ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་རྒྱལ་སྲིད་ཨུ་ཡོན་ཕིན་ཕེ་ཨོ་ལ་མཇལ་འཕྲད་གནང་།

སྤེལ་དུས 2018-06-15 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
ཟླ་དྲུག་པའི་ཚེས་བཅུ་བཞིའི་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་རྒྱལ་སྲིད་ཨུ་ཡོན་ཕིན་ཕེ་ཨོ་ལ་མཇལ་འཕྲད་གནང་།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་བཞིའི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨ་མེ་རི་ཁའི་རྒྱལ་སྲིད་ཨུ་ཡོན་ཕིན་ཕེ་ཨོ་ལ་མཇལ་འཕྲད་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ལ་འཛམ་གླིང་གི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་འཛམ་གླིང་གི་དར་རྒྱས་གོང་འཕེལ་ལ་ཡར་སྐུལ་གཏོང་བའི་ཐད་ནས་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་ལྡན་པར་མ་ཟད། འོས་འགན་གལ་ཆེན་ཕྲག་སྟེང་དུ་བླངས་ཡོད། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ནི་རྒྱལ་ཁབ་གཉིས་དང་འཛམ་གླིང་གི་དོན་ཆེན་སྒྲུབ་པར་ཕན་པ་ཡོད་པས། རེ་བ་ཡིན་ན་ཕྱོགས་གཉིས་ཀྱི་ཚོགས་པ་སོ་སོས་བདག་དང་ཙུང་ཐུང་ཐི་ལིང་ཕུའུ་བར་པེ་ཅིན་ནས་གྲོས་མོལ་བྱེད་སྐབས་བྱུང་བའི་ཐུན་མོང་གི་ལྟ་ཚུལ་གཞིར་བཟུང་སྟེ། མཐུན་སྦྱོར་ལ་ཤུགས་སྣོན་པ་དང་ཡིད་ཆེས་ལ་སྐུལ་འདེད་གཏོང་བ། འགལ་བ་བདག་དམ་བྱེད་པ། མཉམ་ལས་རྒྱ་སྐྱེད་པ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་དག་པའི་ཁ་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་དགོས་ཟེར།
            ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུའི་རིང་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་བརྒྱུད་རིམ་གྱིས་ང་ཚོར་བློ་འབྱེད་གལ་ཆེན་ཞིག་བསྩལ་ཡོད་པ་ནི། ཐོག་མཐའ་བར་གསུམ་དུ་ཕན་ཚུན་གྱི་འཐབ་ཇུས་བསམ་ཕྱོགས་ལ་ལྟ་ཚུལ་ཡང་དག་འཛིན་པ་དང་། ཕྱོགས་གཉིས་ཀྱི་ཁེ་ཕན་གཙོ་བོ་དང་གནད་དོན་གལ་ཆེན་ལ་བརྩི་བཀུར་དང་རོགས་རམ་བྱེད་རྒྱུ་དེ་རེད། ཀྲུང་གོའི་ཕྱོགས་ཀྱིས་ཨ་མེ་རི་ཁའི་ཕྱོགས་ཀྱི་འཕེལ་རྒྱས་ལ་ནུས་ཤུགས་གང་ཡོད་བཏོན་ནས་ཕན་ཚུན་ལ་བརྩི་བཀུར་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ། གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་འབྲེལ་བ་མངོན་འགྱུར་བྱེད་འདོད་ཡོད་ཟེར།
            ཕིན་ཕེ་ཨོ་ཡིས་ཐོག་མར་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཚམས་འདྲི་གནང་བ་བརྒྱུད་སྒྲོག་བྱས་པ་དང་། ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་སྟེང་བཏོན་པའི་ལྟ་ཚུལ་གལ་ཆེན་ལ་བཀའ་དྲིན་ཆེ་ཞུས། ཕིན་ཕེ་ཨོ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་མཉམ་དུ་སྣེ་ཁྲིད་བྱས་འོག ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་འབུར་ཐོན་གནད་དོན་ལེགས་བཅོས་བཟང་བོ་བྱེད་པ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་སྤྱི་དང་ས་གནས་ཀྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་འདོད་ཡོད། ཨ་མེ་རི་ཁས་ཀྲུང་གོ་ཕྱོགས་ཀྱིས་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ཐག་གཅོད་པའི་ཐད་ལ་བཏོན་པའི་ནུས་པ་གལ་ཆེན་ལ་བསྟོད་བསྔགས་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བ་དང་ཡུན་རིང་ཞི་བདེ་ཡོང་བ་མངོན་འགྱུར་བྱེད་པར་ཡར་སྐུལ་གཏོང་འདོད་ཡོད་ཟེར།
            དབྱང་ཅེ་ཁྲི་དང་ཝང་དབྱི་སོགས་ཐེངས་འདིའི་བྱ་འགུལ་ལ་ཞུགས།