ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཁྲོན་བོད་ལྕགས་ལམ་འཆར་འགོད་དང་འཛུགས་སྐྲུན་བྱ་འགོ་ཚུགས།

སྤེལ་དུས 2018-10-12 ཡོང་ཁུངས། ཁམས་པ་དྲ་བ། རྩོམ་པ་པོ། སྐལ་ཐུབ་དང་མཁས་གྲུབ།

          སྤྱི་ཟླ10པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གཙོ་འགན་བཞེས་ནས་གོང་ཚེས་ཉིན་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཏེ། ཁྲོན་བོད་ལྕགས་ལམ་འཆར་འགོད་དང་འཛུགས་སྐྲུན་བྱ་རྒྱུ་ནི་རྒྱལ་ཁབ་ཡུན་རིང་བདེར་འགོད་དང་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་དོན་སྙིང་གལ་ཆེན་དང་ཟབ་མོ་ཡོད་པས་ངེས་པར་དུ་དོན་ཆེན་འདི་འགྲུབ་ཐུབ་པ་དང་ཡག་པོ་བསྒྲུབ་དགོས་ཞེས་ནན་གསུང་གནང་བ་རེད།
          ཚོགས་ཐོག་ནན་པོར་བསྟན་དོན། ཁྲོན་བོད་ལྕགས་ལམ་འཆར་འགོད་དང་འཛུགས་སྐྲུན་བྱ་རྒྱུ་ནི་མི་རིགས་མཐུན་སྒྲིལ་ལ་སྐུལ་སྤེལ་དང་། རྒྱལ་ཁབ་གཅིག་གྱུར་ཡོང་བར་སྲུང་སྐྱོང་། མཐའ་མཚམས་བརྟན་བརླིང་ཡོང་བར་སྲ་བརྟན་བཅས་ཀྱི་དགོས་པ་ཡོད་ཅིང་། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བའི་དགོས་པ་ཡང་ཡོད་ལ། ཏང་ཀྲུང་དབྱང་གིས་བོད་སྐྱོང་འཐབ་ཇུས་ལག་ལེན་དོན་འཁྱོལ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན་པ་རེད། ཚན་རིག་དང་མཐུན་པའི་འཆར་འགོད་དང་ལག་རྩལ་གྱི་འདེགས་སྐྱོར། སྐྱེ་ཁམས་སྲུང་སྐྱོང་། ཉེན་མེད་ཁུངས་ལྡན་བཅས་ཀྱི་སྤྱིའི་བསམ་ཕྱོགས་ལ་གཏོང་འཛིན་ཡག་པོ་བྱ་དགོས་ཤིང་། གཅིག་གྱུར་གྱིས་འགོ་ཁྲིད་བྱེད་ཤུགས་དང་ལས་གཞིའི་སྔོན་ཚུད་ལས་ཀ་སྤེལ་ཤུགས། འཛུགས་སྐྲུན་འཁོར་སྐྱོད་ཀྱི་མ་དངུལ་འགན་སྲུང་བྱེད་ཤུགས་བཅས་ཇེ་ཆེར་གཏོང་བ་དང་། ཁྲོན་བོད་དང་མཚོ་བོད་གཞུང་ལམ་དང་ཁྲོན་བོད་ལྕགས་ལམ་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། འགོ་འཛུགས་ས་མཐོན་པོ་དང་ཚད་གཞི་མཐོན་པོ། སྤུས་ཚད་མཐོན་པོ་བཅས་ཀྱི་སྒོ་ནས་ཨར་ལས་འཆར་འགོད་དང་འཛུགས་སྐྲུན་བྱ་དགོས། །