ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་གིས་ནོར་ཝེའི་རྒྱལ་པོ་དང་མཇལ་མོལ་གནང་བ།

སྤེལ་དུས 2018-10-17 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། རྡོ་རྗེས་བསྒྲིགས།
༼   ཞི་ཅིན་ཕིང་གིས་ནོར་ཝེའི་རྒྱལ་པོ་ཧ་ལར་སྐུ་ཐོག་ལྔ་པ་དང་མཇལ་མོལ་གནང་བ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་དུས་སྐབས་གསར་པའི་ཀྲུང་གོ་དང་ནོར་ཝེའི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་ཐད་འགུལ་ཤུགས་གསར་པ་བསྣན་ནས་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ཀྱི་ལེའུ་གསར་པ་གཏོད་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་གནང་བ།  ༽

          སྤྱི་ཚེས་༡༦ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མི་དམངས་ཚོགས་ཁང་ཆེན་མོར་ནོར་ཝེའི་རྒྱལ་པོ་ཧ་ལར་སྐུ་ཐོག་ལྔ་པ་དང་མཇལ་མོལ་གནང་བ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་དུས་སྐབས་གསར་པའི་ཀྲུང་གོ་དང་ནོར་ཝེའི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་ཐད་འགུལ་ཤུགས་གསར་པ་བསྣན་ནས། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་ཀྱི་ལེའུ་གསར་པ་གཏོད་རྒྱུར་མོས་མཐུན་མགྲིན་གཅིག་ཏུ་གནང་ཡོད་པ་རེད།
          ཞི་ཅིན་ཕིང་གིས་ཧ་ལར་སྐུ་ཐོག་ལྔ་པ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་གནང་བ་དང་། ཧ་ལར་སྐུ་ཐོག་ལྔ་པ་དང་ནོར་ཝེ་ཡི་རྒྱལ་པོ་ཚང་ནས་ཡུན་རིང་ནང་ཀྲུང་གོ་དང་ནོར་ཝེའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་གོང་འཕེལ་གཏོང་རྒྱུར་ལེགས་སྐྱེས་གལ་ཆེན་ཕུལ་གནང་བར་བསྔགས་བརྗོད་ཞུས་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས། སྤྱི་ལོ་༢༠༡༦ལོར་ཀྲུང་གོ་དང་ནོར་ཝེ་བར་གྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་གྱུར་རྗེས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོ་དང་ནོར་ཝེ་བར་གྱི་འབྲེལ་བ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་ལྷིང་བཅས་ཀྱི་སྒོ་ནས་གོང་འཕེལ་གཏོང་རྒྱུ་དེ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་ཁེ་ཕན་དང་འཚམ་པ་མ་ཟད། ཞི་བདེ་དང་། གོང་འཕེལ། མཉམ་རྒྱལ་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་དང་འཚམ་པ་ཞིག་ཀྱང་ཡིན། ནོར་ཝེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཀྲུང་གོའི་ཁྲོམ་རའི་དཔལ་འབྱོར་གྱི་གནས་བབ་ཁས་ལེན་བྱེད་སྔ་ཤོས་ཀྱི་ཡོ་རོབ་རྒྱལ་ཁབ་གྲས་ཤིག་ཡིན། དུས་སང་ཀྲུང་གོ་དང་ནོར་ཝེའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༦༥འཁོར་རྒྱུ་ཡིན་ཞིང་། ཀྲུང་གོའི་ཕྱོགས་ནས་ནོར་ཝེ་དང་ལྷན་དུ་གོ་སྐབས་དེ་དང་བསྟུན་ནས་ཐུན་མོང་ཐོག་ཀྲུང་གོ་དང་ནོར་ཝེ་བར་གྱི་འབྲེལ་བའི་སྔར་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་གཏོད་བྱ་འདོད་ཡོད་ཅེས་བསྟན་གནང་ཡོད་པ་རེད།
          ཞི་ཅིན་ཕིང་གིས། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་སྲ་བརྟན་དང་ཆེ་རུ་གཏོང་བ་དང་། ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པའི་འགྲོ་འོང་རྩ་དོན་རྒྱུན་འཁྱོངས། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་སར་བརྩི་འཇོག་གང་ལེགས་བྱེད་པ་མ་ཟད་ཕན་ཚུན་ལྟ་རྟོག་ཏན་ཏིག་བྱས་ནས། ཀྲུང་གོ་དང་ནོར་ཝེའི་འབྲེལ་བ་གོམ་སྟབས་བརྟན་པོས་ཡུན་རིང་གོང་འཕེལ་འགྲོ་རྒྱུར་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འདིང་དགོས། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱུན་མཐུད་གཏིང་ཟབ་དང་རྒྱ་སྐྱེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་ཁྱོན་ཡོངས་ནས་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་བྱས་ནས། ཆུ་ཚད་སྔར་བས་མཐོ་བའི་གཉིས་ཕན་མཉམ་རྒྱལ་ཡོང་བ་བྱ་དགོས། ཀྲུང་གོའི་ཕྱོགས་ནས་ནོར་ཝེ་ཕྱོགས་དང་༼རྒྱུད་གཅིག་ལམ་གཅིག་༽གི་སྒྲོམ་གཞིའི་ནང་མཉམ་ལས་བྱ་རྒྱུའི་ཐད་འཚོལ་ཞིབ་ཧུར་ཐག་བྱས་ནས། ཐུན་མོང་ཐོག་ཨ་ཤེ་ཡ་ཡ་གླིང་དང་ཡོ་རོབ་གླིང་གི་སྐམ་ས་ཕན་ཚུན་སྦྲེལ་མཐུད་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པ་དང་། མི་ཆོས་རིག་གནས་སྤེལ་རེས་ཀྱི་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་དགོས། ཀྲུང་གོའི་ཕྱོགས་ནས་ནོར་ཝེ་ཕྱོགས་དང་ལྷན་དུ་དགུན་དུས་ལུས་རྩལ་ཁྱབ་ཁོངས་ནང་གི་སྤེལ་རེས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅིང་། ནོར་ཝེ་ཕྱོགས་ནས་ཀྲུང་གོ་དང་ཉམས་མྱོང་མཉམ་སྤྱོད་བྱེད་པ་མ་ཟད་དགུན་དུས་ཨའོ་རྩལ་འགྲན་ཚོགས་གྲབས་གཉེར་ལས་ཀར་གཞོགས་འདེགས་གནང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། རྒྱལ་སྤྱིའི་བྱ་དོན་ནང་གི་མཉམ་ལས་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གྲོས་མོལ་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱབ་ནས། དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་དང་། འཛམ་གླིང་སྣེ་མང་ཅན་དར་སྤེལ། ཕྱོགས་མང་རིང་ལུགས་སྲུང་སྐྱོང་། རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད། ལག་གདང་སྦྲེལ་ནས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ནས། འཛམ་གླིང་བཅོས་སྐྱོང་མ་ལག་སྔར་བས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཕྱོགས་ནས་ནོར་ཝེ་ཕྱོགས་དང་ལྷན་དུ་བྱང་སྣེ་ལས་འཛིན་ལྷན་ཚོགས་ཀྱི་སྒྲོམ་གཞིའི་ནང་སྤེལ་རེས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད་ཅིང་། ནོར་ཝེ་ཕྱོགས་ནས་མུ་མཐུད་ཀྲུང་གོ་དང་ཡོ་རོབ་འབྲེལ་བ་སྐྱོན་བྲལ་བརྟན་ལྷིང་ངང་གོང་འཕེལ་འགྲོ་རྒྱུ་དང་། ཀྲུང་གོ་དང་ཡོ་རོབ་བྱང་མའི་མཉམ་ལས་ཆེད་དུ་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཞུ་གི་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།

          ཧ་ལར་སྐུ་ཐོག་ལྔ་པས། སླར་ཡང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཞུ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ངོས་དང་བཙུན་མོས་སྤྱི་ལོ་༡༩༨༥ལོར་ཀྲུང་གོར་འཚམས་འདྲི་ཐེངས་དང་པོ་ཞུས་རྗེས་ཀྲུང་གོར་འཚམས་འདྲི་ཐེངས་མང་ཞུས་པ་དང་། ཀྲུང་གོའི་མགྱོགས་མྱུར་གོང་འཕེལ་དང་འཕོ་འགྱུར་ཆེན་པོ་བདེན་དཔང་བྱས་ཡོད། ངོས་ནས་ད་ཐེངས་ཀྲུང་གོར་འཚམས་འདྲི་ཞུ་བའི་ཐོག་ནས་ནོར་ཝེ་དང་ཀྲུང་གོའི་འབྲེལ་བ་ཡང་དག་པའི་སྲོལ་ལམ་ཐོག་ཕྱིར་ལོག་པ་མངོན་པ་མ་ཟད། དེར་གསོན་ཤུགས་ཆེན་པོ་ལྡན་པ་སླར་ཡང་མངོན་ཡོད། ངོས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ནོར་ཝེ་དང་ཀྲུང་གོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གཟིགས་སྟངས་ལ་མོས་མཐུན་ཡོད། ཕྱོགས་གཉིས་པོའི་མཉམ་ལས་ཐད་ད་དུང་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱ་རིན་ཆེན་པོ་ལྡན་ཡོད། ང་ཚོ་ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་གཉིས་ཕན་མཉམ་ལས་རྒྱ་སྐྱེད་གཏོང་དགོས། ངོས་ནས་སྤྱི་ལོ་༢༠༠༨ལོའི་པེ་ཅིང་ཨའོ་རྩལ་འགྲན་ཚོགས་ལ་བག་ཆགས་ཟབ་མོ་ཡོད། ནོར་ཝེ་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་དགུན་དུས་ལུས་རྩལ་སྤེལ་རེས་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོས་ལེགས་གྲུབ་ལྡན་པའི་སྒོ་ནས་སྤྱི་ལོ་༢༠༢༢ལོའི་དགུན་དུས་ཨའོ་རྩལ་འགྲན་ཚོགས་གཉེར་རྒྱུར་རྒྱབ་སྐྱོར་ཞུ་འདོད་ཡོད་ཅེས་གསུངས་ཡོད་པ་རེད།
          མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་ད་དུང་ཐུན་མོང་ཐོག་འབྲེལ་ཡོད་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་བདེན་དཔང་གནང་ཡོད་པ་རེད།
          མཇལ་མོལ་མ་་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་ཧ་ལར་སྐུ་ཐོག་ལྔ་པར་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་གནང་ཡོད་པ་རེད། ཕེང་ལི་ཡོན་དང་། ཡང་ཅེ་ཁྲེ། ཅི་པིང་ཞོན། ཀུའུ་ཧྲེང་ཙུའུ་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་ཡོད་པ་རེད།