ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

2018ལོའི་“གཡང་མདའ”རྟགས་མའི་མདའ་སྟོན་རིག་གནས་དུས་ཆེན་སྐབས་ལྔ་པ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ“བོད་ཁྱིམ་གླིང་གར”བསྡུས།

སྤེལ་དུས 2018-09-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།

          “མདའ་སྟོན”ནི“གཡང་མདའི་གསོལ་སྟོན”ཞེས་པའི་བསྡུས་མིང་ཡིན་ལ། དེ་ནི་མཚོ་བོད་ས་མཐོའི་ས་ཁུལ་དང་ལྷག་པར་དུ་ཨ་མདོ་བོད་ཁུལ་དུ་དར་ཁྱབ་བྱུང་པའི་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་རིག་གནས་ཀྱི་མཚོན་སྟངས་གཙོ་བོ་ཤིག་ཡིན་ལ། གཅན་ཚའི“གཡང་མདའི”རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། དེའི་འབྱུང་ཁུངས་ནི་གནའ་རབས་བོད་རིགས་ས་ཁུལ་གྱི་མང་ཚོགས་ཚོས་མདའ་འཕེན་འགྲན་བསྡུར་གྱི་འགྲན་རའི་ནང་། འགྲན་ཡ་ཕྱོགས་གཉིས་ཀྱི་ཛ་དྲག་ཆེ་བའི་འགྲན་བསྡུར་གྱི་དབང་གིས་མདའ་བ་ཕྱོགས་གཉིས་བར་འགལ་ཟླ་དང་ཕོག་ཐུག་བཟོ་སྲིད་ངེས་ཤིང་། དེ་བས་ཕ་རོལ་བར་དགོངས་དག་ཞུ་བ་དང་བརྩེ་སེམས་བརྗེ་རེས་བྱེད་པ། མཛའ་བརྩེ་ཇེ་ཟབ་གཏོང་པ། ཞི་མཐུན་མཉམ་གནས་ཡོང་ཆེད། གཙོ་སྒྲུབ་པའི་ཕྱོགས་ནས་གྲོང་ཚོ་ཡོངས་ཀྱི་བྱེད་སྒོ་ལྟེ་གནས་ཏེ་མ་ཎི་ཁང་དུ་གྲོང་ཚོ་ཡོངས་ཀྱི་རིམ་པ་མཐོ་ཤོས་ཀྱི“མདའ་སྟོན”བཤམས་ཀྱི་ཡོད་ཅིང་།  གཙོ་སྒྲུབ་རུ་ཁག་གིས་ཕ་རོལ་ཕྱོགས་ཀྱི་རུ་ཁག་གདན་འདྲེན་ཞུས་ནས་མདའ་འཕེན་གྱི་ལོ་རྒྱུས་དང་རིག་གནས་འཆད་ལེན་བྱེད་པ་དང་། ཞབས་བྲོ་ལ་བརྟེན་ནས་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་པ། གླུ་གཞས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུས་ཐོག  དེ་སྔའི་འགྲན་རའི་ཞེ་འཁོན་ཞུ་བར་བྱེད་པའི་དུས་མཚུངས་སུ་ན་གཞོན་ཕོ་མོ་རྣམས་ཀྱི་མཛའ་བརྩེ་དང་བརྩེ་དུང་ཡང་མཉམ་འདྲེས་བྱུང་ཡོད་པ་རེད།


          2018ལོའི་སྐབས་ལྔ་པའི“གཡང་མདའ”རྟགས་མའི་མདའ་སྟོན་རིག་གནས་དུས་ཆེན་དེ་ཟླ་9པའི་ཚེས་18ཉིན་གྱི་ཉིན་གུང་ཆུ་ཚོད་12གཅན་ཚ་རྫོང་ཁམས་ར་གྲོང་རྡལ“བོད་ཁྱིམ་གླིང་ག”ནས་བསྡུས། མདའ་འཕེན་གཙོ་སྒྲུབ་ཕྱོགས་གཙན་ཚ་རྫོང་གི་རུ་ཁག་27གྱི་མདའ་བ་540ཡིས་ཐུན་མོང་ཐོག་ཨོ་སི་ཁྲུ་ལི་ཡ་སོགས་རྒྱལ་ཁབ་19ནས་ཡོང་བའི་འཐུས་མིའི་རུ་ཁག་དང་། རྒྱལ་ཡོངས་ཀྱི་འཐུས་མིའི་རུ་ཁག་23   ཞང་ཀང་དང་ཐའེ་ཝན། ཞིང་ཆེན་ནང་ཁུལ་གྱི་ཁྱོན་འཐུས་མིའི་རུ་ཁག་101གི་མདའ་བ་2254གདན་འདྲེན་ཞུས་ནས་མཛའ་བཤེས་མཉམ་གླེང་བྱས་ཡོད་པ་རེད། རིག་གནས་དུས་ཆེན་ཧྲིལ་པོར་སྲོལ་རྒྱུན་གྱི“མདའ་སྟོན”ཆོ་ག་བརྩི་སྲུང་བྱས་ཏེ་ཡུལ་ལྷ་གཞི་བདག་ལ་བསང་མཆོད་དང་མགྲོན་པོ་བསུ་བ། གླུ་ལེན་གཏམ་བཤད། གསོལ་སྟོན་བཅས་ཀྱི་གོ་རིམ་བཞི་བརྒྱུད་ནས་སྐུ་མགྲོན་རྣམས་ལ་བོད་ཀྱི་རིག་གནས་དང་བཟང་བཏུང་གི་ལོངས་སྤྱོད་གང་ལེགས་བཤམས་ཡོད་པ་རེད།


          “མདའ་སྟོན”ནི་དེང་རབས་དང་སྲོལ་རྒྱུན་ལྷན་དུ་འདྲེས་པ་དང་། འགྱུར་མེད་དང་མཉེན་ལྕུག་གི་བརྩེ་བས་ཕྱུག་པ་ཞིག་ཡིན་ལ། འདི་གར་བོད་མི་རྣམས་ཀྱིས་དགའ་སྤྲོ་ནི་ནམ་ཡང་རྫོགས་མཐའ་མེད་པའི་བསྟོད་གླུ་ཞིག་དང་འདྲ་བར། ཉིན་ནས་མཚན་ལ་མཐུད་པའི་དགའ་སྤྲོའི་ཁེངས་ཤིང་། བཞེས་ཆང་དང་གླུ་གར་ཡང་རང་དགར་མཚམས་འཇོག་མི་སྲིད་དོ།།