ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཡིད་འོང་སྡོད་མལ་ལ་འཚམ་པའི་གྲོང་གསེབ་ཀྱི་རྣམ་པ་གསར་པ།

—— ལྷོ་ཁ་གྲོང་ཁྱེར་གྱིས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་ཧུར་ཐག་སྤེལ་བའི་སྐོར་བཀོད་པ།

སྤེལ་དུས 2023-02-03 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

ཟངས་རི་རྫོང་མཐར་མ་གྲོང་ཚོའི་གྲོང་གསེབ་གཞུང་ལམ།
             མིག་སྔར། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཚོ་གང་རུང་ཞིག་ཏུ་བསྐྱོད་ཚེ། གང་སར་སྐྱེ་ཁམས་སྡོད་མལ་གྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་གསར་པའི་རྣམ་པ་རེད།
             ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་དང་སྡེ་ཚན་ཁག་གིས“གསང་སྤྱོད་གསར་བརྗེ”དང་ཞིང་འབྲོག་ཁུལ་གྱི་གད་སྙིགས་དང་བཙོག་ཆུ་བཅོས་སྒྲིག་སོགས་ཤུགས་སྣོན་རྒྱག་སར་བྱས་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཞན་ཆ་གང་མགྱོགས་བསལ་ཏེ་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་གི་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་སུ་བཏང་བ་རེད།
             དེ་སྔ་ཁྱིམ་གྱི་གསང་སྤྱོད་ཀྱི་ཐོག་དམའ་ལ་ཁང་པ་གོག་ཧྲུལ་ཡིན་པས་ཆར་པ་འབབ་དུས་འདམ་རྫབ་ཀྱིས་ཁེངས་པ་དང་། དབྱར་ཁ་དྲི་མ་ངན་པ། དགུན་ཁ་གྲང་བ་བཅས་ཡོད། གསང་སྤྱོད་ལ་སྒྱུར་བཅོས་བྱས་རྗེས་གཙང་ལ་སྟབས་བདེ་བས་འཚོ་བའི་སྤུས་ཚད་ཀྱང་ལེགས་སུ་ཕྱིན་སོང་ཞེས་གསང་སྤྱོད་སྒྱུར་བཅོས་ཀྱི་སྐོར་གླེང་སྐབས། ལྷུན་རྫེ་རྫོང་བྱ་ཡུལ་ཤང་ཕང་གྲོང་ཚོའི་གྲོང་མི་པད་མ་དབྱངས་ཅན་གྱིས་དགའ་སྤྲོ་ཆེན་པོས་དེ་ལྟར་བཤད།
             2019ལོར་ལྷུན་རྩེ་རྫོང་བྱ་ཡུལ་ཤང་ཕང་གྲོང་ཚོས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་སྐྲུན་རིང་། དུད་ཚང་ཚང་མའི་གསང་སྤྱོད་ཁང་པའི་ནང་དུ་སྤོས་ནས་དེ་སྔའི་གསང་སྤྱོད་ཆུ་བཤལ་གཏོང་ཐུབ་པའི་་གསང་སྤྱོད་ལ་སྒྱུར་བཅོས་བྱས་པ་རེད། “ས་ངོས་སུ་རྫ་གཡམ་བཏིངས་པ་དང་། གྱང་ངོས་སུ་རྡོ་ཞོ་ལེགས་པར་བྱུག་པ། ད་དུང་ཧ་ཡང་དང་ལྕགས་རིགས་མཉམ་བསྲེས་ཀྱི་སྒོ་ཡང་བསྒར་བས་གྲོང་ཁྱེར་གྱི་གསང་སྤྱོད་ལས་ཞན་པ་གཏན་ནས་མེད” སྡོད་གནས་ཁོར་ཡུག་གི་འགྱུར་ལྡོག་མྱོང་བ་གླེང་སྐབས། ཕང་གྲོང་ཚོའི་གྲོང་མི་དགའ་ཚོར་གྱིས་ཁེངས།
             ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་གྱིས་མང་ཚོགས་ཀྱི་དོན་དངོས་དགོས་མཁོ་དང་། གྲོང་ཚོའི་ཁྱབ་ཚུལ། བརྒྱུད་འདྲེན་བར་ཐག་སོགས་ཀྱི་ཆ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ“དུད་ཚང་གིས་རིགས་དབྱེ་དང་། གྲོང་ཚོས་བསྡུ་རུབ། གྲོང་རྡལ་གྱིས་སྐྱེལ་འདྲེན། ཆུས་ཀྱིས་གཙང་སེལ”བཅས་བྱེད་པའི་ཐག་གཅོད་བྱེད་སྟངས་ལག་ལེན་བསྟར་ནས་འཚོ་བའི་གད་སྙིགས་སྐབས་བསྟུན་གཙང་བཟོ་ཐུབ་ནས་གད་སྙིགས་གང་བྱུང་དུ་སྤུངས་པ་དང་། གང་བྱུང་དུ་འཇོག་པ། གང་བྱུང་དུ་དབྱུག་པ་བཅས་གཏན་འགོག་ཐུབ་ཡོད།
             ལྷོ་ཁ་གྲོང་ཁྱེར་གྱིས་ས་བབ་ཀྱི་ཆ་རྐྱེན་དང་། གྲོང་ཚོའི་མི་འབོར་མཐུག་ཚད། བཙོག་ཆུ་ཐོན་ཚད། དཔལ་འབྱོར་གོང་འཕེལ་གྱི་ཆུ་ཚད་སོགས་ལ་གཞིགས་ནས། ཞིང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་ཕྱིར་འབུད་དང་སྒྲིག་བཀོད་འཛུགས་སྐྲུན་གྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ“འཆར་འགོད་སྔོན་ལ་བྱེད་པ་དང་སྤྱི་འདོམས་ལག་བསྟར”བྱེད་པའི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་། རྫོང་དང་ཆུས་ཁག་ལ་རྫོང་ཁོངས་ཀྱི་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་གི་ཆེད་དོན་འཆར་འགོད་བཟོ་བར་མཛུབ་ཁྲིད་བྱས་པ་དང་། གཅིག་སྡུད་དང་ཁ་ཐོར་གྱི་འཚོ་བའི་བཙོག་ཆུ་གཙང་གསིང་བྱ་ཐབས་སྤྱད་དེ་བཅོས་སྐྱོང་བྱེད་ནུས་དང་ཆུ་ཚད་བརྟན་པོའི་ངང་མཐོ་རུ་བཏང་བས། ཞིང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་གང་བྱུང་དུ་འབུད་པ་དང་གང་བྱུང་དུ་གཏོང་བའི་སྣང་ཚུལ་ལ་དོ་དམ་དང་ཚོད་འཛིན་ནུས་ལྡན་ཐུབ་ཡོད།
             སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀུན་ལ་ཕན་ཤོས་ཀྱི་དམངས་འཚོའི་བདེ་རྩར་ཐུག་པའི་གནད་དོན་ཞིག་རེད། ལྷོ་ཁ་གྲོང་ཁྱེར་གྱི་རྫོང་དང་ཆུས་ཁག་དང་ཤང་དང་གྲོང་རྡལ་ཁག་གིས་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱེད་རིང་། ཞིང་འབྲོག་མང་ཚོགས་དེར་ཞུགས་པར་སྐུལ་སློང་རྒྱ་ཁྱབ་བྱས་ནས“གཙང་བཤེར་བཞི་དང་སྒྱུར་བཅོས་གཉིས”གཙོ་གནད་དུ་བྱས་པའི་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་། “སྒོ་རྩའི་འགན་ལེན་གསུམ”སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་གྲོང་ཚོའི་རྣམ་པ་ལེགས་སུ་བཏང་བ་རེད།
             2022ལོར་ལྷོ་ཁ་གྲོང་ཁྱེར་གྱིས་མཛེས་སྡུག་ལྡན་ལ་སྡོད་མལ་གྱི་དཔེ་སྟོན་གྲོང་ཚོའི་འཛུགས་སྐྲུན་རྣམ་གྲངས34ལག་བསྟར་བྱས་པ་དང་། རྣམ་གྲངས་ལ་གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བ་དང་། འཚོ་བའི་གད་སྙིགས་གཙང་སེལ། འཚོ་བའི་བཙོག་ཆུ་གཙང་གསིང་། གྲོང་ཚོའི་མ་ལམ་དང་དུད་ཚང་དུ་སྐྱོད་སའི་ལམ། ཆུ་འབུད་ས། གསང་སྤྱོད། གཡུལ་ཐང་སོགས་ཚུད་ཡོད། གྲོང་ཁྱེར་ཡོངས་སུ་ད་ཆ་རང་སྐྱོང་ལྗོངས་རིམ་པའི་མཛེས་སྡུག་སྤྲོ་གསེང་དང་། བདེ་སྐྱིད་ལྡན་པའི་སྡོད་མལ། གཙང་སྦྲ་ལེགས་པ་བཅས་ཀྱི་དཔེ་སྟོན་གྲོང་ཚོ56ཡོད་པ་དང་། མཚོ་སྨད་རྫོང་དང་། གྲ་ནང་རྫོང་། འཕྱོངས་རྒྱས་རྫོང་བཅས་ལ་སྔ་རྗེས་སུ2019ལོ་དང་། 2020ལོ། 2022ལོའི་རྒྱལ་ཡོངས་ཀྱི་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ཀྱི་སྔོན་ཐོན་རྫོང་གི་གཟི་བརྗིད་མཚན་སྙན་ཐོབ་ཡོད།
             ལྷོ་ཁ་གྲོང་ཁྱེར་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང(ས་ཚིགས)གི་ནུས་པ་གང་ལེགས་བཏོན་ནས་རྐང་འཛིན་སྒྲོག་འགྲེལ་བ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ། མང་ཚོགས་ཀྱི་གཙང་སྦྲའི་གོམས་གཤིས་ཞན་པ་དང་གད་སྙིགས་གང་བྱུང་དུ་སྤུངས་པ་དང་གང་བྱུང་དུ་དབྱུག་པ་སོགས་ཀྱི་སྲོལ་ངན་ལ་དམིགས་ནས། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་སྒྲོག་འགྲེལ་བྱས་ནས་མང་ཚོགས་ལ་བདག་པོའི་འདུ་ཤེས་འཆང་བའི་སློབ་གསོ་ཁྲིད་སྟོན་བྱས་ཏེ་མཉམ་དུ་གཙང་སྦྲ་ལེགས་པའི་སྡོད་མལ་ཁོར་ཡུག་ཅིག་བཏོད་ཡོད།
             སྣེ་གདོང་ཆུས་ཕོ་བྲང་ཤང་ནི2022ལོའི་དུས་ཚིགས་གཉིས་པའི“རྗེས་ལུས་ཤང་གྲོང”ཡིན་ཞིང་། ཁྱོན་ཡོངས་ནས་བཅོས་སྒྲིག་བྱ་ཆེད། རྡོ་ཕོ་བྲང་ཤང་གིས་སྔ་རྗེས་སུ་སྐུལ་སློང་ཚོགས་འདུ་ཐེངས6འཚོགས་པར་མང་ཚོགས་ཞུགས་ཚད100%ཟིན་པ་དང་། 《སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་གྲོས་འགོའི་ཡི་གེ》1000སྤྲད་པ། འཕྲེད་འགེལ་ཡི་གེ12བཀལ་བ། གད་སྙིགས་ཏུན600དབོར་བ། ཆུ་ལམ་དང་ཆུ་ཡུར་སྤྱི་ལེ20གཙང་སེལ་བྱས་པ། གད་སྙིགས་སྤུངས་པའི་ཟང་ཟིང་ཁུལ440བཅོས་སྒྲིག་བྱས་པ། གྱང་སྤྱི་ལེ10གསར་སྐྲུན་དང་ཉམས་བཟོ་བཅས་བྱས་པ་རེད། དུས་མཚམས་ཤིག་རིང་བཅོས་སྒྲིག་ཤུགས་ཆེན་བྱས་པ་བརྒྱུད། སྣེ་གདོང་ཆུས་ཀྱི་དུས་ཚིགས་གསུམ་པའི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་གྱི་དཔྱད་བསྡུར་ལ་རྡོ་ཕོ་བྲང་ཤང་ལ་ཨང་གཉིས་པའི་གྲུབ་འབྲས་བཟང་པོ་ཐོབ་ཡོད།
             ད་ཆ་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་ལེགས་སུ་བཏང་བ་བརྒྱུད། རང་སོའི་ཁྱད་ཆོས་མངོན་གསལ་དོད་པ་དང་། ནུས་པ་ཆ་ཚང་བ། སྒྲིག་བཀོད་འཐུས་སྒོ་ཚང་བ། གྲོང་གསེབ་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་མང་པོ་ཞིག་མུ་ཏིག་ལྟར་ལྷོ་ཁའི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་པོར་ཕྲ་རྒྱན་བཏབ་པ་བཞིན་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་དུས་རབས་རྣམ་པ་ཞིག་མངོན་ཡོད།