་བཙུན་ཚོས་རང་རྟོགས་ངང་ཆབ་སྲིད་ལ་བློ་འགེལ་ཆོག་པ། གཞུང་ལུགས་ལ་ཐོས་བསམ་ཟབ་པ། སྤྱོད་ལམ་ལ་ཀུན་གྱིས་བཀུར་བ། འགག་རྩའི་དུས་ལ་ནུས་པ་འཐོན་པ་པ་དང་།  རྒྱལ་ཁབ་དང་ཆོས་ལུགས་ལ་དགའ་ཞེན་བྱེད་མཁན་གྱི་སྔོན་ཐོན་གྲྭ་བཙུན་ཞིག་བྱེད་པར་འཁྲིད་སྟོན་བྱས་ཡོད།

 འདི་ནི་གསར་འགོད་པས་དྲི་བ་འདོན་བཞིན་པ།
           ཁོང་གིས། ལོ་བཅུའི་རིང་དུ་བོད་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་ཚད་མཐོན་པོའི་ངང་ནས་འཕེལ་རྒྱས་དང་དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་སྒོ་ཚང་ལ་གནད་ལ་འཁེལ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་ཞབས་འདེགས་ཞུ་བ་བཅས་བྱས་ནས་གསར་དར་ཐོན་ལས་སྐྱེད་སྲིང་བྱེད་པ་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་པ། ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆ་མགྱོགས་མྱུར་ཆགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ། “དམངས་འཚོའི་འདུ་འགོད་བཅུ”ལག་ལེན་ཤུགས་ཆེན་བསྟར་བ། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་དར་རྒྱས་ནུས་ལྡན་གཏོང་རྒྱུ་ཟུང་འབྲེལ་ནུས་ལྡན་བྱེད་པ། རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་བཅས་ལས་མི་རིགས་ཁག་གི་མང་ཚོགས་ལ་སྒྱུར་བཅོས་འཕེལ་རྒྱས་དང་བརྟན་ལྷིང་གི་གྲུབ་འབྲས་ལོངས་སྤྱོད་ཐུབ་ཡོད་ཅེས་གསུངས།

འདི་ནི་གསར་འགོད་པས་དྲི་བ་འདོན་བཞིན་པ།
           ཁོང་གིས་ད་དུང་ལོ་བཅུའི་རིང་དུ་བོད་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང་སྐྱེ་ཁམས་དམངས་ཕན་དམངས་ཕྱུག་བྱུང་ཡོད། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱས་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སླར་གསོར་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང་། སྐྱེ་ཁམས་དམངས་ཕན་ནུས་ལྡན་ཡོང་བ་བྱས་པ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་བརྒྱབ་པ་བཅས་བྱས། ལྗོངས་ཡོངས་ཀྱི་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད47%ཡན་ཟིན་པ་དང་། ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས99%ཡན་ཟིན་པ། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི60.8ཟིན་པའི་ནང་གི50.6%ཟིན་པའི་ས་ཁོངས་དེ་སྲུང་སྐྱོང་ནན་ཤོས་ཀྱི་ཁྱབ་ཁོངས་ནང་བཅུག་པས་བོད་ལྗོངས་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད།

 འདི་ནི་ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པས་དྲི་བ་འདོན་བཞིན་པ།
           ཝང་ཅུན་ཀྲེང་གིས། ལོ་བཅུའི་རིང་དུ་བོད་ལྗོངས་ཀྱི་མཐའ་མཚམས་འཕེལ་རྒྱས་བྱུང་ཡོད་པ་དང་། མཐའ་སྲུང་སྲ་བརྟན་ཆགས་ཡོད་ལ། མཐའ་མཚམས་བདེ་འཇགས་བྱུང་ཡོད། མཐའ་མཚམས་བརྟན་ལྷིང་དང་མཐའ་བརྟན་གྱི་དགོས་མཁོ་དང་མཐའ་མཚམས་མང་ཚོགས་ཀྱི་རེ་སྒུག་དེ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མཐའ་མཚམས་ཀྱི་འཐབ་ས་མདུན་མའི་གྲོང་མིའི་ལོ་རེའི་མི་རེའི་ཆ་སྙོམས་ཀྱི་ཁ་གསབ་ཚད་གཞི་མི་དམངས་ཤོག་སྒོར་ཁྲི1.26བར་མཐོ་རུ་བཏང་། ཡུལ་བབ་དང་བསྟུན་ནས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ནས་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ624བསྐྲུན།
           ཡོངས་བསྒྲགས་ཚོགས་འདུའི་ཐོག་ཏུ“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”ལས་དོན་འཕེལ་རིམ་དང་། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་། སློབ་གསོ་དང་སྨན་བཅོས་བྱ་གཞག་ལ་འཕེལ་རྒྱས། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་སྲུང་སྐྱོང་དང་རྒྱུན་འཛིན་སོགས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་གསར་འགོད་པས་དྲི་བ་བཏོན།
རྩོམ་སྒྲིག་པ། བདེ་སྒྲོན།