ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཟླ9བར་མཚོ་སྔོན་གྱིས་ཞིང་འབྲོག་ལས་ཐད་ཀྱི་འགྲེམ་ཚོགས་ཆེན་པོ་ཞིག་གཉེར་རྒྱུ་རེད།

སྤེལ་དུས 2018-08-17 ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          ཟླ8པའི་ཚེས16ཉིན་སྤྱི་ལོ2018ལོའི་མཚོ་སྔོན་ཞིང་ཆེན་གྱི་ཞིང་པའི་ལོ་ལེགས་དུས་ཆེན་སྐབས་དང་པོ་དང་མཚོ་སྔོན་མཐོ་སྒང་གི་ཞིང་ལས་ཐོན་རྫས་འགྲེམ་སྟོན་སྤེལ་རེས་ལྟ་སྦྱོང་འགྲེམ་ཚོགས་སྐབས་གསུམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་རྒྱལ་ཁའི་མགྲོན་ཁང་ནང་གཉེར་ཡོད་པ་རེད།
ཚོགས་རའི་ཡུལ་དངོས།
          ཐེངས་འདིའི་འགྲེམ་ཚོགས་ཀྱིས་མཐོ་སྒང་གི་ཞིང་ལས་ཐོན་རྫས། ལྷད་མེད་ཀྱི་འཕེལ་རྒྱས་གསར་པ་ཞེས་པ་བརྗོད་དོན་གཙོ་བོར་བཟུང་ཞིང་། གྲུབ་འབྲས་འགྲེམ་སྟོན་དང་ཚོང་རྟགས་ཁྱབ་སྤེལ། ཚོང་འགུལ་ལ་སྐུལ་འདེད་དང་ཁྲོམ་ར་གཏོད་པ་བཅས་དམིགས་ཡུལ་དུ་བྱས་ཏེ་མཚོ་སྔོན་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཐད་ཀྱི་བསམ་བློ་གསར་པ་དང་དགེ་མཚན་གསར་པ། གྲུབ་འབྲས་གསར་པ་བཅས་འགྲེམ་སྟོན་བྱས་ཡོད།
ཚོགས་རའི་ཟུར་ཞིག
པར་མིག་ནང་གི་ཡུལ་དངོས།
          གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག མཚོ་ཤར་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད་མི་སྣས། འགྲེམ་ཚོགས་འདི་ལྟ་བུ་ནི་མཚོ་སྔོན་གྱི་དེང་རབས་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་དང་མཐོ་སྒང་གི་ཞིང་ལས་ཐོན་རྫས་ཀྱི་སྙན་གྲགས་ཆེར་གཏོང་བའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པར་མ་ཟད། རྒྱ་ཆེའི་ཞིང་པ་རྣམས་ཀྱི་རང་འགུལ་རང་བཞིན་དང་གསར་གཏོད་རང་བཞིན་སྔར་ལས་བསྐྱེད་དེ་འབྱོར་འབྲིང་སྤྱི་ཚོགས་མངོན་གྱུར་ཡོང་བ་བྱ་རྒྱུ་དང་ཞིང་སྡེའི་འཕེལ་རྒྱས་ཀྱི་ཐབས་ཇུས་ལག་བསྟར། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་གཏོང་བའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་བའི་ཐད་ལ་སྒུལ་ནུས་འདོན་ཐུབ་པ་དང་། གཞན་ཡང་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་ཐད་ལ་གསོན་ཤུགས་གསར་པ་སྦྱིན་ཐུབ་ཅེས་གསུངས་ཡོད་པ་རེད།
འབྲེལ་ཡོད་མི་སྣས་གནས་ཚུལ་ངོ་སྤྲོད་གནང་བཞིན་པ།
          བསྒྱུར་བཅོས་སྒོ་དབྱེ་ཚུན་གྱི་ལོ་ངོ་བཞི་བཅུའི་རིང་ནི་མཚོ་སྔོན་གྱི་ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་ཆེས་མགྱོགས་པ་དང་འཕེལ་རྒྱས་ཀྱི་སྤུས་ཚད་ཆེས་ལེགས་པའི་དུས་སྐབས་བཟང་ཤོས་ཤིག་ཡིན་པར་མ་ཟད། རྒྱ་ཆེའི་ཞིང་ཕྱུགས་ཁུལ་གྱི་ཐོན་སྐྱེད་སྒྲིག་གཞི་དང་རྣམ་པ་ལ་འཕོ་འགྱུར་ཆེན་པོ་བྱུང་བའི་ལོ་ངོ་བཞི་བཅུ་དང་། དཀའ་སྤྱད་འབད་བརྩོན་དང་འགྲན་སློང་ལ་ཁ་གཏད་གཅོག་པ། རྨང་གཞི་སྲ་བརྟན་དུ་གཏོང་བའི་ལོ་ངོ་བཞི་བཅུའང་ཡིན་པ་རེད། ལྷག་པར་དུ་ཉེ་བའི་ལོ་ཤས་ནང་། མཚོ་སྔོན་ཞིང་ཆེན་ཏང་ཨུད་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་ཁྲིད་བརྟན་པོའི་འོག མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་རྒྱུན་འཁྱོངས་དང་བསྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད་བཏང་བ་དང་། ཞིང་སྡེ་དང་འབྲོག་ཁུལ་གྱི་བསྒྱུར་བཅོས་མུ་མཐུད་དུ་ཟབ་དུ་བཏང་བ། ཞིང་ཕྱུགས་ལས་རིགས་ཀྱི་འཕེལ་རྒྱས་རྣམ་པ་བརྗེ་སྒྱུར་མགྱོགས་སུ་བཏང་བ་དང་། ཞིང་ཕྱུགས་ལས་རིགས་ཀྱི་རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོའི་ཇེ་ལེགས་སུ་གྱུར་ཡོད་པ་ལས་གཞན། སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ནུས་པ་མུ་མཐུད་དུ་ཇེ་བཟང་དུ་གྱུར་བ་དང་བསྟུན་ནས་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ལས་རིགས་དང་ཞིང་སྡེ། འབྲོག་ཁུལ་གྱི་དཔལ་འབྱོར་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་སོང་བ་དང་། དེས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།
 
ཚོགས་ཞུགས་འབྲེལ་ཡོད་མི་སྣ།
          ཤེས་རྟོགས་བྱུང་བར་གཞིགས་ན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་བ་བརྒྱུད། མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཐིང་དང་མཚོ་སྔོན་ཞིང་ཆེན་ནགས་ལས་ཐིང་། མཚོ་ཤར་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་གནང་བའི་སྤྱི་ལོ2018ལོའི་མཚོ་སྔོན་ཞིང་ཆེན་གྱི་ཞིང་པའི་ལོ་ལེགས་དུས་ཆེན་སྐབས་དང་པོ་དང་མཚོ་སྔོན་མཐོ་སྒང་གི་ཞིང་ལས་ཐོན་རྫས་འགྲེམ་སྟོན་སྤེལ་རེས་ལྟ་སྦྱོང་འགྲེམ་ཚོགས་སྐབས་གསུམ་པ་དེ་ཟླ9པའི་ཚེས18ཉིན་ནས་ཚེས21ཉིན་བར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ལུང་མདོ་ཁུལ་ལུས་རྩལ་ལྟེ་གནས་སུ་སྤེལ་རྒྱུ་དང་། སྐབས་དེར་རྒྱལ་ཁབ་ཕྱི་ནང་གི་ཆེད་མཁས་པ་གདན་ཞུ་གནང་སྟེ་ཞིང་སྡེ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་སྟོན་དང་ཞིང་ཕྱུགས་ལས་རིགས་ཀྱི་བསམ་བློ་གསར་པ་བགྲོ་གླེང་བྱེད་པའི་མཐོ་རིམ་གླེང་སྟེགས་ཤིག་ཚོགས་རྒྱུ་མ་ཟད། ཞིང་སྡེའི་པར་རིས་འགྲན་བསྡུར་དང་ཞིང་ལས་མྱོང་རོལ་བྱེད་སྒོ་སོགས་ཀྱང་སྤེལ་ནས་ཕྱོགས་ཡོངས་ནས་ཞིང་ལས་ཀྱི་གྲུབ་འབྲས་གསར་པ་དང་ལག་རྩལ་གསར་པ། ཐོན་རྫས་གསར་པ་ལ་མྱོང་རོལ་བརྒྱུད་དེ། མཚོ་སྔོན་གྱི་ཁྱད་ལྡན་ཞིང་ལས་ཐོན་ལས་ཀྱི་སྙན་གྲགས་ཆེར་གཏོང་རྒྱུ་རེད། དེ་མིན་ཐུར་ཁེ་དང་ཨུ་རུ་སི། འཇར་པན། ལྷོ་ཁོ་རེ་ཡ་སོགས་རྒྱལ་ཁབ་ཀྱི་འགྲེམ་ཞུགས་ཚོང་པ་གདན་ཞུ་གནང་རྒྱུ་ལས་གཞན། རང་རྒྱལ་གྱི་གྲོང་ཁྱེར་ཞི་ཨན་དང་ཁྲིན་ཏུའུ། ཆབ་མདོ་སོགས་ཀྱི་ཏང་སྲིད་འཐུས་མི་དང་ཁེ་ལས་སོགས་ཀྱང་གདན་ཞུ་གནང་རྒྱུ་རེད།