ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

བོད་ལྗོངས་མི་རིགས་སློབ་ཆེན་དུ་ཞིབ་འཇུག་ཁང་གཉིས་བཙུགས་པ།

སྤེལ་དུས 2018-08-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
          
           ཀྲུང་གོ་བོད་ལྗོངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ཟླ8པའི་ཚེས15ཉིན་གྱི་སྔ་དྲོ། བོད་ལྗོངས་མི་རིགས་སློབ་ཆེན་དུ་བོད་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཞིབ་འཇུག་ཁང་དང་། བོད་ལྗོངས་ས་མཐོའི་དཔལ་འབྱོར་ཞིབ་འཇུག་ཁང་བཙུགས་པའི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ།  
           སྒོ་བྱང་འགེལ་བའི་མཛད་སྒོའི་ཐོག བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། སློབ་སྤྱི་ལིའུ་ཁའེ་ཡིས་བོད་ལྗོངས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་མཉམ་ལས་གསར་གཏོད་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་། ཚན་ཞིབ་ཁྲུའུ་ཡི་ཁྲུའུ་ཀྲང་ཁྲེང་ཏུན་ཧྲན་དང་། བོད་ལྗོངས་མི་རིགས་སློབ་ཆེན་ནོར་དཔལ་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཁྲེན་ཨའེ་ཏུང་གཉིས་དང་མཉམ་དུ་ཞིབ་འཇུག་ཁང་གི་སྒོ་བྱང་བཀལ་བ་རེད།

          ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བོད་ལྗོངས་མི་རིགས་སློབ་ཆེན་ནི་བོད་ཀྱི་མཐོ་རིམ་སློབ་གསོའི་གསོ་སྐྱོང་བྱ་ཡུལ་དང་། ཆེད་ལས་ཤེས་ལྡན་པ་སྐྱེད་སྲིང་བྱེད་པའི་རྟེན་གཞི། ཚན་རིག་ཞིབ་འཇུག་དང་རིག་གནས་རྒྱུན་འཛིན་གསར་གཏོད་ཀྱི་ལས་སྟེགས་གལ་ཆེན་ཞིག་ཡིན་པའི་ཆ་ནས།  ཐོག་མཐའ་བར་གསུམ་དུ“ སློབ་སྦྱོང་། ཞིབ་འཇུག ཐོན་སྐྱེད”ཟུང་འབྲེལ་གྱི་རྣམ་པ་དར་སྤེལ་བཏང་སྟེ་བོད་ལྗོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བ་དང་། བོད་ལྗོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་བར་གཞོལ་ནས་དུས་རབས་གསར་པའི་བོད་ལྗོངས་ཀྱི་མཐོ་སློབ་རིག་མཛོད་ཀྱི་ནུས་པ་འདོན་སྤེལ་བྱས།
          ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། བོད་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཞིབ་འཇུག་ཁང་འདི་བཙུགས་པ་ནི་ བོད་ལྗོངས་ཀྱི་མཐོ་སློབ་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་སྔོན་ལ་དངོས་སུ་ལག་བསྟར་བྱས་པ་ཡིན་ཞིང་།དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་ཀྱི་དགོངས་པའི་སྐོར་གྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཞིབ་འཇུག་ཁང་འདིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བཟུང་བ་རྒྱུན་འཁྱོངས་བྱས་ཏེ། བོད་ལྗོངས་ཀྱི་མཐོ་སློབ་རིག་མཛོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཕྱོགས་ཡོངས་ནས་བོད་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་རྒྱུའི་གནད་དོན་ལ་དམིགས་ཏེ། ཟམ་མི་ཆད་པར་སློབ་གྲྭའི་ཕྱི་ནང་གི་ཞིབ་འཇུག་གི་སྟོབས་ཤུགས་སྡེབ་སྒྲིག་དང་། མཉམ་སྒྲུབ་གསར་གཏོད་དང་མཉམ་འབྲེལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཧུར་ཐག་སྒོས་བོད་རང་སྐྱོང་ལྗོངས་ཀྱི་སྲིད་གཞུང་རིམ་པ་ཁག་དང་། ཁེ་ལས་དང་བྱ་ལས་སྡེ་ཚན་དང་མཐུན་སྦྱོར་དང་འབྲེལ་གཏུག་བྱས་ཤིང་། བོད་ལྗོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་དང་། ས་མཐོའི་འབྱུང་ཁམས་སྲུང་སྐྱོབ། ཞིང་ཕྱུགས་ལས་དེང་རབས་ཅན་དུ་བསྒྱུར་བ། ཞིང་འབྲོག་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་དང་། ཁྱད་ཆོས་དང་བཟང་ཆ་ལྡན་པའི་ཐོན་ལས་འཕེལ་རྒྱས་དང་། མཐའ་མཚམས་དང་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་སྲུང་སྐྱོང་། གྲོང་གསེབ་ཀྱི་ཡུལ་སྐོར་དང་། གནད་འཕིགས་དབུལ་བྲལ། གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྱོང་སོགས་འབྲེལ་ཡོད་ཞིབ་འཇུག་གི་ཁ་ཕྱོགས་ལ་དམིགས་ཏེ། ས་མཐོའི་ཁྱད་ཆོས་ལྡན་པ་དང་བོད་ལྗོངས་ཀྱི་དོན་དངོས་དང་མཐུན་པའི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་གནང་བར་འབད་དེ་རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་བཟང་གིས་སྐྱོང་བ་ཟུང་འབྲེལ་གྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས་བོད་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མུ་མཐུད་ནས་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཀྱི་ཚོར་སེམས་ཇེ་མཐོར་བཏང་སྟེ་སྤུས་ཚད་མཐོ་བའི་ཞིབ་འཇུག་གི་གྲུབ་འབྲས་ལ་བརྟེན་ནས་བོད་ལྗོངས་ཀྱི་གྲོང་གསེབ་དར་རྒྱས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་བར་རོགས་འདེགས་བྱས།

          བོད་ལྗོངས་ཀྱི་ས་མཐོའི་དཔལ་འབྱོར་ཞིབ་འཇུག་ཁང་བཙུགས་པ་ནི་སློབ་གྲྭ་ནས་རིགས་གཅིག་མཁས་ཅན་རྩ་འཛུགས་བྱས་ཏེ་བོད་ལྗོངས་ས་མཐོའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་རྒྱུར་འཚོལ་ཞིབ་དང་ཞིབ་འཇུག་ཞིབ་ཕྲ་གནང་བའི་ཞིབ་འཇུག་ལས་ཁུངས་ཤིག་ཡིན། ཞིབ་འཇུག་ཁང་འདིས“ གསར་གཏོད་དང་། རྒྱུན་མཐུད། ལྗང་མདོག སྒོ་འབྱེད། མཉམ་སྤྱོད”བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་རྒྱུན་འཁྱོངས་བྱས་ཏེ། བོད་ལྗོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་ས་བབ་མཐོ་བའི་ས་མཐོའི་དཔལ་འབྱོར་གོང་འཕེལ་གཏོང་སྟངས་དང་། བོད་ལྗོངས་ས་མཐོའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་ཞིབ་འཇུག་འཛུགས་སྐྲུན་དང་འཐུས་ཚང་དུ་གཏོང་རྒྱུ་རང་འགན་དུ་བརྩིས་ཏེ། དུས་སྐབས་གསར་པའི་བོད་ལྗོངས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་། བོད་ལྗོངས་ས་མཐོའི་དེང་རབས་ཅན་དུ་འགྱུར་བའི་དཔལ་འབྱོར་གྱི་རིགས་པའི་གཞུང་ལུགས་མ་ལག བོད་ལྗོངས་ཀྱི་ས་མཐོའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་གྱི་དམིགས་ཚད་དང་།ལས་འགན། མངོན་འགྱུར་གྱི་ཐབས་ལམ། བོད་ལྗོངས་ས་མཐོའི་སྣོད་བཅུད་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་། བོད་ལྗོངས་ས་མཐོའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་ཀྱི་སྲིད་ཇུས་འགན་སྲུང་སྐུལ་འདེད་དང་། དུས་རབས་གསར་པའི་བོད་ལྗོངས་ཀྱི་དཔལ་འབྱོར་ཁྱབ་ཁོངས་ནང་གི་གལ་ཆེའི་དངོས་ཡོད་ཀྱི་གནད་དོན་སོགས་འབྲེལ་ཡོད་ཞིབ་འཇུག་གི་ཁ་ཕྱོགས་ལ་དམིགས་ཏེ་ཞིབ་འཇུག་གཏིང་ཟབ་བྱ་རྒྱུ་སྤེལ་ནས་ས་མཐོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་མཐོར་འདེགས་སུ་གཏོང་བ། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་ཆེད་ཧུར་ཐག་སྒོས་འཚོལ་ཞིབ་གནང་སྟེ་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་། ཡུན་རིང་བདེ་འཁོད་ཡོང་བར་ཐབས་འདོན་ཇུས་འདོན་བྱས་སོ། །