ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གནས་ཚུལ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམ་སྤེལ་བྱས།

སྤེལ་དུས 2018-07-19 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཚེས18ཉིན《མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གནས་ཚུལ》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་འགྲེམ་སྤེལ་བྱས་པ་རེད།
           རྒྱབ་ཤ་དཀར་པོའི་དེབ་ནང་། མཚོ་བོད་མཐོ་སྒང་ཀྲུང་གོའི་ལྷོ་ནུབ་སུ་གནས་ཡོད་པ་དང་། བོད་ལྗོངས་དང་མཚོ་སྔོན་ཞིང་ལྗོངས་གཉིས་ཚུད་པ་དང་། ཟི་ཁྲོན་དང་། ཡུན་ནན། ཀན་སུའུ། ཞིན་ཅང་སོགས་ཞིང་ལྗོངས་བཞིའི་ས་ཁུལ་ཁག་གཅིག་ཀྱང་ཚུད་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི260ཡོད་པ། ས་ཁུལ་མང་ཆེ་བའི་ས་འབབ་མཐོ་ཚད་སྨི4000ལས་འགལ་ཡོད། མཚོ་བོད་མགོ་སྒང་ལ“འཛམ་གླིང་ཡང་རྩེ”ཞེས་པ་དང་། “གོ་ལ་ཡོངས་ཀྱི་སྣེ་གསུམ་པ”ཞེས་པ། དེ་བཞིན“ཨེ་ཤེ་ཡའི་ཆུ་མཛོད”ཞེས་འབོད་བཞིན་ཡོད་ཅིང་། དེ་ནི་རི་སྐྱེས་སྲོག་ཆགས་རྩ་ཆེན་ཀྱི་རང་བྱུང་གནས་ས་ཞིག་དང་མཐོ་སྒང་གི་དངོས་རིགས་ཀྱི་གཞི་རྒྱུའི་མཛོད་ཡིན་པར་མ་ཟད། ཀྲུང་གོ་དང་ཐ་ན་ཨེ་ཤེ་ཡའི་གཙོ་གནད་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཞིག་ཀྱང་ཡིན་པ་དང་། ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གཙོ་གནད་ས་ཁུལ་ཡང་ཡིན་ཞེས་བསྟན་ཡོད།
           རྒྱབ་ཤ་དཀར་པོའི་དེབ་ནང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱིས་ས་མཐོའི་རྒྱུན་མཐུད་འཕེལ་རྒྱས་དང་། ཀྲུང་གོ་དང་གོ་ལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཧ་ཅང་གལ་འགངས་ཆེ་བའི་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ཐད་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ལ་བརྩི་བཞིན་ཡོད། མིག་སྔར། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་རིམ་བཞིན་འཐུས་སྒོ་ཇེ་ཚང་རུ་འགྲོ་བཞིན་ཡོད་པ་དང་། སྐྱེ་ཁམས་སྲུང་སྐྱོང་ཐད་ཀྱི་ཕན་འབྲས་མངོན་གསལ་དོད་པ། ཁོར་ཡུག་སྤུས་ཚད་བརྟན་ཅིང་ལེགས་པ། སྔོ་ལྗང་ཐོན་ལས་བརྟན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བ། ཚན་རྩལ་འདེགས་སྐྱོར་མ་ལག་གཞི་རྩའི་ཆ་ནས་སྐྲུན་པ་དང་། སྐྱེ་ཁམས་རིག་གནས་རིམ་བཞིན་ཆགས་པས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་ནུས་པ་ཐོན་བཞིན་ཡོད་ཅེས་བསྟན་ཡོད།
           རྒྱབ་ཤ་དཀར་པོའི་དེབ་ནང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་སྔར་བཞིན་འགྲན་རྩོད་མང་པོ་ཞིག་འཕྲད་ཡོད་ཅིང་། དེའི་ནང་ནས་འབུར་དུ་ཐོན་པ་དེ་ནི། གོ་ལ་ཡོངས་ཀྱི་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་པའི་འོག་འཁྱགས་རོམ་ཆུང་དུ་འགྲོ་བ་དང་། འཁྱགས་ས་བཞུར་བ། རང་བྱུང་གནོད་འཚེའི་ཉེན་ཁ་ཆེ་རུ་སོང་བ་བཅས་ཀྱི་ཉེན་ཁ་སྔར་བཞིན་་གནས་ཡོད་པ། དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འགལ་ཟླ་སྔར་བཞིན་མངོན་གསལ་དོད་པོ་ཡོད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཕན་འབྲས་སྲ་བརྟན་དང་མཐོ་རུ་བཏང་བས་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡོད་ཅེས་བསྟན་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་། དུས་རབས་གསར་པའི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་པའི་ནང་དོན་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོའི་མི་དམངས་ཚོར་དེ་བས་མཛེས་སྡུག་ལྡན་པའི་མཚོ་བོད་མཐོ་སྒང་འཛུགས་སྐྲུན་བྱས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་སེམས་ཤུགས་ཆེན་པོ་ཡོད་ཅེས་བསྟན་ཡོད་པ་རེད།