ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ད་ཕན་ལོ་ཤས་རིང་བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་11.68བཏང་སྟེ་བྱེ་ས་སྤྱི་ཆིང་ཁྲི་32བཅོས་སྒྲིག་བྱས་པ།

སྤེལ་དུས 2018-06-19 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། པད་ཆོས་ཀྱིས་བསྒྱུར།
ལྗང་མདོག་ཅན་གྱི་སྲུང་ཡོལ་བཙུགས། སྣོད་བཅུད་བཟང་བའི་ཁྱིམ་གཞིས་བཏོད།

          འདས་པའི་ལོ་ལྔའི་ནང་བོད་ཀྱིས་སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་11.68བཏང་ནས་བྱེ་ས་སྤྱི་ཆིང་ཁྲི་32བཅོས་སྒྲིག་བྱས་པས། བྱེ་ས་ཅན་དུ་འགྱུར་ཚུལ་བཀག་འགོག་རགས་ཙམ་ཐུབ་པ་དང་། བྱེ་ཁུལ་གྱི་སྣོད་བཅུད་ཁོར་ཡུག་རིམ་བཞིན་ལེགས་སུ་སོང་ཡོད། འདི་ནི་བྱེ་འགོག་བྱེ་འཇགས་ཀྱི་ལས་གྲྭ་ལག་ལེན་བསྟར་ནས་སྒྱུར་བཀོད་བྱས་རྗེས་ཀྱི་ལྷ་ས་ནས་ལྷོ་ཁ་བར་གྱི་རིམ་པ་མཐོ་བའི་གཞུང་ལམ་རྒྱུད་ཀྱི་རྣམ་པ་ཡིན་པ།
          ཚེས་17ཉིན་གྱི་སྔ་དྲོ་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་གྱི“འཛམ་གླིང་གི་ཐང་རྒོད་ཅན་དང་ཐན་པ་འགོག་བཅོས་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་པས་གྲོང་མི་དང་ཡུལ་སྐོར་བར་ངག་ཐོག་ནས་དྲིལ་བསྒྲགས་བྱས་པ་མ་ཟད། ད་དུང་བྱེད་སྒོ་སྤེལ་ཡུལ་དུ《བྱེ་ས་ཅན་འགོག་བཅོས་སྐོར་གྱི་བཅའ་ཁྲིམས་ལག་དེབ》དང་། 《ནགས་ལས་ཀྱི་གནོད་ཅན་སྐྱེ་དངོས་འགོག་བཅོས་དྲིལ་བསྒྲགས་ལག་དེབ》 《ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་གི་དྲིལ་བསྒྲགས་ཏག་སེ》སོགས་དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་སྤྲད་པ་རེད། ད་རེས་ཀྱི་དྲིལ་བསྒྲགས་བྱེད་སྒོ་དེ་རང་སྐྱོང་ལྗོངས་ནགས་ལས་ཐིང་གིས་སྒྲིག་འཛུགས་བྱས་ཏེ་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་ཚན་པ་20ལྷག་ཙམ་དེའི་ནང་མཉམ་དུ་ཞུགས་པ་ཞིག་ཡིན་ཞིང་། བྱེད་སྒོ་སྤེལ་ཡུལ་དུ་གྲོང་མིར་རྩྭ་རྩི་ཤིང་བཏབ་པའི་ཁོག་མ་200སྤྲད་དེ་ཚང་མར་ལྗང་མདོག་ལ་གཅེས་སྐྱོང་དང་སྣོད་བཅུད་ཁོར་ཡུག་ལས་དོན་ལ་སེམས་ཁུར་བྱ་རྒྱུའི་འབོད་སྐུལ་བྱས་པ་རེད།
          ཐང་རྒོད་ཅན་ནི་གོ་ལ་ཧྲིལ་པོར་འཕྲད་པའི་སྣོད་བཅུད་ཐད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་པ་དང་འཛམ་གླིང་ཐོག་གི་ས་ཆ་མང་པོ་ཞིག་གི་མིས་བྱེ་ས་ཅན་གྱི་སྡུག་བསྔལ་མྱོང་བཞིན་ཡོད། ས་ཆ་ཐང་རྒོད་ཅན་དུ་གྱུར་པ་དང་དབུལ་པོར་གྱུར་པ་གཉིས་དབར་རྒྱུ་འབྲས་ཀྱི་འབྲེལ་བ་དམ་ཟབ་ཡོད། འདི་ལོའི་ཟླ་6ཚེས་17ཉིན་ནི“འཛམ་གླིང་གི་ཐང་རྒོད་ཅན་དང་ཐན་པ་འགོག་བཅོས་ཉིན་མོ”ཨང་ཉི་ཤུ་རྩ་བཞི་པ་དེ་རེད། རང་རྒྱལ་གྱིས་དྲིལ་བསྒྲགས་བྱས་པའི་བརྗོད་དོན་གཙོ་བོ་ནི“ས་ཆ་ཐང་རྒོད་ཅན་དུ་འགྱུར་རྒྱུ་འགོག་བཅོས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རམ་འདེགས་བྱེད”ཅེས་པ་དེ་ཡིན་ཞིང་། དེའི་དམིགས་ཡུལ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ས་ཆ་ཐང་རྒོད་ཅན་དུ་འགྱུར་རྒྱུ་འགོག་བཅོས་ལས་དོན་ནང་ཧུར་ཐག་ཞུགས་རྒྱུར་སྔར་བས་ལྕག་སྐུལ་དང་སྐུལ་སློང་བྱས་ཏེ། བྱེ་ཐང་ཁུལ་གྱི་སྣོད་བཅུད་སྣང་ཚུལ་སྔར་བས་ལེགས་སུ་གཏོང་བ་དང་བྱེ་ཐང་ཁུལ་གྱི་ལྗང་མདོག་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་ནས་བྱེ་བཅོས་ལྗང་སྣོན་དང་དབུལ་སྒྲོལ་ཕྱུག་འགྱུར་གཉིས་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེ་རེད།
          བོད་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་ས་བབ་མཐོ་བ་དང་། གྲང་ངར་ཆེ་བ། ཐན་པ་ཆེ་བ། དབྱང་རླུང་དཀོན་པ་བཅས་ཀྱི་རང་བྱུང་ཁོར་ཡུག་དེ་འདྲའི་འོག་སྣོད་བཅུད་མ་ལག་ཉམས་ཞན་དུ་སོང་ཡོད། དེས་ན་རྩྭ་རྩི་ཤིང་རེ་རེར་སྲུང་སྐྱོང་ཡག་པོ་བྱེད་པར་མི་རྒྱུ་དངོས་གསུམ་འབོར་ཆེན་གཏོང་དགོས་ཀྱི་ཡོད། ས་ཆ་བྱེ་ས་ཅན་དུ་གྱུར་པ་ནི་སྣོད་བཅུད་ཉམས་ཞན་དུ་སོང་བའི་མཚོན་ཚུལ་གལ་ཆེན་ཞིག་རེད། རང་ལྗོངས་ཀྱི་ས་ཆ་བྱེ་ས་ཅན་གཙོ་བོ་དག་ལྷོ་ཁ་དང་། མངའ་རིས། གཞིས་རྩེ། དེ་བཞིན་ལྷ་སའི་མཐའ་འཁོར་གྱི་ས་ཆ་འགའ་ཞིག་ཏུ་ཁྱབ་ཡོད། ས་ཁོངས་མི་འདྲ་བའི་རྐྱེན་གྱིས་སྣོད་བཅུད་ཁོར་ཡུག་ཀྱང་ཧེ་བག་ཅུང་ཟད་ཡོད།
          ཉེ་ཆར་གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་གྱི་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་གྱི་བྱེ་ཕུང་ཐོག་དྲ་མིག་གྲུ་བཞི་མང་པོ་བཟོས་ཏེ་རྩྭ་བཏབ་པ་དང་མཐའ་འཁོར་གྱི་ཆུ་འདྲེན་སྒྲིག་ཆས་ཀྱིས་དེ་དག་ལ་ཆུ་རྒྱག་བཞིན་ཡོད་པ་མཐོང་བྱུང་། དཔེ་སྟོན་ཁུལ་ཉེ་འགྲམ་གྱི་གྲ་ནང་རྫོང་གྲ་ཕྱི་ཤང་ཚོང་འདུས་གྲོང་ཚོ་དང་ནོར་སྟོད་གྲོང་ཚོའི་གྲོང་མིས་ཤིང་ཕུར་བཙུགས་ནས་རྩྭ་བཏབ་པའི་དྲ་མིག་གྲུ་བཞི་དེ་དག་སྲ་བརྟན་དུ་གཏོང་བཞིན་འདུག དཔེ་སྟོན་ཁུལ་གྱི་བྱེ་འབོག་སྒང་ནས་རྒྱང་ལྟ་བྱེད་སྐབས། ལོ་འགའ་ཤས་གོང་བཏབ་པའི་སྔོ་ཐིང་ངེར་གནས་ལ་སྐྱེ་འཚར་བཟང་བའི་འགོག་སྲུང་སྐྱེད་ཚལ་དེ་དག་མཐོང་བྱུང་།
          ལྷོ་ཁ་གྲོང་ཁྱེར་གྱི་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་ནི་རང་རྒྱལ་གྱི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་འབའ་ཞིག་རེད། དཔེ་སྟོན་ཁུལ་གྱི་ཁྱབ་ཁོངས་སུ་གྲ་ནང་རྫོང་བསམ་ཡས་གྲོང་རྡལ་དང་སྣེ་གདོང་ཆུས་རྡོ་ཕོ་བྲང་ཤང་ཚུད་ཅིང་། འཛུགས་སྐྲུན་བྱེད་རྒྱ་མུའུ་ཁྲི་5ཙམ་ཟིན་པ་དང་། མ་དངུལ་སྒོར་ཁྲི་3000གཏོང་རྩིས་ཡོད་པ། བྱེ་ས་ཅན་མུའུ་ཁྲི་1.3ལྷག་ཙམ་འགོག་བཅོས་ནུས་ལྡན་ཐུབ་ཡོད། རྣམ་གྲངས་འཛུགས་སྐྲུན་དེས་གཙོ་བོ་རྩྭ་རྩི་ཤིང་འདེབས་པ་དང་དངོས་ཁམས་ལ་བརྟེན་ནས་བྱེ་ས་འགོག་བཅོས་བྱེད་ཐབས་སྤྱད་ཅིང་། ཞིབ་ཕྲར་ཕྱེ་ན་བྱེ་འགོག་ནགས(རྩྭ)གསོ་དང་། རྩྭ་བཏབ་པའི་དྲ་མིག་གྲུ་བཞི། རྡོ་ཧྲུག་ལ་བརྟེན་ནས་བྱེ་གནོན། བྱེ་འགོག་སྒྲིག་ཆས་འཛུགས་པ་སོགས་བྱེད་ཐབས་སྤྱད་ནས་བྱེ་འགོག་བྱེ་འཇགས་ཤིང་ནགས་མུའུ་5600ཙམ་བཏབ་པ་དང་། རྩྭ(རྡོ་ཧྲུག་དང་ཡལ་ག)ཡི་དྲ་མིག་གྲུ་བཞི་འཛུགས་པའི་རྣམ་པའི་ཐོག་ནས་བྱེ་འཇགས་མུའུ་1500ལྷག་ཙམ་ཡོང་ཐབས་བྱས་པ། བྱེ་སྐྱེས་རྩྭ་རྩི་ཤིང་མུའུ་1000ལྷག་ཙམ་དང་། དཔེ་སྟོན་ཁུལ་ཕྱི་འཁོར་དུ་བྱེ་འགོག་ནགས་གསོ་མུའུ་ཁྲི་5ལྷག་ཙམ་བཏབ་པ་རེད།
          “གཞི་ཁྱོན་ཆེ་བའི་རྒྱུན་འཁོར་བྱེ་ཕུང་དང་ཕྱེད་རྒྱུན་འཁོར་བྱེ་ཕུང་དག་རིམ་བཞིན་སྤང་ཐང་དུ་གྱུར་པ་དང་། བྱེ་ས་ཅན་དུ་གྱུར་རྒྱ་ཁྱོན་རིམ་བཞིན་ཆུང་དུ་སོང་བ། སྣོད་བཅུད་ཁོར་ཡུག་དང་མི་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་འདུག རགས་རྩིས་ལྟར་ན། བསམ་ཡས་གྲོང་རྡལ་གྱི་དཔེ་སྟོན་ཁུལ་དུ་རྒྱུན་འཁོར་བྱེ་ཕུང་རྒྱ་ཁྱོན་80%ཉུང་དུ་ཕྱིན་ཡོད” དཔེ་སྟོན་ཁུལ་བསྐྲུན་པ་བརྒྱུད་མཐོ་ཞིང་གྲང་ལ་སྐམ་ཤས་ཆེ་བའི་ས་ཁུལ་དུ་བྱེ་འགོག་བྱེ་བཅོས་བྱེད་པའི་ལག་རྩལ་དང་ཉམས་མྱོང་མང་པོ་ཞིག་འཚོལ་ཞིབ་དང་གསོག་འཇོག་བྱས་ནས་ལྷོ་ཁ་དང་ཐ་ན་ལྗོངས་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་ལ་རྨང་གཞི་བཏིང་ཡོད། དེ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་འབྲོག་མང་ཚོགས་ལ་བྱེ་འགོག་བྱེ་བཅོས་ཀྱི་ལས་གྲྭ་འཛུགས་སྐྲུན་ནང་ཞུགས་རྒྱུའི་ལྕག་སྐུལ་དང་ཁྲིད་སྟོན་བྱས་ལ་མང་ཚོགས་ལ་འབབ་འཕར་ཡོང་བ་བྱ་རྒྱུའི་སྐུལ་ཁྲིད་ཤུགས་ཆེན་ཡང་བྱས་ཡོད་ཅེས་ལྷོ་ཁ་གྲོང་ཁྱེར་ནགས་ལས་ཅུས་ནགས་ཚལ་གཉེར་སྐྱོང་ཁོའོ་ཡི་ཁོའོ་ཀྲང་བློ་བཟང་བསོད་ནམས་ཀྱིས་བཤད།
          རྒྱལ་ཡོངས་ཀྱི་ཐང་རྒོད་ཅན་དང་བྱེ་ས་ཅན་གྱི་གཙོ་གནད་འགོག་བཅོས་ཁུལ་ཡིན་པའི་བོད་ཀྱིས་དུས་རབས་གོང་མའི་ལོ་རབས་90པ་ནས་བཟུང་མངའ་རིས་ས་ཁུལ་སེང་གེ་ཁ་འབབ་གྲོང་རྡལ་གྱི་བྱེ་རླུང་བཅོས་སྒྲིག་དང་། བོད་ཀྱི་ཤར་ལྷོའི་ཁུལ་གྱི་བྱེ་འགོག་བྱེ་བཅོས། ལྷོ་ཁའི་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ། བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་བྱེ་འགོག་བྱེ་བཅོས། རང་སྐྱོང་ལྗོངས་ནོར་སྲིད་ཀྱི་ཆེད་དམིགས་བྱེ་འགོག་བྱེ་བཅོས། རྒྱལ་ཁབ་ཀྱི་བྱེ་ས་ཅན་གྱི་ས་ཆ་བཀག་སྡོམ་སྲུང་སྐྱོང་ཁུལ་སོགས་བྱེ་འགོག་བྱེ་བཅོས་ལས་གྲྭའི་རྣམ་གྲངས་སྣ་ཚོགས་སྔ་རྗེས་སུ་ལག་བསྟར་བྱས་ཏེ། བྱེ་ས་ཅན་གྱི་ས་ཆ་སྤྱི་ཆིང་ཁྲི་32བཅོས་སྒྲིག་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར་11.68བཏང་བ། བྱེ་ས་ཅན་དུ་འགྱུར་ཚུལ་བཀག་འགོག་རགས་ཙམ་ཐུབ་པ། བྱེ་ས་ཅན་ཁུལ་གྱི་སྣོད་བཅུད་ཁོར་ཡུག་རིམ་བཞིན་ལེགས་སུ་སོང་བ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་ལེགས་སུ་སོང་བ་མ་ཟད། ད་དུང་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྣོད་བཅུད་ཁོར་ཡུག་གི་ཆ་རྐྱེན་བཟང་པོ་ཞིག་ཀྱང་མཁོ་འདོན་ཐུབ་ཡོད།