ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་ཀྱིས་བོད་ཕག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

སྤེལ་དུས 2018-07-20 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། པ་ཕན་གྱིས་བསྒྱུར།
2020ལོར་སླེབས་སྐབས་གསོ་ཚགས་ཀྱི་གཞི་ཁྱོན་ཕག་པ་མགོ་གྲངས་ཁྲི་100ཟིན་པ་བྱ་རྒྱུ་ཡིན་པ།

འདི་ནི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་འབྲུག་ལ་ཤང་གི་རྒྱལ་ཁབ་རིམ་པའི་བོད་ཕག་རྒྱུད་པ་སྲུང་སྐྱོང་ཁུལ་ཡིན་པ།
          ཚེས་18ཉིན། གསར་འགོད་པས་བོད་ལྗོངས་བོད་ཕག་ཐོན་ལས་འཕེལ་རྒྱས་ཀྱི་ལྟ་སྐོར་རྟོག་ཞིབ་བྱེད་སྒོ་སྤེལ་ཡུལ་ནས་ཤེས་རྟོགས་བྱས་པར། ད་ཕན་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་རྨང་གཞིའི་ཐོག་དབུལ་སྒྲོལ་འགག་སྒྲོལ་དང་ཟུང་འབྲེལ་བྱས་ཏེ། བོད་ཕག་ཐོན་ལས་དེ་བོད་ལྗོངས་ཀྱི་ས་མཐོའི་ཁྱད་ལྡན་གཙོ་གནད་ཐོན་ལས་ཆེན་པོ་བདུན་གྱི་གྲས་སུ་བཞག་ནས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་མཐོ་ས་ནས་སྐུལ་འདེད་ནུས་ལྡན་བཏང་བས་བོད་ཕག་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བྱུང་བ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་སྐས་རིམ་གསར་པ་ཞིག་ལ་སླེབས་ཡོད།
          ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་འབྲུག་ལ་ཤང་དུ་ཡོད་པའི་རྒྱལ་ཁབ་རིམ་པའི་བོད་ཕག་སྲུང་སྐྱོང་ཁུལ་དུ་བོད་ལྗོངས་ཨའོ་ཡེ་བོད་ཕག་གསར་སྤེལ་ཚད་ཡོད་ཀུང་སིའི་ཙུང་ཚའེ་སྐལ་བཟང་རྡོ་རྗེས་རང་སྐྱོང་ལྗོངས་དང་།
          གྲོང་ཁྱེར། རྫོང་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་མིག་སྔར‘སྣེ་འདྲེན་ཁེ་ལས+མཉམ་ལས་ཁང+རྟེན་གཞི+ཞིང་དུད’བཅས་ཀྱི་ཐོན་ལས་འཕེལ་རྒྱས་དང་དབུལ་སྐྱོར་གསར་སྤེལ་གྱི་བྱེད་ཐབས་སྤྱད་པར་བརྟེན། ཀུང་སི་ཉིན་རེ་བཞིན་འཕེལ་རྒྱས་བྱུང་བ་དང་། མང་ཚོགས་ཕྱུག་འགྱུར་ཐད་ལའང་ཐོན་ལས་ཀྱི་འདེགས་སྐྱོར་ནུས་པ་ཐོན་ཡོད་ཅེས་བཤད།
          འབྲུག་ལ་ཤང་གིས་དབུལ་སྐྱོར་ཆེད་དོན་མ་དངུལ་སྒོར་ཁྲི་200བཏང་བ་དང་ཞིང་དུད་49ཡི་མང་ཚོགས་167གྱིས་མོ་ཕག་མཁོ་འདོན་གྱི་ཐབས་ལམ་ལ་བརྟེན་ནས་མ་རྐང་བགོ་བཤར་ཞུགས་ཤིང་། སླད་ཕྱིན་གྱི་ལོ་20ཡི་རིང་མི་རེར་ལོ་རེར་ཡོང་འབབ་སྒོར་1000ཡན་འཕར་རྒྱུ་ཡིན་པ་རེད།
          བོད་ཕག་ནི་ས་མཐོའི་ཁོར་ཡུག་ཏུ་ཡུན་རིང་རྒྱུད་པ་ལེགས་བཅོས་དང་འདུལ་གསོ་བྱས་པའི་ཕག་པའི་རྒྱུད་པ་ཞིག་ཡིན་ལ། བོད་ཀྱིས་ལྗང་མདོག་བཟའ་བཅའ་གསར་སྤེལ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བའི་དངོས་པོའི་ཐོན་ཁུངས་གལ་ཆེན་ཞིག་ཀྱང་རེད།
          ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་ལྗང་མདོག་སྤུས་ལེགས་ཀྱི་ཞིང་ཞོར་ཐོན་ཟོག་མཁོ་སྤྲོད་ལ་ཤུགས་སྣོན་རྒྱག་པ་མངོན་གསལ་དོད་པའི་གནས་བབ་ལ་བཞག་ནས་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་མ་ལག་གི་སྤུས་ཚད་དང་ཕན་འབྲས་གཙོ་རྒོལ་གྱི་ཁ་ཕྱོགས་སུ་བཞག་པ་དང་བོད་ཕག་ཐོན་ལས་འཕེལ་རྒྱས་གཏོང་བ་བོད་ལྗོངས་ཀྱི་ཞིང་འབྲོག་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ལ་བརྩིས་ནས་འཆར་འགོད་བཟོས་པ་དང་། ཆེད་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ། ཇུས་འགོད་གཏིང་ཟབ། སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་པར་བརྟེན། བོད་ཕག་ཐོན་ལས་ཀྱི་བཀོད་པ་རྩ་བའི་ཆ་ནས་གྲུབ་པ་དང་ཐོན་སྐྱེད་བྱེད་ཐབས་མགྱོགས་པོ་བསྒྱུར་ནས་གཉེར་སྐྱོང་བྱེད་པོ་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཡོད། མིག་སྔར་ལྗོངས་ཡོངས་སུ་གཞི་ཁྱོན་ཡན་གྱི་ཁེ་ལས་9དང་། གསོ་ཚགས་མཉམ་ལས་ཁང་73 གསོ་ཚགས་དུད་ཚང་350བཅས་ནང་འདྲེན་དང་སྐྱེད་སྲིང་བྱས་ཡོད། འདི་ལོའི་ཟླ་3པར་ང་ཚོས་བོད་ཕག་གསོ་ཚགས་མཉམ་ལས་ཁང་བཙུགས་ནས་འགན་ལེན་ལྔའི་དུད་ཚང་དང་། མ་མཐའི་འཚོ་བའི་འགན་ལེན་དུད་ཚང་། དུད་ཚང་དབུལ་པོ་བཅས་ཚུད་པའི་དུད་ཚང་38དེའི་ནང་བསྡུས་ཡོད། སྔོན་རྩིས་བྱས་ན་ལོའི་དཔལ་འབྱོར་ཕན་འབྲས་སྒོར་ཁྲི་100ཡན་ཟིན་རྒྱུ་དང་། དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.5རག་སྲིད་ཅེས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་སྐོར་རོགས་གྲོང་ཚོའི་གྲོང་མི་བཀྲ་ཤིས་ཕུན་ཚོགས་ཀྱིས་བོད་ཕག་ཐོན་ལས་ལ་ཡིད་ཆེས་དང་རེ་སྒུག་ཆེན་པོ་བྱེད་བཞིན་དེ་ལྟར་བཤད་བྱུང་། མིག་སྔར་མཉམ་ལས་ཁང་དེས་མ་དངུལ་སྒོར་ཁྲི་410བཏང་བ་དང་ད་ལྟ་བོད་ཕག་མགོ་གྲངས་350ཡོད་ལ་སྒྲིག་ཆས་འཐུས་སྒོ་ཚང་དུ་བཏང་ནས་བོད་ཕག་མགོ་གྲངས་2000གསོ་ཚགས་བྱེད་རྩིས་ཡོད་པ་རེད།
          རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གི་ཐིང་ཀྲང་ཏུའུ་ཅེས་གོམ་སྟབས་རྗེས་མར་ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱས་ཏེ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱེད་པའི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། བོད་ཕག་ཐོན་ལས་འཕེལ་རྒྱས་ཀྱི་འགོ་ཁྲིད་ཚོགས་ཆུང་གི་འགན་འཁྲི་ཡག་པོ་བསྒྲུབས་ནས་2020ལོར་སླེབས་སྐབས་བོད་ཕག་མགོ་གྲངས་ཁྲི་100ཟིན་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་གསོ་ཚགས་དང་། གཉེར་སྐྱོང་། མ་རྩ་མཉམ་འདྲེས། བྲིན་ཚོང་སོགས་ཀྱི་ཐབས་ལམ་གསར་གཏོད་བྱས་ཏེ“གསོ་ཚགས་གཞི་ཁྱོན་ཅན་དང་། ཐོན་སྐྱེད་ཚད་ལྡན་ཅན། ལས་སྣོན་ཐོན་ལས་ཅན། སྤུས་རྟགས་ས་ཁོངས་ཅན”བཅས་ཀྱི་ཁྱད་ལྡན་བཀྲག་མདངས་འཚེར་ས་གྲུབ་པར་བྱས་ནས་ཞིང་འབྲོག་ལས་སྤུས་འཕར་ཕན་འཕར་དང་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།