ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་འཆར་འགོད་ཁྱབ་བསྒྲགས་བྱས་པ།

སྤེལ་དུས 2023-02-07 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། སྐྱེ་ཁམས་ཤེས་དཔལ་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཏེ། “ཆུ་གྲོན་ཆུང་བྱ་རྒྱུ་སྔོན་ལ་འཇོག་པ་དང་། བར་མཐོངས་དོ་སྙོམས་ཡོང་བར་བྱེད་པ། བརྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱེད་པ། ཕྱོགས་གཉིས་ཀར་ཤུགས་སྣོན་རྒྱག་པ”བཅས་ཀྱི་ཆུ་བཅོས་བསམ་ཕྱོགས་དོན་འཁྱོལ་བྱ་ཆེད། ཉེ་ཆར། རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་། ཆུ་བེད་ཐིང་། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་། དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་། ཞིང་ལས་དང་གྲོང་གསེབ་ཐིང་བཅས་སྡེ་ཚན་ལྔས་མཉམ་འབྲེལ་ཐོག《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་རེད།
  《འཆར་འགོད》ནང་། 2025ལོར་སླེབས་སྐབས་ཆུ་གྲོན་ཆུང་གི་སྲིད་ཇུས་དང་ཁྲིམས་སྲོལ་མ་ལག་དང་། ཚད་གཞིའི་མ་ལག ཁྲོམ་རའི་ལམ་སྲོལ་བཅས་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལག་རྩལ་གྱི་འདེགས་སྐྱོར་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ། ཆུ་གྲོན་ཆུང་གི་མ་འཇོག་ལམ་སྲོལ་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་བ། ཆུ་སྤྱོད་ཀྱི་ལས་ཕྱོད་དམིགས་ཚད་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། ཆུ་གྲོན་ཆུང་གི་གཞི་རྟེན་འཛུགས་སྐྱོང་གི་དཔེ་སྟོན་ཕན་འབྲས་མངོན་གསལ་དོད་དུ་གཏོང་བ། ཆུ་གྲོན་ཆུང་གི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ། ཆུ་གྲོན་ཆུང་གི་འདུ་ཤེས་ཡོངས་ཁྱབ་ངང་ཟབ་ཏུ་གཏོང་བ། ཆུ་གྲོན་ཆུང་གི་སྤྱི་ཚོགས་འཛུགས་སྐྲུན་གྱི་ཕན་འབྲས་ཕྱོགས་ཡོངས་ནས་མངོན་ཐུབ་པ་བཅས་བྱེད་དགོས་པ་ཁ་གསལ་བཏོན་ཡོད། 《འཆར་འགོད》ནང་། ཞིང་ལས་དང་གྲོང་གསེབ་ཀྱི་ཆུ་གྲོན་ཆུང་དང་། བཟོ་ལས་ཀྱི་ཆུ་གྲོན་ཆུང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་གྲོན་ཆུང་། རྒྱུན་གཏན་མིན་པའི་ཆུ་ཁུངས་བེད་སྤྱོད་བཅས་ཁྱབ་ཁོངས་ཆེན་པོ་བཞི་གཙོ་གནད་ཐོག་མངོན་གསལ་དོད་པོ་ཡོང་བར་བྱས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་སྲོལ་གྱི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ། མ་འཇོག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལྟ་སྐུལ་དང་དཔྱད་ཞིབ་ནན་པོ་བྱེད་པ་སོགས་ཀྱི་ཐད་འགན་ལེན་བྱེད་ཐབས་བཏོན་ནས་སྡེ་ཚན་ཁག་གི་འགན་འཁྲི་ཁག་བགོས་ཁ་གསལ་བཟོས་ཡོད་པ་རེད།
  འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས《འཆར་འགོད》ཁྱབ་བསྒྲགས་བྱས་པ་དེས་རང་ལྗོངས་ཀྱི་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་། ཆུའི་ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་དང་། གྲོན་ཆུང་། བདེ་འཇགས་བཅས་ཀྱི་སྒོ་ནས་བེད་སྤྱོད་བྱེད་པར་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ། ཆུའི་ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཕྱོད་དང་ཕན་འབྲས་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད་པ་རེད།
  ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར། རང་ལྗོངས་ཀྱིས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། ཞབས་ཞུ་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མཉམ་འདྲེས་ཐུབ་པ་བཅས་བྱས་ནས། ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ཆུ་གྲོན་ཆུང་གི་ལས་ཀའི་མཐུན་སྦྱོར་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ལས་ཀའི་མཉམ་གྲོས་དང་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དམིགས་ཚད་ཁ་གསལ་དང་། ལས་བགོས་ཁ་གསལ། མཐུན་སྦྱོར་སྐུལ་འདེད་བཅས་ཀྱི་ལས་ཀའི་རྣམ་པ་ཆཌ་པར་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་གྱི་ལས་འགན་དང་དམིགས་ཚད་ཁག་ལེགས་གྲུབ་ཡོང་བར་འབད་བརྩོན་བྱ་རྒྱུ་རེད།
རྩོམ་སྒྲིག་པ། སངས་སྐྱབས།