ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་པ་ངག་དབང་བཀྲ་ཤིས་ཀྱིས“ཞིང་འབྲོག་མང་ཚོགས་ཀྱིས་གོ་སླ་ལ་ཉན་འདོད་པ་དེ་འཆད་དགོས” ཟེར།

སྤེལ་དུས 2018-06-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།

           དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་རྒན་པ་ངག་དབང་བཀྲ་ཤིས་ཀྱིས་སྡེ་བའི་མང་ཚོགས་ལ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི” སློབ་གསོ་ལག་ལེན་བྱེད་སྒོའི་བརྗོད་བྱ་གཙོ་བོའི་ནང་དོན་སྒྲོག་འགྲེལ་བྱེད་རྒྱུ་ཡིན་པའི་སྐོར་ཐོས་མ་ཐག ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་སྟོབས་འབར་ཤང་གི་བགྲེས་སོང་ཕུན་ཚོགས་རྒྱལ་མཚན་སྔ་ས་ནས་ཕྱིར་སྒྲོག་འགྲེལ་ལ་ཉན་དུ་འགྲོ་རྩིས་ཡོད་པ་རེད། “སྔོན་ཆད་ཀྱི་འཚོ་བ་ནི་སྡུག་བསྔལ་གྱིས་མནར་ཞིང་དཔེ་ཀློག་བྱེད་པའི་གོ་སྐབས་མེད་པས་ཡི་གེ་ཡང་མི་ཤེས་པ་དང་། ཚགས་ཤོག་ལ་བལྟ་མི་ཐུབ་པ་དང་། རླུང་འཕྲིན་བརྙན་འཕྲིན་རྒྱང་སྒྲོག་གི་ནང་དུ་ཅི་བཤད་བཞིན་པའང་ཧ་གོ་གི་མི་འདུག  དེ་ལྟར་ནའང་ངག་དབང་བཀྲ་ཤིས་ཀྱིས་བཤད་པ་ཡོད་དོ་ཅིག་ངས་ཧ་གོ་ཐུབ་པའི་ཁར་ཁོས་བཤད་པ་ཚང་མར་བདེན་ལུགས་ཡོད་པ་རེད”ཅེས་ ཕུན་ཚོགས་རྒྱལ་མཚན་གྱིས་དེ་སྐད་བརྗོད་བྱུང་།
           ངག་དབང་བཀྲ་ཤིས་ནི་ལོ་དྲུག་ཅུར་ལོན་ཡོད་ཅིང་། ཁོང་ནི་ད་ཆ་དམག་ཁོངས་ནས་ཕྱིར་ལོག་ཀྱང་ད་དུང་རང་མདངས་ཉམས་མེད་པར།  ཏང་དང་སྲིད་གཞུང་གི་བཀའ་དྲིན་ལ་སེམས་འགུལ་ཚད་མེད་བྱེད་པའི་ངོས་ནས་ག་ས་གང་དུ་བསྐྱོད་དེ། རང་གི་མཐོང་ཐོས་མྱོང་གསུམ་དང་ལོ་ངོ་དུ་མའི་སློབ་སྦྱོང་ལས་ཀའི་ཉམས་མྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཁྲོད་ཀྱི་རང་ཉིད་ཀྱི་ཚེ་སྨད་ཀྱི་ནུས་པ་འདོན་གྱི་ཡོད་པ་རེད།
           དབུལ་ཕོངས་ཁྱིམ་ཚང་དུ་སྐྱེས་པའི་ངག་དབང་བཀྲ་ཤིས་ཀྱིས་བོད་རྙིང་པའི་དཀའ་སྡུག་གི་ལོ་ཟླ་གསལ་པོར་རྟོགས་ཀྱི་ཡོད་ཅིང་། དེར་བརྟེན། བཅིངས་འགྲོལ་དམག་དམག་མི་བསྡུ་རུ་ཡོང་དུས། ཁོས་བློ་ཐག་རྦད་ཆོད་ངང་གྲོང་ཚོའི་ནང་གི་ལག་སྐྱོར་འདྲུད་འཁོར་གཅིག་པུ་སྐོར་ནས་དམག་བསྡུའི་ས་ཁུལ་དུ་སོང་པ་རེད།
           “ང་དམག་ཁོངས་ལ་ཞུགས་རྗེས། བཅིངས་འགྲོལ་དམག་མི་དང་སྡོངས་ནས་བོད་ཀྱི་ས་ཆ་མང་ཆེ་བར་ཕྱིན་པ་ཡིན་ལ། དམངས་གཙོ་བཅོས་བསྒྱུར་མ་བྱས་གོང་གི་བོད་ལྗོངས་ནི་དུས་ཡུན་རིང་པོར་ཆོས་སྲིད་ཟུང་འབྲེལ་དང་། གྲྭ་བཙུན་དང་སྐུ་དྲག་གིས་སྲིད་དབང་སྒེར་འཛིན་བྱེད་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས། ཞིང་བྲན་རྣམས་ཀྱིས་ཟས་ཀྱིས་ཕོ་བ་མི་རྒྱགས་ཤིང་གོས་ཀྱིས་རྒྱབ་མི་ཁེངབས་པར་རྟ་ཟོག་ལས་སྡུག་པའི་མུན་ནག་གི་འཚོ་བ་སྐྱེལ་པ་དངོས་སུ་མཐོང་མྱོང་ཡོད”སྐབས་དེ་དུས་ཀྱིས་ལོ་ཟླར་ཕྱི་མིག་ཅིག་བལྟས་ན། ངག་དབང་བཀྲ་ཤིས་ལ་སེམས་ཚོར་ཟབ་མོ་ཡོད་དེ། “བོད་ལ་དུས་རབས་ཕྱེད་ལྷག་ཙམ་རིང་གནམ་ས་བླ་འོག་སྒྱུར་པ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། ཕན་པ་ཆེ་ཤོས་ཐོབ་མཁན་ནི་ཞིང་འབྲོག་མང་ཚོགས་ཡིན་པས་ན། རྒྱ་ཆེའི་མང་ཚོགས་ལ་ཕན་ཁེ་དེ་ཉིད་གང་ནས་བྱུང་པ་དང་གང་ཞིག་ལ་དྲིན་ལན་འཇལ་དགོས་པ་ཤེས་སུ་འཇུག་དགོས་ཤིང་། འབྱུང་དཀའ་བའི་བདེ་སྐྱིད་ཀྱི་འཚོ་བ་འདི་ཉིད་གཅེས་འཛིན་བྱེད་དགོས”ཞེས་བརྗོད་བྱུང་།
           ཁོས་རང་ཉིད་དམག་མི་ཡིན་དུས་ཀྱི་མཐོང་ཐོས་ནི་བོད་གསར་རྙིང་གཤིབ་བསྡུར་བྱེད་པ་དང་། དཀའ་སྡུག་ལ་རྗེས་དྲན་དང་བདེ་སྐྱིད་ལོངས་སྤྱོད་བྱེད་པའི་ནང་དོན་གལ་ཆེན་དུ་ངོས་བཟུང་ནས་ལྷན་རྒྱས་ཡོངས་ལ་ཡུལ་དངོས་ནས་གནས་ལུགས་འཆད་པ་མ་ཟད། མིག་སྔའི་རྒྱལ་ཁབ་ཕྱི་ནང་གི་སྐབས་དོན་གྱི་གླེང་མང་བའི་དོན་དངོས་ཆེད་དཔེས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་པ། “ཁ་འབྲལ་ཐབས་མེད་པ་གསུམ་” གྱི་བསམ་བློ་བརྟན་པོ་འཛུགས་པ་། དར་ཆ་གསལ་སྟོན་གྱིས་ཁ་བྲལ་ལ་ངོ་རྒོལ་བྱེད་པར་སློབ་གསོ་གཏོང་པ་་མ་ཟད། ཡུལ་བབ་དང་བསྟུན་པ་དང་མིའི་བབ་དང་བསྟུན་ནས་སློབ་ཁྲིད་བྱེད་པའི་ལམ་ནས་སློབ་ཁྲིད་ཀྱི་ཐབས་ཤེས་ལེགས་ཤོས་འཚོལ་ཞིབ་བྱས་ཏེ་ཧུར་ཐག་སྒོས་དྲིལ་བསྒྲགས་ཀྱི་ཕན་འབྲས་ཡག་ཤོས་ཟིན་པར་བརྩོན་ལེན་བྱེད་ཀྱི་ཡོད་པ་རེད།
           “ཞིང་འབྲོག་མང་ཚོགས་ཀྱིས་གོ་སླ་ལ་ཉན་འདོད་པའི་རིགས་འཆད་པ་ཡིན་ན་ད་གཟོད་སྒྲོག་འགྲེལ་ལ་གཞི་ནས་ཕན་འབྲས་ཡག་པོ་ལོན་པ་རེད”ཅེས་ངག་དབང་བཀྲ་ཤིས་ཀྱིས་སྔོན་ཆད་ཚགས་ཤོག་ཀློག་པ་དང་ཡིག་ཆ་ཀློག་པའི་རྣམ་པས་སྒྲོག་འགྲེལ་གནང་པ་ཡིན་ལ། མང་པོ་ཞིག་ནི་ཕྱིའི་རྣམ་པ་ཙམ་ལས་མང་ཚོགས་ཀྱིས་ཧ་གོ་ཡི་མི་འདུག་ལ་ཉན་འདོད་ཀྱང་ཡོད་པ་མ་རེད་ཟེར། ཁོས་རང་ངོས་ནས་མཛོ་སྒང་གི་ས་གནས་དེ་གའི་ཡུལ་སྐད་ཁ་ཤས་རྟོགས་པའི་ལེགས་ཆ་བརྒྱུད། བསྒྲགས་བཤད་ནང་དོན་དང་རྣམ་པ་རྒྱུན་ཆད་མེད་པར་གསར་གཏོད་གནང་ཞིང་། ཁོས་བབ་ཆགས་པའི་སྐད་ཆས་རྟག་ཏུ་གཞན་ལ་མྱོང་ཚོར་ཟབ་མོ་སྤྲོད་པ་རེད།
           " ཆུང་དུས་སུ་ངེད་ཚང་གིས་ས་བདག་གིས་བགོས་པའི་ས་ཞིང་ལ་བརྟེན་ནས་འཚོ་བ་རོལ་གྱི་ཡོད་ལ། ལོ་ལྟར་ཁྲལ་ཧ་ཅང་ལྕི་མོ་འཇལ་དགོས་ཤིང་། ཟ་རྒྱུ་ནི་ཕྱུགས་རིགས་ཀྱི་གཟན་ཆས་ཉིད་ཡིན་ལ། སྐབས་འགར་ཐ་ན་དེ་ཡང་ཟ་ཐུབ་ཀྱི་མེད་པས། སྤྱི་ཚོགས་རྙིང་པའི་འཚོ་བ་ནི་དངོས་གནས་ཟོག་ལུག་ལའང་མི་དོ་བ་རེད”
           “བོད་རྙིང་པར་ཆེས་དམའ་རིམ་གྱི་ཞིང་བྲན་ཡིན་པའི་ཆ་ནས།ང་ཚོ་སྡོད་ས་ནི་སྲིབ་འཁྱག་ནང་གི་སྤྱིལ་ཁང་ཡིན་ལ། འཁྱགས་ནས་ཤི་བ་དང་ལྟོགས་ནས་ཤི་བ་ནི་རྒྱུན་ལྡན་གྱི་དོན་དག་ཅིག་རེད།”
           “ངག་དབང་བཀྲ་ཤིས་ཀྱིས་ང་ཚོར་བཤད་པ་ཧ་ཅང་གསལ་པོ་ཡིན་ཏེ། སུ་ནི་ང་ཚོའི་གཅེན་གཅུང་མིང་སྲིང་ལྟ་བུ་ཡིན་པ་དང་། སུ་ང་ཚོའི་དགྲ་བོ་ཡིན་པ་ང་ཚོས་སེམས་སུ་ལས་ཀྱང་གསལ་པོ་ཡོད་ཕྱིན། ང་ཚོ་གཏན་ནས་ཤ་ཉེ་བ་དག་སྡུག་ཏུ་མི་འཇུག་པ་དང་ཞེ་འཁོན་ཅན་དག་སྐྱིད་དུ་འཇུག་མི་སྲིད།”
           དེང་སྐབས་སྔོན་ཆད་དྲན་པ་དང་ཆུ་འཐུང་ན་ཆུ་མགོ་དྲན་པའི་དཔེ་ལྟར།  ངག་དབང་བཀྲ་ཤིས་ཀྱི་སྒྲོག་འགྲེལ་སྣེ་ཁྲིད་འོག་ཞིང་འབྲོག་མང་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ལ་སྔར་བས་བརྩེ་བས་ཁེངས་ནས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་པོར་གྱུར་ཡོད་པ་རེད།