ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

“2018ལོའི་དིང་ཧྲི100་ཅན་གྱི་རིམ་འདས་བྱེས་བགྲོད་མཁས་ཅན་གྱི་འགྲན་བསྡུར”སི་ཁྲོན་རྟའུ་རུ་འགོ་བརྩམས་པ།

སྤེལ་དུས 2018-07-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ7པའི་ཚེས15ཉིན་གྱི་ཐོ་རེངས་ཆུ་ཚོད་གསུམ་པར། “2018ལོའི་དིང་ཧྲི100་ཅན་གྱི་རིམ་འདས་བྱེས་བགྲོད་མཁས་ཅན་གྱི་འགྲན་བསྡུར•གངས་དཀར་བཞག་བྲ”ཞེས་པ་དེ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་བ་སྨད་གྲོང་རྡལ་དུ་འགོ་ཚུགས་ཤིང་། རྒྱལ་ཁབ་དང་ས་ཁུལ་ཁག13ནས་ཐོན་པའི་བྱེས་བགྲོད་ལ་དགའ་པོ་བྱེད་མཁན200ལྷག་ཙམ་གྱིས་ཁྲོན་ནུབ་ས་མཐོའི་ལུས་རྩལ་གྱི་འགྲུལ་བཞུད་མགོ་བརྩམས་སོང་། བདམས་ཐོན་པ་ཚོས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྤྱིའི་འཕྲད་སྨི་1300ལྷག་ཙམ་འཕར་བ་དང་དུས་ཡུན་ཆེས་རིང་བ་དུས་ཚོད30ལྷག་གི་འགྲན་སློང་ལ་གདོང་གཏད་པར་མ་ཟད། འདིར་བརྟེན་ནས“ང་རང་གནམ་སའི་བདག་པོ་བྱས་ཏེ། འཇིག་རྟེན་ལ་མཚན་ཉིད་འཇོག”ཅེས་པའི་མྱུལ་དཔྱད་ཀྱི་སྙིང་སྟོབས་བརྒྱུད་བསྒྲགས་བྱས།

ས་མཐོར་བྱེས་བགྲོད་སྤེལ་ཏེ་ཐུན་མིན་གྱི་ཡུལ་ལྗོངས་ལ་རོལ་བ།
           བཞག་བྲ་གངས་རི་ནི་རྟའུ་རྫོང་བ་སྨད་ཁུལ་དུ་ཡོད་ཅིང་། རི་རྩེ་མཐོ་ཤོས་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5820ཡོད་པ་དང་། བོད་ཁུལ་དུ་“ཤམ་བྷ་ལ་གཉིས་པ”དང་“བོད་ཁུལ་གྱི་གནས་རི་ཆེན་པོ་བཅུ”ཞེས་པའི་མཚན་སྙན་ཐོབ་ཡོད།
           འགྲན་དོན་སྒྲིག་འཛུགས་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་གྱི་འགྲན་ལམ་དུ་གཞུང་ལམ་དང་། ན་སྤང་། སྐོར་ལམ། ཆུ་དང་འབྲེལ་བ་ཡོད་པའི་ལམ་དང་། ས་རྡོའི་ལམ། གྱེན་ལམ་སོགས་ཚུད་པའི་ཧ་ལམ་བྱེས་བགྲོད་ཡོད་ཚད་ཀྱི་རྒྱུག་ཤར་གྱི་ས་བབ་འདུས་པས། འགྲན་ཞུགས་པར་བྱེས་བགྲོད་འགྲན་སློང་བྱ་བའི་ལམ་དུ་རྒྱུག་ལམ་ཐུན་མོང་མ་ཡིན་པས་འཁྱེར་ཡོང་བའི་ཚོར་བ་མྱོང་དུ་བཅུག་པར་མ་ཟད། ཕྱོགས་བཞིའི་མཛེས་ལྗོངས་ཀྱང་རོལ་མྱོང་བྱེད་དུ་བཅུག་སྟེ། འགྲན་སྡུར་གྱི་གོ་རིམ་ཧྲིལ་བོར་རྔུལ་ཆུའི་ཐིགས་པ་ཁྲུམ་ཁྲུམ་དུ་བཞུར་ཞོར་དུ་མིག་གི་ལོངས་སྤྱོད་ཅིག་ཀྱང་ཁ་སྣོན་བྱས།
           ཐེངས་འདིའི་འགྲན་སྡུར་གྱི་འགྲན་ལམ་གཙོ་བོ་དེ་བ་སྨད་གྲོང་རྡལ་དང་། ཞི་བདེ་ཤང་དུ་ཡོད་ཅིང་། བདམས་ཐོན་པ་རྣམས་བ་སྨད་གྲོང་རྡལ་གྱི་འཕྲལ་སྡོམ་ཉེན་གཡོལ་ཐང་ཆེན་ནས་འགོ་ཚུགས་ཏེ་ལམ་བར་དུ་པདྨའི་གནས་མཆོག་དང་། བཞག་བྲ་གངས་རི་མཛེས་ལྗོངས་ལྟ་རོལ་སྟེགས་བུ་ས་ཚིགས། གཅེན་གཅུང་མཚོ་དང་། རི་ལང་གྲོག་རོང་། འབྲོག་ར4460 རི་བོ་ཤང་ཕུ། སྒེར་གཞིས་གྲོང་ཚོ་སོགས་བརྒྱུད་དེ་ཡང་བསྐྱར་འགོ་འཛུགས་སར་སླེབས་ཏེ་བསྐོར་ལམ་ཅན་གྱི་འགྲན་ལམ་ཞིག་གྲུབ་ཡོད། བརྒྱུད་རིམ་ཧྲིལ་པོར་སྤྱི་ལེ101ཡོད་པ་དང་། ཆེས་ཆེ་བ་དེ་ཆུ་ཚོད30ཡིན། འགྲན་སྡུར་ཁྲོད་དུ་བདམས་ཐོན་པ་ཚོས་དཔའ་ངར་ཆེར་སྐྱེད་ཀྱིས་འབད་འཐབ་བྱས་པའི་གཟུགས་བརྙན་ནི་གངས་རིའི་བར་དུ་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

           ཅང་སུའུ་ཁྲང་ཀྲོའུ་ནས་སྒེར་འཁོར་བཏང་ནས་ཡོང་བའི་སྐུ་ཞབས་ཝང་སོགས་མི་གསུམ་བ་སྨད་གྲོང་རྡལ་གྱི་མགྲོན་ཁང་ནང་དུ་བསྡད་རྗེས། དིང་ཧྲི100་ཅན་གྱི་རིམ་འདས་བྱེས་བགྲོད་མཁས་ཅན་གྱི་འགྲན་བསྡུར་གནས་འདིར་སྤེལ་བ་གོ་རྗེས། དེ་ནས་ས་གནས་ས་ཐོག་ཏུ་བསྡད་ནས་འགྲན་སྡུར་ལ་ལྟ་རྒྱུའི་སེམས་ཐག་བཅད་པར་མ་ཟད། པདྨ་གནས་མཆོག་གིCP2དེ་ལྟད་མོ་ལྟ་ས་བྱ་རྒྱུ་བྱས། ཝང་ལགས་ཀྱིས་ཁོ་ནི་ཐེངས་དང་པོར་རྟའུར་སླེབས་པ་ཡིན་པས། གནས་འདིའི་ཡོད་ཚད་གསར་བ་ཡིན་ཞེས་བཤད།
           གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེས་བགྲོད་མཁས་ཅན་གྱི་འགྲན་བསྡུར་གྱི་བྱ་དགའི་དངུལ་འབོར་སྒོར་ཁྲི46ཡིན་ཞིང་། འགྲན་ཞུགས་བདམས་ཐོན་པ་ཚང་མར“དཔའ་མི་ཞུམ་པའི་ཆུ་བྱ་མགོ་དམར”ཞེས་པའི་མཚན་སྙན་གནང་རྒྱུ་རེད། ཁོ་ཚོའི་མིང་ཡང་བཞག་བྲ་གངས་རིར་རྒྱང་ལྟ་བྱེད་པའི“སློབ་དཔོན་དིང་ཧྲིའི་ནགས་ཚལ”དུ་འཇུག་རྒྱུ་རེད།

ས་མཐོའི་བྱེས་བགྲོད་དེ། གྲོང་གསེབ་ཡུལ་སྐོར་གྱི་ཐབས་ལམ་གསར་པ་ཕྱེས་པ།
           ཀྲེ་ཅང་དབུན་ཀྲོའུ་ནས་ཡོང་བའི་འགྲན་ཞུགས་བདམས་ཐོན་པ་ཧན་ཞུས་ཡུང་ནི་ཐེངས་དང་པོར་ས་བབ་མཐོ་བའི་བྱེས་བགྲོད་འགྲན་བསྡུར་ནང་ཞུགས་པ་ཡིན་ཞིང་། ཁོས་ཐེངས་འདིའི་གནམ་གྲུའི་ནང་མར་བབས་པ་ནས་བཟུང་བའི་ལམ་གྱི་མྱོང་ཚོར་ཚང་མ་ཧ་ཅང་བཟང་། བ་སྨད་ནི་ས་མཐོའི་སྤང་ལྗོངས་ཀྱི་གནམ་གཤིས་སུ་གཏོགས་ཤིང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ཡས་མས་ཡིན་པས་སྔོ་ཁེབས་ཡག་པོ་ཡོད་པ་དང་། གསོ་རླུང་ཡང་ཧ་ཅང་འདང་ངེས་ཡོད། གནམ་དྭངས་དུས་མི་རྣམས་ཀྱི་སྣང་བ་སྐྱིད་པོ་བྱུང་གི་ཡོད། འགྲན་བསྡུར་གྱི་མཇུག་འབྲས་དང་བསྡུར་ན། ཁོས་འགྲན་བསྡུར་ལ་ཞུགས་པའི་མྱོང་བར་དེ་བས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད།
           གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། CPས་ཚིགས་ཚང་མར་མྱུར་མཁོའི་སྨན་རྫས་དང་། བཟའ་བཅའ། འཐུང་ཆུ། ངལ་གསོ་ཁུལ་སོགས་འདང་ངེས་མཁོ་སྤྲོད་བྱེད་ཀྱི་ཡོད་པར་མ་ཟད། ཆེད་ལས་སྨན་བཅོས་རུ་ཁག་གིས་བཀའ་སྒུག་ནས་བསྡད་དེ་ཚ་བའི་ཟས་རིགས་འདང་ངེས་གསབ་སྤྲོད་བྱེད་ཀྱི་ཡོད། འགྲན་བསྡུར་ནང་ཞུགས་མཁན་བདམས་ཐོན་པ་མི་རེར་བདེ་འཇགས་འགན་ལེན་དང་རྒྱབ་སྐྱོར་མ་ལག་བཀོད་སྒྲིག་བྱས་ཏེ་ཞབས་ཞུའི་འགན་སྲུང་འཐུས་ཚང་དང་ཞིབ་ཚགས་ཀྱིས་འགྲན་སྡུར་གྱི་བརྒྱུད་རིམ་ཧྲིལ་པོར་རམ་འདེགས་བྱས་ཏེ། འགྲན་ཞུགས་པ་ཡོངས་བདེ་འཇགས་ངང་འགྲན་བསྡུར་ནང་ཞུགས་ཐུབ་པར་བཅུག

           གསར་འགོད་པས་རྟའུ་རྫོང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཚེས12ཉིན་དང་ཚེས13ཉིན་གཉིས་ཀྱི་རིང་། རྟའུ་རུ་ཡུལ་སྐོར་བ་མི་ཐེངས་ཁྲི1.2་ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི1184ལྷག་མངོན་འགྱུར་བྱུང་། ད་ཐེངས་ཀྱི་བྱེས་བགྲོད་འགྲན་བསྡུར་དེ“ཡུལ་སྐོར་དང་ལུས་རྩལ”ཟུང་འབྲེལ་བྱས་ཏེ་གསར་འགྱུར་འགྲེམས་བསྒྲགས་དང་། ཐད་གཏོང་སོགས་ཀྱི་རྣམ་པ་བརྒྱུད་དེ་ཟམ་མ་ཆད་པར་བཞག་བྲ་གངས་རིའི་མཛེས་ལྗོངས་ཁུལ་གྱི་མཚན་སྙན་གྲགས་དང་། བསྟོད་བསྔགས་བྱེད་ཚར་ཇེ་མཐོར་བཏང་སྟེ། བཞག་བྲ་གངས་རིའི་དམིགས་བསལ་གྱི་རང་བྱུང་མཛེས་ལྗོངས་དང་སྤྲོ་སེམས་རབ་ཏུ་རྒྱས་པའི་ཕྱི་རོལ་ལུས་རྩལ་གྱི་རྣམ་གྲངས་དེ་གཉིས་ཟུང་དུ་སྦྲེལ་བར་བཅུག
           མིག་སྔར། བཞག་བྲ་གངས་རི་དང་། མུའུ་ཁྲིའི་དཔྱིད་འདེབས་པད་ཁ་དང་། མགར་ཐར་དགོན་པ། བ་སྨད་རྡོ་ནག་སྤྱི་གླིང་སོགས་ཀྱིས་རང་བྱུང་སྐྱེ་ཁམས་ཀྱི་ཡུལ་སྐོར་དང་ཆོས་ལུགས་རིག་གནས་མཛེས་ལྗོངས་ཁུལ་གཞི་གཅིག་ཏུ་གྲུབ་པར་མ་ཟད། ཤེལ་སྡེ་རྟ་རྒྱུག་དུས་ཆེན་དང་། སྐབས་གཉིས་པའི་པད་ཁའི་མེ་ཏོག་དུས་ཆེན་སོགས་ཀྱི་འགྲན་བསྡུར་གྱི་བྱེད་སྒོར་དམིགས་ཏེ། རྟའུའི་ཡུལ་སྐོར་ཐོན་ཁུངས་དེ་གྲོང་གསེབ་དར་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་དུ་བསྒྱུར་ཏེ་རིག་གནས་ཡུལ་སྐོར་དང་ལུས་རྩལ་ལྗོངས་རྒྱུ་ནི་དམངས་ཕྱུག་འབབ་འཕར་གྱི་ཐབས་ལམ་ཞིག་ཏུ་གྱུར།