ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ལྷ་སའི་ཞོ་སྟོན་གྱི་ཉིན་གཉིས་པ། ལྷ་སའི་མི་དམངས་ཀྱིས་ལོ་ལེགས་གཉིས་བྱུང་བར་དགའ་སྤྲོས་ཁེངས།

སྤེལ་དུས 2018-08-15 ཡོང་ཁུངས། ཀྲུང་གོ་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།

རི་མོ་འདི་ནི2018ལོའི་ལྷ་སའི་ཞོ་སྟོན་ནོར་བུ་གླིང་ཁའི་ལྷ་མོ་འཁྲབ་སྟོན་གྱི་ཡུལ་དངོས་རེད། 
          ཀྲུང་གོ་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ཟླ8པའི་ཚེས12ཉིན། 2018ལོའི་ལྷ་སའི་ཞོ་སྟོན་གྱི་ཚོང་འགུག་མ་འདྲེན་རྣམ་གྲངས་འོས་སྦྱོར་ཚོགས་འདུ་དང་བོད་ཀྱི་མི་རིགས་ཀྱི་གྱོན་ཆས་དང་གྱོན་གོས་རིག་གནས་འགྲེམས་སྟོན་བྱེད་སྒོའི་མགོ་བརྩམས་པ་དེས་ཐེངས་འདིའི་ཞོ་སྟོན་དུས་ཆེན་གྱི་བྱེད་སྒོ་མང་ཆེ་བའི་འགོ་དངོས་ཚུགས་པ་མཚོན་གྱི་ཡོད། ཉིན་འདི་གཉིས་རིང་གི་དུས་སྟོན་དང་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ཁྲོད། ལྷ་སའི་མི་དམངས་ཀྱིས་དཔལ་འབྱོར་དང་རིག་གནས་གཉིས་ཀའི་ལོ་ལེགས་བྱུང་བར་དགའ་སྤྲོས་ཁེངས་བཞིན་ཡོད། 
          ཚེས12ཉིན་གྱི་ཞོགས་པར། ཨ་ཁུ་བུ་ཆུང་གིས་སྔ་ས་ནས་རྐུབ་སྟེགས་འཁྱེར་ཏེ་ལྷ་ས་གྲོང་ཁྱེར་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་ཡོང་སྟེ་ལོ་གཅིག་ཐེངས་གཅིག་གི་ཞོ་སྟོན་ལྷ་མོ་མཉམ་འཁྲབ་འདུ་ཚོགས་གཟབ་རྒྱས་ལ་ལྟད་མོ་བལྟས། ཁོང་གིས་བཤད་རྒྱུར“ང་རང་ཆུང་དུས་ནས་ལྷ་མོར་ལྟ་རྒྱུར་དགའ་པོ་ཡོད་ཅིང་། ལྷ་མོར་དམིགས་བསལ་གྱི་བརྩེ་བ་ཞིག་ཡོད། ཁོང་གིས་ཞོ་སྟོན་ལྷ་མོའི་འཁྲབ་ཚན་འཁྲབ་སྟོན་ལ་ཧ་ཅང་ཆ་རྒྱུས་ཡོད་ཀྱང་། ཐེངས་བརྒྱར་བལྟས་ཀྱང་སུན་པོ་མེད་པས་རྟག་ཏུ་བལྟ་གིན་ཡོད”ཅེས་བཤད། 

          རི་མོ་འདི་ནི2018ལོའི་ལྷ་སའི་ཞོ་སྟོན་ནོར་བུ་གླིང་ཁའི་ལྷ་མོ་འཁྲབ་སྟོན་གྱི་ཡུལ་དངོས་རེད།
          ལོ་སྔ་མ་དང་འདྲ་བར། ད་ལོའི་ཞོ་སྟོན་དུས་ཆེན་གྱི་ལྷ་མོ་འགྲན་བསྡུར་དང་འགྲེམས་འཁྲབ་བྱེད་སྒོ་དེ་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་ནས་འདེམས་སྒྲུག་དང་མཚམས་སྦྱོར་བྱས་པ་དང་། དེ་ནས་རིགས་གཅིག་མཁས་ཅན་དཔྱད་ཞིབ་ཚོགས་ཆུང་གིས་དཔྱད་ཞིབ་བྱེད་པའི་བྱེད་ཐབས་བརྒྱུད་ཅིང་། དཔུང་ཁག་གཏན་འཁེལ་དང་དེ་བཞིན་འཁྲབ་ཚན་སོ་སོ་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་དུ་འགྲན་བསྡུར་དང་འགྲེམས་འཁྲབ་བྱ་རྒྱུ་རེད། ལྷ་མོ་རུ་ཁག་རེ་ནས་འཁྲབ་ཚན་གཉིས་གྲ་སྒྲིག་བྱས་ཏེ་དེ་གཉིས་ཀ་སོ་སོ་འགྲན་བསྡུར་དང་འགྲེམས་འཁྲབ་དུ་ཞུགས་དགོས། 
          ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། ད་ཐེངས་ཀྱི་ཞོ་སྟོན་དུས་ཆེན་རིང“ལྗོངས་ཡོངས་ཀྱི་ལྷ་མོའི་འགྲན་བསྡུར་ཆེ་མོ་སྐབས་ལྔ་པ”དང“ལྗོངས་ཡོངས་ཀྱི་ལྷ་མོའི་འགྲེམས་འཁྲབ་སྐབས་བདུན་པ”བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། ད་ལོར་བོད་ལྗོངས་སུ་བསྡོམས་པས་ལྷ་མོའི་རུ་ཁག་11ལྷག་2018ལོའི་ཞོ་སྟོན་ལྷ་མོའི་འགྲན་བསྡུར་ཆེ་མོ་དང་འགྲེམས་འཁྲབ་ནང་ཞུགས་རྒྱུ་ཡིན་པ་དང་། བསྡོམས་པས་འཁྲབ་ཐེངས་བཅུ་བཞི་ལྷག་ཡོད། 

          རི་མོ་འདི་ནི2018ལོའི་ལྷ་སའི་ཞོ་སྟོན་ནོར་བུ་གླིང་ཁའི་ལྷ་མོ་འཁྲབ་སྟོན་གྱི་ཡུལ་དངོས་རེད། 
          ལྷ་མོའི་འཁྲབ་སྟོན་ནི་ཞོ་སྟོན་དུས་ཆེན་ཐོག་འགུག་ནུས་ཆེས་ཆེར་ལྡན་པའི་གྲུབ་ཆ་ཞིག་ཡིན་ཞིང་། དེ་ནི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་ཉིང་བཅུད་དུ་གཏོགས། ལོ600ལྷག་ཙམ་གྱི་རྒྱུན་འཛིན་དང་འཕེལ་རྒྱས་བཏང་རྗེས། དེ་རིང་། སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་སྟོན་དུ་དེའི་ཐུན་མོང་མ་ཡིན་པའི་ཞབས་བྲོའི་སྟངས་སྟབས་དང་། སྐད་གསང་མཐོན་པོའི་གདངས། ལྟ་ན་སྡུག་པའི་རྒྱན་གོས། གནའ་ཉས་བབ་ཆགས་ཀྱི་ཞལ་འབག་དང་ངོ་མཚར་ཆེ་བའི་ཟློས་གར་གྱི་ནང་དོན་སོགས་ཀྱིས་ལྷ་མོའི་སྒྱུ་རྩལ་གྱི་འགྲན་ཟླ་བྲལ་བའི་ཡིད་དབང་འཕྲོག་ཤུགས་གང་ལེགས་སྒོས་མཚོན་གྱི་ཡོད་ཅིང་། འདི་ལྟ་བུའི་ལྷ་མོའི་འགྲེམས་འཁྲབ་དང་འགྲན་བསྡུར་དེ་ཚེས17ཉིན་བར་དུ་རྒྱུན་མཐུད་ངང་འཚོགས་རྒྱུ་རེད། 
          ཞོ་སྟོན་འགོ་ཚུགས་ནས་ཉིན་གཉིས་སོང་ཞིང་། ལྷ་མོ་མཉམ་འཁྲབ་ནས“མཐོང་བ་ཙམ་གྱིས་རེ་བ་འགྲུབ”ཅེས་པའི་བོད་ཀྱི་ཐང་ག་རྩེ་གྲའི་འགྲེམས་སྟོན་དང་། ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོ་ནས་བོད་ལྗོངས་མི་རིགས་ཀྱི་གྱོན་ཆས་དང་གྱོན་གོས་རིག་གནས་འགྲེམས་སྟོན་སོགས་ཚང་མ་རིག་གནས་ཀྱི་དགྱེས་སྟོན་ཤ་སྟག་ཡིན་པས། གང་ས་གང་དུ་ལྷ་ས་མི་དམངས་ཀྱིས་འཛམ་གླིང་གི་ཡུལ་སྐོར་བ་རྣམས་དགའ་བསུ་ཞུ་བའི་འཛུམ་མདངས་རེད། 

          རི་མོ་འདི་ནི་བོད་ལྗོངས་མི་རིགས་ཀྱི་གྱོན་ཆས་དང་གྱོན་གོས་རིག་གནས་འགྲེམས་སྟོན་རེད། 
          བོད་ལྗོངས་མི་རིགས་ཀྱི་གྱོན་ཆས་དང་གྱོན་གོས་རིག་གནས་འགྲེམས་སྟོན་ཐོགབོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དང་པེ་ཅིང་གྱོན་ཆས་སློབ་གླིང་གིས་མཉམ་དུ་ཇུས་བཀོད་བྱས་པའི་དར་ཁྱབ་ཆེ་བའི་སྲོལ་རྒྱུན་གྱི་བོད་ལྭས་དུས་རབས་གསར་པའི་འཕེལ་ཕྱོགས་དང་ཟུང་འབྲེལ་བྱས་ཏེ། ཇུས་འགོད་ཀྱི་ཚོར་བ་ཟབ་མོ་ལྡན་པའི་གྱོན་ཆས་གསར་བཟོ་བྱས་པ་དེ་ནི་མཐོང་ཚོར་གྱི་གསོལ་སྟོན་གཟབ་རྒྱས་ཤིག་ཡིན། 

          རི་མོ་འདི་ནི་བོད་ལྗོངས་མི་རིགས་ཀྱི་གྱོན་ཆས་དང་གྱོན་གོས་རིག་གནས་འགྲེམས་སྟོན་རེད། 
          ལྷག་པར་དུ་གླེང་རིན་ལྡན་པ་ཞིག་ནི་ད་ཐེངས་ཀྱི་ལྷ་སའི་ཞོ་སྟོན་གྱི་ཚོང་འགུག་མ་འདྲེན་རྣམ་གྲངས་འོས་སྦྱོར་ཚོགས་འདུའི་ཐོག་ཁྱོན་བསྡོམས་རྣམ་གྲངས45ལྷག་གན་རྒྱ་བཞག་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར102.05གཏོང་འཇོག་བྱས། དེའི་ཁྲོད་གན་རྒྱ་དངོས་སུ་བཞག་པའི་རྣམ་གྲངས34ཡོད་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར83.39གཏོང་འཇོག་བྱས། གན་རྒྱ་འཇོག་འདོད་ཡོད་པའི་རྣམ་གྲངས11ཡོད་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར18.66གཏོང་འཇོག་བྱས། དེའི་ནང་དེ་རིང་གར་སྟེགས་སུ་བུད་ནས་གན་རྒྱ་བཞག་པའི་རྣམ་གྲངས23ཡོད་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར79.75གཏོང་འཇོག་བྱས་ཤིང་། དེའི་ནང་དུ་གན་རྒྱ་དངོས་སུ་བཞག་པའི་རྣམ་གྲངས19ཡོད་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར70.77གཏོང་འཇོག་བྱས་པ་དང་། གན་རྒྱ་འཇོག་འདོད་ཡོད་པའི་རྣམ་གྲངས4དང་། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར898གཏོང་འཇོག་བྱས། 

          རི་མོ་འདི་ནི2018ལོའི་ལྷ་སའི་ཞོ་སྟོན་གྱི་ཚོང་འགུགས་མ་འདྲེན་གྱི་མིང་རྟགས་འགོད་པའི་མཛད་སྒོ་རེད།
          ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐིལ་ཕྱིན་གཏིང་ཟབ་བྱས་ཏེ། ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས་ཤིང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས་ལྷ་སའི་ཕྱོགས་ཡོངས་ནས་གཏིང་ཟབ་མོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པ་མགྱོགས་སུ་གཏོང་བ་དང་། གཙོ་གནད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་དུ་བཏང་ནས་དངོས་གནས་གོ་ཆོད་པའི་མ་དངུལ་འཇོག་པ་ཇེ་མང་དུ་གཏོང་བ། ཚོང་འགུགས་ཆེན་པོ་དང་ཚོང་པ་ཆེན་པོ་བསྡུ་བ་ཤུགས་ཆེན་གཏོང་རྒྱུའི་ཐད་ལ་ཤུགས་རྒྱག་དགོས་པ་དང་། ཚོང་འགུགས་མ་འདྲེན་དེ་གལ་ཆེའི་ནང་གི་དོན་ཆེན་གྱི་གནས་སུ་བཞག་སྟེ“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། ལྷ་སའི་མ་འཇོག་དང་ལས་རིགས་དར་རྒྱས་སུ་གཏོང་བར་ཕེབས་པའི་ཚོང་འགྲུལ་རྣམས་ལ་ཚོང་གཉེར་གྱི་ཁོ་ཡུག་བཟང་པོ་ཞིག་མཁོ་འདོན་བྱ་ཆེད་ཐུན་མོང་ཐོག་མཉམ་ལས་འཕེལ་རྒྱས་དང་། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་སྐྲུན་བྱ་བར་་མཉམ་གླེང་བྱས། 
          རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ལྷ་སའི་ཞོ་སྟོན་གྱི་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་དང་ཞོ་སྟོན་གྱི་གནམ་མཚོར་རྐང་ཐང་དུ་སྐྱོད་པའི་ཚོགས་ཆེན་སྐབས་བཅུ་གཉིས་པ་དེ་ཟླ8པའི་ཚེས13 ཉིན་འགོ་བརྩམ་རྒྱུ་རེད།