ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

རྟ་རྩལ་འཁྲབ་སྟོན་གྱིས་ལྷ་སའི་ཞོ་སྟོན་སྔར་བས་འཁྲུག་ཆ་དོད་པར་གྱུར།

སྤེལ་དུས 2018-08-14 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། བསོད་ནམས་དབང་འདུས།
འདི་ནི་རྟ་རྩལ་འཁྲབ་སྟོན་གྱི་བྱེད་སྒོའི་ཡུལ་དངོས་ཡིན་པ།
           ཟླ་8ཚེས་13ཉིན་2018ལོའི་ཀྲུང་གོ་ལྷ་སའི་ཞོ་སྟོན་རྟ་རྩལ་འཁྲབ་སྟོན་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཀྱི་བྱེད་སྒོ་ལྷ་སའི་རྟ་རྒྱུག་ཐང་དུ་སྤེལ་བ་རེད། མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་ནི་ལྷ་ས་གྲོང་ཁྱེར་དུ་སྤེལ་བའི་ཆེས་དུས་ཡུན་རིང་བ་དང་།  ཆེས་རྒྱ་ཁྱབ། ཆེས་མི་དམངས་ཚོས་དགའ་པོ་བྱེད་པའི་མང་ཚོགས་རང་བཞིན་གྱི་ལུས་རྩལ་བྱེད་སྒོ་ཞིག་རེད།
འདི་ནི་རྟ་རྩལ་པ་ཚོས་རྟ་ཐོག་གི་བྲོ་གར་ཞེས་པའི་རང་ལྗོངས་ཀྱི་ས་གནས་དང་གྲོང་ཁྱེར་ཁག་གི་གླུ་གར་དང་གྱོན་ཆས་ཀྱི་ཁྱད་ཆོས་རྣམས་རྟ་ཐོག་གི་བྲོ་གར་ནས་མངོན་པར་བྱེད་བཞིན་པ།
           གསར་འགོད་པས་ཤེས་རྟོགས་བྱུང་བར། ན་ནིང་གི་ཞོ་སྟོན་དུ་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་བྱེད་སྒོ་སླར་གསོ་བྱས་པས་རྒྱ་ཆེའི་གྲོང་མི་རྣམས་དང་ཡུལ་སྐོར་བ་ཚོའི་ཚད་མཐོའི་དགའ་བསུ་ཐོབ་ཡོད། ད་ལོའི་ཞོ་སྟོན་དུའང་ན་ནིང་གི་རྟ་རྩལ་འཁྲབ་སྟོན་སོགས་ཀྱི་རྨང་གཞིའི་སྟེང་དུ་འབྲི་གཡག་གི་འགྲན་བསྡུར་ལེ་ཚན་དང་། མི་རིགས་ཀྱི་སྲོལ་རྒྱུན་སྒྲ་ལྡན་མདའ་མོ་འགྲེམ་སྟོན། རྟ་རྩལ་འགྲན་བསྡུར་སོགས་མི་རྣམས་ཀྱིས་དགའ་པོ་བྱེད་པའི་རྣམ་གྲངས་ཁག་གསར་སྣོན་བྱས་ནས། རྟ་རྩལ་འཁྲབ་སྟོན་གྱི་ལེ་ཚན་ཕུན་སུམ་ཇེ་ཚོགས་དང་རྒྱ་ཆེའི་གྲོང་མི་མང་ཚོགས་དང་ཡུལ་སྐོར་བ་ཚོའི་དུས་ཆེན་རིང་གི་རིག་གནས་འཚོ་བ་གྲ་རྒྱས་ཇེ་ཚོགས་སུ་བཏང་ཡོད། དེས་མ་ཟད་ད་ལོའི་རྟ་རྩལ་འཁྲབ་སྟོན་གྱི་བྱེད་སྒོར་ལྷ་ས་དང་། ལྷོ་ཁ། ནག་ཆུ་སོགས་ཀྱི་རྟ་རྩལ་མཁས་པ་མི་གྲངས་30གདན་ཞུ་བྱས་ནས་གཟིགས་མོ་བ་ཚོར་རིགས་10ལྷག་གི་རྟ་རྩལ་འཁྲབ་སྟོན་བྱས་ཡོད།
རྟ་རྩལ་འཁྲབ་སྟོན་ལ་གཟིགས་མོ་བ་མང་པོ་ཕེབས་ཡོད།
           ད་ལོའི་ཞོ་སྟོན་གྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་གྱི་བརྗོད་བྱ་གཙོ་བོ་ནི“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཧུར་ཐག་བྱེད”ཅེས་པ་དེ་ཡིན་ཞིང་། ད་ལོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་ལག་ལེན་དོན་འཁྱོལ་བྱེད་པའི་ལོ་ཞིག་ཡིན། ད་ཐེངས་ཀྱི་རྟ་རྩལ་འཁྲབ་སྟོན་བྱེད་སྒོས་མང་ཚོགས་ཚོའི་ལུས་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་དང་། མི་དམངས་མང་ཚོགས་ཚོའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད།
འདི་ནི་མི་རྐྱང་རྟ་རྐྱང་གི་རྣམ་གྲངས་འཁྲབ་སྟོན་བྱེད་བཞིན་པ།
འདི་ནི་ད་ཐེངས་ཀྱི་བྱེད་སྒོའི་ཐོག་ས་གནས་གྲོང་ཁྱེར་ཁག་ནས་ཡོང་བའི་འགྲན་ཞུགས་པ་ཚོས་རྨི་3000གྱི་འགྲན་བསྡུར་ནང་བྱ་དགའ་ཨང་དང་པོ་ནས་ལྔ་པ་བར་གྱི་འགྲན་ཞུགས་པ་ཡིན་པ།