གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

གཞིས་རྩེའི་མི་གཅིག་གི་རྒྱུགས་ར།

སྤེལ་དུས 2018-06-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ཚེ་རིང་ནི་གཞིས་རྩེ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་མཐོ་འབྲིང་ལོ་རིམ་གསུམ་པའི་འཛིན་གྲྭ་གཉིས་པའི་རིག་ཚན་ཁག་གི་མཐར་ཕྱིན་སློབ་མ་ཡིན་ཞིང་། ཟླ6པའི་ཚེས7ཉིན།  ཁོ་རང་ཡང་རྒྱལ་ཡོངས་ཀྱི་མཐོ་གསུམ་སློབ་མ་གཞན་དག་དང་འདྲ་བར་རང་ཉིད་ཀྱི་ལས་དབང་གི་ཆེད་དུ་འཐབ་འཛིང་བྱེད་པའི་དཔའ་རྒོད་ཅིག་ཏུ་གྱུར་ཡོད། མི་འདྲ་བ་ཞིག་ནི་ཁོ་ནི་བྱིས་པ་ལོང་བ་ཞིག་ཡིན་ཞིང་།  ལོ་ན་གསུམ་ཡིན་ཚེ་སྟབས་མི་ལེགས་པའི་དོན་རྐྱེན་ཞིག་བྱུང་སྟེ་ཁོའི་མིག་གཉིས་ལོང་བར་གྱུར། ད་ལོའི་མཐོ་རྒྱུགས་སུ་རྒྱལ་ཡོངས་སུ་བསྡོམས་པས་རྒྱུགས་སྤྲོད་མཁན་སློབ་མ་ལོང་བ་གཉིས་ཡོད་ཅིང་། གཅིག་ནི་ཧྲན་ཤིས་ནས་ཡོང་བ་དང་། ཅིག་ཤོས་དེ་ནི་ཚེ་རིང་ཡིན།  པར་མིག་བརྒྱུད་དེ་གཙོ་སྒྲིག་པ་ཆུང་ཆུང་གིས་སྟོབས་ལྡན་གྱི་ན་གཞོན་འདིའི་མཐོ་རྒྱུགས་ཁྲོད་ཀྱི་གོ་རིམ་ཧྲིལ་བོ་ཐོ་འགོད་བྱས་སོང་།

          ཟླ6པའི་ཚེས6 ཉིན་ཏེ། མཐོ་རྒྱུགས་གོང་གི་ཉིན་དེར་ཕུར་བུ་བཀྲ་ཤིས་ཀྱིས་(གཡས) ཚེ་རིང་ལ་རྒྱུགས་སྤྲོད་པར་མཁོ་བའི་མཁོ་ཆས་བསྡུ་གསོག་རྒྱག་རོགས་བྱས་ཤིང་། ཕུར་བུ་བཀྲ་ཤིས་ནི་ཚེ་རིང་གི་སློབ་གྲོགས་དང་མལ་གྲོགས་རེད།མཐོ་འབྲིང་དང་པོའི་སློབ་སྐབས་གཉིས་པར་རིག་ཚན་དང་རྩིས་ཚན་གཉིས་ཁག་སོ་སོར་བགོས་རྗེས། འཛིན་བདག་གིས་འཛིན་གྲྭའི་ནང་ནས་སུས་ཚེ་རིང་ལ་རོགས་རམ་དང་ལྟ་རྟོག་བྱེད་པར་མོས་པ་ཡོད་མེད་དྲིས་པར། ཕུར་བུ་བཀྲ་ཤིས་ནི་ལག་པ་ཡར་འགྱོག་མཁན་གཅིག་པུ་དེ་ཡིན། ཁོ་རང་མཐོ་འབྲིང་དང་པོའི་ནང་དུ་ཡོང་རྗེས་ཚེ་རིང་དང་མཉམ་དུ་མལ་ཁང་གཅིག་ཏུ་བསྡད། ལོ་གསུམ་གྱི་རིང་ཚེ་རིང་སྐྱེལ་བསུ་དང་། ཟ་མ་ལེན་པ། གོན་པ་བཀྲུ་བ་སོགས་ཕུར་བུ་བཀྲ་ཤིས་ཀྱིས་གྲོགས་པོའི་དོན་དག་ཡོད་ཚད་ལ་བདག་སྐྱོང་བྱས་ཀྱང་། ཁོར་འགྱོད་པ་དང་ལེ་བདའ་ཅི་ཡང་མེད་ཅིང་། ཚེ་རིང་ཕྱིར་བྱ་བ་བསྒྲུབ་ཏུ་འགྲོ་ནའང་ཁོས་རོགས་པ་བྱེད་ཀྱི་ཡོད།

          ཟླ6པའི་ཚེས7ཉིན་གྱི་ཆུ་ཚོད་བརྒྱད་པར།  མཐོ་རྒྱུགས་ཀྱི་ཉིན་དང་པོར། བསམ་གྲུབ་རྩེ་ཆུས་ཀྱི་སློབ་འབྲིང་དང་པོའི་དགེ་རྒན་སྤེན་པའི་རོགས་སྐྱོར་འོག ཆེད་དུ་སློབ་གྲྭའི་ལྭ་བ་གཙང་མ་ཞིག་ཏུ་བརྗེས་པའི་ཚེ་རིང་གཞིས་རྩེ་གྲོང་ཁྱེར་གྱི་མཐོ་སློབ་དང་པོའི་སྒོ་འགྲམ་དུ་ཡོང་སྟེ་ཁོའི་ཆེད་གཏོང་རླངས་འཁོར་ལ་ངང་སྒུག་བྱས། སྤེན་པ་བློ་བཟང་ནི་ཚེ་རིང་གིས་བསམ་གྲུབ་རྩེ་ཆུས་ཀྱི་སློབ་འབྲིང་དང་པོར་དམའ་འབྲིང་འདོན་དུས་ཀྱི་འཚོ་བའི་དགེ་རྒན་ཡིན་ཞིང་། ཆོག་མཆན་ཐོབ་པ་བརྒྱུད།  མཐོ་རྒྱུགས་རིང་དུ་ཚེ་རིང་ལ་ལྟ་རྟོག་བྱེད་པ་ཡིན།

          ཚེ་རིང་མཐོང་རྗེས།  གཞིས་རྩེ་གྲོང་ཁྱེར་གྱི་མཐོ་སློབ་དང་པོའི་སློབ་སྤྱི་གཞོན་པ་ཧྥེང་ཙེང་ཅིན་སྔོན་དུ་སོང་ནས་ཁོའི་ལག་པར་དམ་པོར་འཇུས་ཏེ། ཁོར་སེམས་པ་ལྷོད་ལྷོད་གཏོང་བ་དང་རང་ཉིད་ལ་ཡིད་ཆེས་དགོས་པའི་སྐུལ་མ་བཏང་།

          སློབ་གྲྭའི་སྒོ་ཁར་ངང་སྒུག་བྱས་པའི་གཞིས་རྩེ་གྲོང་ཁྱེར་གྱི་མཐོ་འབྲིང་དང་པོའི་དགེ་རྒན་གཞན་དག་གིས་ཀྱང་བག་ཕེབས་པའི་སྐད་ཆས་ཚེ་རིང་དང་གླེང་མོལ་བྱས་ཏེ། ཁོར་སྨོན་འདུན་དང་སྐུལ་མ་ཞུས་ཤིང་། ཚེ་རིང་གིས་མཚམས་མི་ཆད་པར་མགོ་བོ་ལྡེམ་ལྡེམ་དུ་གཡུགས། ཚེ་རིང་གི་རྒྱུགས་ར་སྔར་ཡིན་ན་གཞིས་རྩེ་གྲོང་ཁྱེར་མཐོ་འབྲིང་དང་པོར་བཀོད་སྒྲིག་བྱས་ཡོད་མོད། འོན་ཀྱང་ཁོའི་དམིགས་བསལ་གྱི་གནས་ཚུལ་དེས་ཐ་ན་ཀྲུང་དབྱང་གི་འབྲེལ་ཡོད་འགོ་ཁྲིད་ཀྱི་དོ་ཁུར་བསླངས་ཡོད་པས། གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་འབྲིང་གི་སློབ་ཁང་ནང་གི་བརྙན་མིག་ཅུང་གསལ་བ་དང་། དྲ་རྒྱར་འབྲེལ་མཐུད་ཡག་པོ་བྱས་རྗེས། བརྙན་གཟུགས་པེ་ཅིང་དང་ཐད་གཏོང་བྱེད་ཆོག་པ་ཡིན། དེ་བས་ཚེ་རིང་གི་རྒྱུགས་རར་འགྱུར་བ་བྱུང་བ་རེད།

          ཚེ་རིང་གཞིས་རྩེ་གྲོང་ཁྱེར་ཚོད་ལྟའི་སློབ་འབྲིང་དང་གཞིས་རྩེ་གྲོང་ཁྱེར་མཐོ་འབྲིང་དང་པོའི་བར་འགྲོ་འོང་བྱ་བར་སྟབས་བདེ་ཆེད། སློབ་གསོ་ཅུས་ཀྱིས་ཁོར་ཆེད་མངགས་རླངས་འཁོར་ཞིག་བཏང་བྱུང་། རྒྱུགས་རའི་ཕྱོགས་སུ་འགྲོ་བའི་ལམ་དུ་ཚེ་རིང་ལ་སྐད་ཆ་མང་པོ་མེད་ཅིང་།  ཆེས་མང་ཆེ་བར་རྣ་བ་སྒེའུ་ཁུང་ཕྱི་རོལ་དུ་གཏད་ནས་ཕྱི་རོལ་གྱི་གྲགས་འགུལ་ལ་ཉན་གྱི་ཡོད། ཁོས་དུས་ཚོད་ཐུང་ངུ་འདི་བེད་སྤྱད་ནས་རང་ཉིད་ཀྱི་རྣམ་པ་ལེགས་སྒྲིག་བྱེད་འདོད་པ་ཤེས་ཐུབ།

          རྒྱུགས་རར་འབྱོར་རྗེས།  དགེ་རྒན་སྤེན་པས་ཚེ་རིང་སྐྱོར་ནས་རླངས་འཁོར་ལས་བབས་པ་དང་།  ཚེ་རིང་གི་གདོང་ཡོངས་སུ་འཛུམ་མདངས་ཀྱིས་ཁེངས་ཡོད།  ཁོས་མིག་གིས་མི་མཐོང་བའི་རྐྱེན་གྱིས་ཅུང་མིན་ན་རྐང་སྟེགས་ལས་ཤོར་བའི་རྣམ་པ་ཙམ་བྱུང་ཡང་། ཁོའི་གདོང་ཡོངས་ད་རུང་འཛུམ་གྱིས་ཁེངས་ཡོད།

          གཞིས་རྩེ་གྲོང་ཁྱེར་མཐོ་འབྲིང་གསུམ་པའི་རྒྱུགས་སྤྲོད་ལྟ་ཞིབ་དགེ་རྒན་གྱིས་ཚེ་རིང་ལ་རྒྱུགས་མ་ལེན་གོང་གི་ཞིབ་བཤེར་བྱས་ཤིང་།  ཚེ་རིང་གིས་རམ་འདེགས་ལེགས་པོ་བྱས། དགེ་རྒན་གྱིས་ཚེ་རིང་ལ་བྱམས་དང་ཐུགས་རྗེས་ཞིབ་བཤེར་བྱེད་ཞོར་ཁོར་སེམས་པ་ལྷོད་ལྷོད་བྱེད་དགོས་པ་དང་། རྒྱུགས་མ་སྤྲད་སྔོན་དུ་གསང་སྤྱོད་ཁང་དུ་འགྲོ་དགོས་པ་སོགས་ཀྱི་སེམས་གསོ་དང་ཁ་བརྡ་བྱས་ཤིང་། ཚེ་རིང་དགོད་བཞིན“ང་འཚབ་ཀི་མི་འདུག”ཅེས་བཤད།

          གནས་ཚུལ་དམིགས་བསལ་ཡིན་པའི་དབང་གིས། ཨང་རྟགས“086”ཡིན་པའི་རྒྱུགས་རའི་ནང་དུ་རྒྱུགས་སྤྲོད་མཁན་ཚེ་རིང་གཅིག་པུ་ལས་མེད་པས། ཁོའི་སྡོད་རྟགས་ཀྱང “01”ཡིན། དམིགས་བསལ་གྱི་རྒྱུགས་ར་འདིའི་ནང་དུ་ཅོག་ཙེ་བཞིའི་སྟེང་དུ་ལོང་ཡིག་གཏག་འཁོར་གཉིས་དང་ལོང་ཡིག་ཤོག་བུ་མཐུག་པོ་ཞིག་བཞག་ཡོད། ཁོས་འདི་དག་བཀོལ་ནས་རང་ཉིད་ཀྱི་མཐོ་རྒྱུགས་ཡོངས་འགྲུབ་བྱེད་དགོས་ཤིང་། ཚེ་རིང་འདུག་བདེ་བའི་ཆེད་དུ་རྒྱུགས་ཁུལ་དུ་ཁོར་ “ཚོང་དཔོན་གྱི་རྐུབ་སྟེགས”ཤིག་གྲ་སྒྲིག་བྱས་ཡོད། ཚེ་རིང་གིས་ཧ་ཅང་སྐྱིད་པོ་རེད་ཟེར།

          རྒྱུགས་སྤྲོད་ལྟ་ཞིབ་དགེ་རྒན་གྱིས་ཚེ་རིང་ལ་ཁ་བྱང་གསལ་བོ་ཞིག་རེག་མི་ཚོར་བའི་སྐབས་སུ་ཁོས་ཚེ་རིང་ལ་ཁ་བྱང་ཀློག་འདོན་བྱེད་ཆོག་པའི་དབང་ཆ་གནང་ཡོད་ཅེས་བཤད་ཅིང་། ཚེ་རིང་གིས་ཡིག་གཏག་འཕྲུལ་ཆས་ལ་རེག་ཞོར་ཧ་ཅང་གུས་ཞབས་ལྡན་པའི་ངང “རྒན་ལགས་ལ་བཀའ་དྲིན་ཆེ”ཞེས་བཤད།
          ཁོ་རང་ཡོང་སྔ་བའི་རྐྱེན་གྱིས་རྒྱུགས་ལེན་རག་བར་དུ་ད་རུང་དུས་ཚོད་ངེས་ཅན་ཞིག་ཡོད་ཅིང་། ཚེ་རིང་གིས་ཡིག་རྒྱུགས་གོང་གི་གྲ་སྒྲིག་བྱ་མགོ་བརྩམས་པ་སྟེ། ལོང་ཡིག་ལྕགས་པར་འཕྲུལ་འཁོར་ལ་ལག་མྱུལ་བྱས་ནས་ཁོས་མགྱོགས་པོར་ཆ་རྒྱུས་ཡོད་པར་གྱུར་པ་དང་།  རོགས་པ་གང་ཡང་མེད་པའི་གནས་ཚུལ་འོག་ཁོས་ལོང་ཡིག་ཤོག་བུར་ལག་མྱུལ་བྱེད་ཐུབ་པར་མ་ཟད། བྱང་ཆ་ལྡན་པའི་ངང་ཤོག་བུ་ཡིག་གཏག་འཕྲུལ་འཁོར་ནང་དུ་བཞག 

          ཆུ་ཚོད11དང་སྐར་མ30སྟེང་། ཚེ་རིང་གིས་མཐོ་རྒྱུགས་ཀྱི་རྒྱ་ཡིག་གི་རྒྱུགས་སྤྲད་ཅིང་། ཁོ་རང་དལ་མོར་རྒྱུགས་ར་ནས་ཐོན་ཏེ་གདོང་དུ་སྔར་བཞིན་འཛུམ་གྱིས་ཁེངས་ཡོད།

          གུང་ཟས་སྟབས་བདེ་ཞིག་ཟོས་རྗེས། ཚེ་རིང་གིས་འབོལ་ཁྲིའི་སྟེང་དུ་ངལ་གསོ་ཅུང་ཙམ་ཞིག་བརྒྱབ། ཚེ་རིང་གི་གུང་ཟས་ཟ་བ་དང་ངལ་གསོ་བའི་གནས་ནི་ཧྲང་ཧའེ་གཞིས་རྩེ་གྲོང་ཁྱེར་ཚོད་ལྟའི་སློབ་འབྲིང་གིས་འདོན་སྤྲོད་བྱས་ཤིང་། དུས་མཚུངས་སུ་ད་དུང་འཚོ་བའི་དགེ་རྒན་ཞིག་དང་སྤེན་པ་ཚེ་རིང་གཉིས་ཀྱིས་མཉམ་དུ་ཚེ་རིང་ལ་ལྟ་སྐྱོང་བྱེད་པར་མངགས་པ་དང་། ཚེ་རིང་གཉིད་སའི་གནས་ནི་སློབ་གྲྭའི་ཚོགས་འདུ་ཁང་ཞིག་ཡིན་ཞིང་། ངལ་མ་གསོས་སྔོན་དུ། ཚེ་རིང་དང་སྤེན་པ་བློ་བཟང་དང་དགེ་རྒན་གཞན་ཞིག་གིས་ཁ་བརྡ་བྱས། ཚེ་རིང་གིས་གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་འབྲིང་གིས་རང་ཉིད་ལ་ལྟ་རྟོག་བྱས་པར་བཀའ་དྲིན་བསམ་གྱིས་མི་ཁྱབ་པའི་ཁེངས་ཤིང་། ཚེ་རིང་ཉིན་གུང་གཉིད་ལོག་པའི་དུས་སུ། སྤེན་པ་བློ་བཟང་གིས་ཁུ་སིམ་མེར་བྱིས་པ་འདིར་སྲུང་ནས་བསྡད། སྐད་འཕྲིན་ཡོང་ཡང་སེམས་ཆུང་སྒོས་སྐད་ཆུང་ངུར་བཏང་ནས་ཁ་བརྡ་བྱས། འདི་ལྟར་ཚེ་རིང་ཆུ་ཚོད་གཅིག་ཡས་མས་སུ་གཉིད་དུ་ཡུར།


          ཚེ་རིང་གིས་ནུབ་ཟས་ཟ་བཞིན་ཡོད་ཅིང་། འདིའི་སྐབས་ཀྱི་ཚེ་རིང་གིས་མཐོ་རྒྱུགས་ཀྱི་ཉིན་དང་པོའི་ཕྱི་དྲོའི་གྲངས་རིག་གི་རྒྱུགས་སྤྲད་ཟིན་པ་དང་། ཚེ་རིང་གིས་བཤད་རྒྱུར། རང་ཉིད་ཀྱི་སེམས་ཁམས་སྔར་ལྟར་ལྷིང་འཇགས་དང་བརྟན་པོ་ཡོད་པས་འགྱུར་ལྡོག་གང་ཡང་མེད།  ཚེ་རིང་གིས་ནུབ་ཟས་སུ་ཤ་མོག་དཀར་ཡོལ་གང་འཐུང་ཞིང་། བལྟས་ཡོང་ན་ཁོ་རང་ཟ་མ་འདིར་ཧ་ཅང་དགའ་པོ་ཡོད་པ་འདྲ། སྤེན་པའི་བློ་བདེ་བོ་བྱུང་བ་སྟེ། ཚེ་རིང་གིས་ཟ་མ་ཡག་པོ་ཟ་ཐུབ་པ་ནི་ཁོའི་ཡི་ག་ཡག་པོ་ཡོད་པ་དང་། སེམས་ཁམས་ཀྱང་ཡག་པོ་ཡོད་པ་ཤེས་ཐུབ་པས། འདི་ཁོའི་རྗེས་ཀྱི་ཡིག་ཚད་ལ་ནུས་པ་གང་ལེགས་འདོན་ཐུབ་ཅེས་བཤད།

          ཟླ6པའི་ཚེས8 ཉིན། ཆུ་ཚོད11དང་ཕྱེད་ཀའི་ཐོག  མཐོ་རྒྱུགས་ཀྱི་ཉིན་གཉིས་པ་ཡིན་ཞིང་། ཚེ་རིང་སྔར་བཞིན་རང་ཉིད་ཀྱི་རྒྱུགས་ར་ལས་ཕྱིར་ཐོན་ཞིང་།  ཁོའི་རྣ་དབང་དང་ཤེས་ཚོར་ནུས་པ་ཧ་ཅང་དྲག་པོ་ཡོད་པས་དུས་ཐུང་གོམ་པ་འགར་མི་གཞན་གྱིས་ཁྱོན་ནས་སྐྱོར་མི་དགོས།  ཚེ་རིང་གིས་བལྟས་ན་རིག་ཚན་ཕྱོགས་བསྡུས་དང་རྩིས་རིག་ནི་འགྲན་རྩོད་ཆེས་ཆེ་བ་ཡིན་པས། ཁོའི་བསམ་པར་རྒྱུགས་གཞི་ཅུང་ཁག་པོ་ཡིན་པའི་ཚོར་བ་བྱུང་།

          འདི་ནི་ཚེ་རིང་གི་མཐོ་རྒྱུགས་ཀྱི་ཉིན་གཉིས་པའི་གུང་ཟས་ཡིན་ཞིང་།  ཆུ་ཚོད12སྟེང་ནས་ཟ་མ་ཟ་མགོ་ཚུགས་པ་དང་། སྔོ་ཚལ་གཙོ་བྱས་པས་བལྟས་ཚོད་ཀྱིས་ཟ་མ་ཅུང་བྲོ་བ་མེད་པར་འདྲ་མོད། ཚེ་རིང་གིས་སྔར་བཞིན་ཞིམ་པོའི་ངང་ཟས།

          མཐོ་རྒྱུགས་ཀྱི་ཡིག་ཚད་བཞི་པ་ནི་དབྱིན་ཡིག་ཡིན་ཞིང་། དེར་ཉན་ཤུགས་ཀྱི་རྒྱུགས་གཞི་ཡོད་པས། སྐར་མ་བཅོ་ལྔའི་སྔོན་དུ་རྒྱུགས་རའི་ཕྱི་བཀག་ནང་སྡོམ་བྱས། དེ་བས་ཚེ་རིང་སྔ་མོ་ནས “086”ནང་དུ་ཡོང་སྟེ་རྒྱུགས་སྤྲོད་ལྟ་ཞིབ་དགེ་རྒན་གྱི་ཞིབ་བཤེར་དང་ལེན་བྱས། རྒྱུགས་བླངས་རྗེས་ཚེ་རིང་གིས་གསར་འགོད་པར་དབྱིན་ཡིག་ཡིག་རྒྱུགས་ལ་རང་གིས་ལོང་ཡིག་ཤོག་བུ་32ལྷག་ལ་རེག་དགོས་ཤིང་། སྔར་དེ་འདྲའི་ངར་ཤུགས་ཆེ་དྲག་པའི་སྦྱོང་བརྡར་བྱས་མེད་ཅེས་བཤད། ཚེ་རིང་ལ་བཀའ་དྲིན་ཞུ་རྒྱུ་ཞིག་བཅུག་པ་ནི་རྒྱ་ཡིག་དང་། རིག་ཚན་ཕྱོགས་བསྡུས། དབྱིན་ཡིག་སོགས་ཀྱི་རྒྱུགས་གཞིའི་ནང་དུ་དམིགས་བསལ་གྱི་ཆོག་འཐུས་བརྒྱུད། ལྟ་ཞིབ་དགེ་རྒན་གྱིས་ཁོར་ལན་སྤྲོད་པའི་དུས་ཚོད་སྐར་མ་ཕྱེད་ཀ་ལྷག་ཇེ་རིང་དུ་བཏང་བ་དེ་རེད།  “ ཆ་རྒྱུས་མེད་པའི་ཁོར་ཡུག་འོག་རྒྱུགས་སྤྲད་ཚེ། ངས་ཀྱང་རྩ་བའི་ཆ་ནས་ལྟ་ཞིབ་དགེ་རྒན་ལ་རྒྱུགས་གཞི་ཀློག་ཏུ་བཅུག་མེད། བསམ་པར་ང་རང་གིས་ཆུ་ཚད་70% ནས་80% བཏོན་ཡོད” ཅེས་བཤད།


          ཟླ6པའི་ཚེས9 ཉིན་གྱི་སྔ་དྲོ། ཚེ་རིང་གིས་མཐོ་རྒྱུགས་ཀྱི་བསླབ་ཚན་ཆེས་མཐའ་མ་སྟེ་བོད་ཡིག་རྒྱུགས་ལེན་གྱི་མཇུག་རྫོགས་ཤིང་།  ཧྥེང་ཙེང་ཅིན་གྱིས་མཐོ་འབྲིང་དང་པོའི་སྒོ་ཁར་སྒུག་སྟེ་ཚེ་རིང་ཡོང་བར་བསུ་མ་བྱས། ཁོས་ཚེ་རིང་ལ་ཡིག་ཤུབས་ཤིག་སྤྲད་ཅིང་། དེའི་ནང་སྒོར་སྟོང་གཅིག་བཅུག་ཡོད།འདི་ནི་ཧྥེང་ཙེང་ཅིན་གྱིས་བོད་སྐྱོར་ལས་འགན་མཇུག་རྫོགས་ཏེ་ཆིང་ཏའོར་ཕྱིར་མ་ལོག་སྔོན་དུ་ཚེ་རིང་ལ་སྤྲད་པའི་ལེགས་སྐྱེས་ཡིན། སློབ་ཆེན་དུ་ཞུགས་རྗེས།  ཚེ་རིང་གིས “འགན་ལེན་གསུམ་གྱི་སྲིད་ཇུས”ལོངས་སྤྱོད་མི་བྱེད་ཅིང་། ཧྥེང་ཙེང་ཅིན་གྱིས་རང་ཉིད་ཀྱི་ནུས་ཤུགས་ཕྲན་བུར་བརྟེན་ནས་རང་ཉིད་ཀྱི་མིག་ནང་ནས་ཕུལ་དུ་བྱུང་བའི་སློབ་མ་འདིར་རོགས་རམ་དང་སྐུལ་མ་བྱས། ཧྥེང་ཙེང་ཅིན་གྱིས “ཚེ་རིང་ནི་རླུང་བསིལ་ཞིག་ཡིན་ཞིང་། ཁོས་གཞིས་རྩེ་གྲོང་ཁྱེར་མཐོ་འབྲིང་དང་པོར་དྲང་ནུས་ཤིག་འཁྱེར་ཡོང་སྟེ་སློབ་མ་ཡོངས་ལ་སྐུལ་ལྕག་ཐེབས་ཀྱིན་ཡོད”ཅེས་གདེང་འཇོག་བྱས།

          ཧྥེང་ཙེང་ཅིན་གྱི་བསམ་ཡུལ་ལས་འདས་པ་ཞིག་ནི།  ཚེ་རིང་གིས་ཀྱང་གཞིས་རྩེ་གྲོང་ཁྱེར་མཐོ་འབྲིང་དང་པོར་ལེགས་སྐྱེས་ཤིག་སྤྲད་ཡོད་ཅིང་། མལ་ཁང་དུ་ཚེ་རིང་གིས《བོད་ལྗོངས་ལོང་ཕྲུག་གི་འོད་མདངས》ཞེས་པའི་དཔེ་ཆ་ཞིག་ཁ་བཏགས་ཀྱིས་བཏུམས་ནས་གཟབ་ནན་སྒོས་ཕིང་ཙེང་ཅིན་ལ་སྤྲད།

          གཞུང་སྒྲུབ་ཐོག་ཁང་མདུན་དུ། ཚེ་རིང་གིས་རྒྱལ་ཁའི་ལག་བརྡ་སྟོན་པའི་ཉམས་ཀྱིས་སྤེན་པ་དང་ཕུར་བུ་བཀྲ་ཤིས་གཉིས་དང་མཉམ་པར་བརྒྱབ་ཅིང་། འདི་ནི་ཉེ་བའི་ལོ་དྲུག་རིང་། ཁོར་ལྟ་རྟོག་ཆེས་མང་བ་བྱས་པའི་མི་གཉིས་ཡིན་ཏེ། གཅིག་ནི་དགེ་རྒན་དང་། གཅིག་ནི་སྤུན་ཟླ་ཡིན། ཚེ་རིང་གིས་བཤད་རྒྱུར། དམའ་འབྲིང་འགྲིམས་སྐབས། རང་ཉིད་རྟག་ཏུ་རྒན་སྤེན་པ་བློ་བཟང་ལགས་ཀྱི་ཁྱིམ་དུ་བསྡད་ནས་བདག་སྐྱོང་མི་དམན་པ་འཐོབ་ཅིང་། ཁོ་མོ་ནི་རང་ཉིད་དགེ་རྒན་ཡིན་ལ་རང་ཉིད་ཀྱི་ཨ་མའང་ཡིན་ཞེས་བཤད།

          ཚེ་རིང་དང་ཕུར་བུ་བཀྲ་ཤིས་སྤུན་ཟླ་གཉིས་ཀྱིས་ལག་པ་དམ་པོར་འཇུས་ཡར་མཐོན་པོར་བཀྱགས་ཤིང་། ཁོ་ཚོར་ཐུན་མོང་གི་ཕུགས་འདུན་ཞིག་ཡོད་པ་ནི་བོད་ལྗོངས་སློབ་ཆེན་གྱི་བོད་ཡིག་ཆེད་ལས་ཀྱིས་སློབ་བསྡུ་བྱ་བའི་རེ་བ་ཡོད་ཅིང་། འདི་ལྟར་བྱས་ནས་ཁོ་གཉིས་ཀྱིས་མཉམ་གཅིག་ཏུ་དཔུང་པ་མཉམ་གཤིབ་ཀྱིས་འཐབ་འཛིང་བྱེད་ཐུབ། ཚེ་རིང་གི་ཕུགས་འདུན་ནི་བོད་ཡིག་དགེ་རྒན་ཞིག་བྱས་ཏེ་བྱིས་པ་ལོང་བ་རྣམས་ལ་སློབ་ཁྲིད་བྱས་ཏེ་རང་ཉིད་ལ་གཏོགས་པའི་འོད་དང་དྲོད་ཁོལ་ཁྱབ་པར་འཇུག་རྒྱུ་དེ་ཡིན།