ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཞི་ཅིན་ཕིང་སྐབས་དང་པོའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ཤིང་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བ།

སྤེལ་དུས 2018-11-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
            སྐབས་དང་པོའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་དེ་སྤྱི་ཚེས་ལྔ་ཉིན་ཧྲང་ཧའེ་རུ་འགོ་ཚུགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་འགོ་བརྗོད་དུ་གསར་གཏོད་ཁོག་ཡངས་ཀྱི་སྒོ་དབྱེའི་རྣམ་པ་ཅན་གྱི་འཛམ་གླིང་དཔལ་འབྱོར་མཉམ་དུ་གཏོད་ཅེས་འཁོད་པའི་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བ་དང་། ལོ་རྒྱུས་ལ་ཕྱིར་དྲན་བྱས་ན། སྒོ་དབྱེ་དང་མཉམ་ལས་ནི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་གསོན་ཤུགས་འཕེལ་བར་བྱེད་པའི་འགུལ་ཤུགས་གལ་ཆེན་ཞིག་རེད། མིག་སྔའི་གནས་ཚུལ་ལ་གཞིགས་ན། སྒོ་དབྱེ་མཉམ་ལས་བྱ་རྒྱུ་ནི་འཛམ་གླིང་གི་དཔལ་འབྱོར་བརྟན་པོའི་ཁྲོད་སླར་གསོ་ཡོང་བ་བྱེད་པའི་དོན་དངོས་ཀྱི་བླང་བྱ་དེ་ཡིན། མ་འོངས་པར་ཁ་ཕྱོགས་ཚེ། སྒོ་དབྱེ་མཉམ་ལས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཟམ་མི་ཆད་པར་ཡར་རྒྱས་ཡོང་བ་བྱེད་པའི་དུས་རབས་ཀྱི་བླང་བྱ་ཡིན། རྒྱལ་ཁབ་ཁག་ནས་སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། མཉམ་དུ་གོང་འཕེལ་ཡོང་བ་བྱས་ཐོག མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་དགོས་ངེས་ཡིན། ཀྲུང་གོས་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེར་སྐུལ་འདེད་བྱེད་པའི་གོམ་སྟབས་མཚམས་འཇོག་བྱེད་མི་སྲིད་པ་དང་། སྒོ་དབྱེའི་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་གོམ་སྟབས་མཚམས་འཇོག་བྱེད་མི་སྲིད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་གོམ་སྟབས་མཚམས་འཇོག་བྱེད་མི་སྲིད་ཅེས་ནན་སྟོན་གནང་འདུག
            སྤྱི་ཟླ་བཅུ་གཅིག་པའི་ཟླ་མགོའི་ཧྲང་ཧའེ་ནི་རླུང་བུ་བསིལ་ཞིང་ནམ་མཁའ་དྭངས་པ་དང་། སྟོན་གྱི་ཉམས་མདངས་རིམ་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། ཧྲང་ཧའེ་རྒྱལ་ཁབ་ཚོགས་འགྲེམས་ལྟེ་གནས་ཀྱི་འགོ་ཚུགས་མཛད་སྒོའི་ཚོགས་ར་གཙོ་བོའི་ནང་། རྒྱལ་ཁབ་ཁག་གི་སྐུ་མགྲོན་མཉམ་དུ་འཛོམས་ཡོད། སྔ་དྲོའི་ཆུ་ཚོད་དགུ་པ་དང་སྐར་མ་བཞི་བཅུ་ཞེ་ལྔའི་ཐོག ཞི་ཅིན་ཕིང་དང་ཅེ་ཁེའི་ཙུང་ཐུང་ཙེ་མན་དང་། ཏོ་མི་ཉི་ཀའི་ཙུང་ཐུང་མེ་ཏི་རྣ། སར་ཏོ་བའི་ཙུང་ཐུང་སང་ཆེ་སེ། གན་ཉི་ཡའི་ཙུང་ཐུང་གན་ཡ་ཐ། ལི་ཐའོ་ཝན་གྱི་ཙུང་ཐུང་ཀེ་ལེ་པའོ་སེ་ཁད་ཐེ། ཁེ་རོ་ཏི་ཡའི་ཙུང་ལི་ཧྥུ་ལན་ཁེ་ཝི་ཆི། ཨེ་ཅེབ་ཀྱི་ཙུང་ལི་མ་ཏེ་པུ་ལི། ཀེ་རུ་ཅི་ཡའི་ཙུང་ལི་པ་ཧོ་ཐ་ཙེ། ཧང་ཀེ་རིའི་ཙུང་ལི་ཨོར་པན། ལོ་སེའི་ཙུང་ལི་ཐུང་ལུན། མར་ཐའི་ཙུང་ལི་མུ་སེ་ག་ཐེ། པ་ཀི་སི་ཐན་གྱི་ཙུང་ལི་དབྱི་མུ་ལན་ཧན། ཨུ་རུ་སུའི་ཙུང་ལི་མེ་ཏི་ཝི་ཅི་ཧྥུ། འོད་དེ་ནམ་གྱི་ཙུང་ལི་རོན་ཁྲུན་ཧྥུ། དབྱིན་ཇིའི་གཡོས་ཧན་གུང་རྗེ་རྒྱལ་སྲས་ཨན་ཏ་ལུ། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ལྷན་ཚོགས་ཀྱི་སྤྱི་འདོམས་པ་ལ་ཅ་ཏེ། འཛམ་གླིང་དངུལ་ཁང་གི་འགོ་འཛིན་ཅིན་གཡུང་། འཛམ་གླིང་ཉོ་ཚོང་སྒྲིག་བཙུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཨ་ཙེ་ཝི་ཏོ་སོགས་ཕྱི་ཕྱོགས་ཀྱི་དབུ་ཁྲིད་ལྷན་དུ་ཚོགས་རར་ཕེབས་པ་རེད།

            སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་བརྗོད་དོན་གཙོ་བོའི་གསུང་བཤད་གནང་བ་རེད། ཞི་ཅིན་ཕིང་གིས། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་ནི་ད་ཕན་འཛམ་གླིང་ཐོག་ནང་འདྲེན་གྱིས་བརྗོད་བྱ་གཙོ་བོ་བྱས་པའི་རྒྱལ་ཁབ་རིམ་པའི་འགྲེམས་ཚོགས་དང་པོ་དེ་ཡིན་ལ། རྒྱལ་སྤྱིའི་ཉོ་ཚོང་གོང་འཕེལ་ལོ་རྒྱུས་ཐོག་གི་གསར་གཏོད་ཆེན་པོ་ཞིག་རེད། དེས་ཀྲུང་གོས་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་རྒྱབ་སྐྱོར་བྱེད་པ་དང་། རང་མོས་ཉོ་ཚོང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྔ་ཕྱི་བར་གསུམ་གྱི་ལང་ཕྱོགས་མངོན་པ་དང་། ཀྲུང་གོས་སྒོ་དབྱེའི་རང་བཞིན་གྱི་དཔལ་འབྱོར་བསྐྲུན་རྒྱུར་སྐུལ་འདེད་བཏང་བ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་རྒྱབ་སྐྱོར་བྱེད་པའི་དོན་ངོ་མའི་བྱ་སྤྱོད་ཅིག་ཡིན་ཞེས་བསྟན་འདུག
            ཞི་ཅིན་ཕིང་གིས། དེང་གི་འཛམ་གླིང་གིས་རེ་འཁོར་གསར་པའི་གོང་སྤེལ་ཆེན་མོ་དང་། འཕོ་འགྱུར་ཆེན་མོ། ལེགས་སྒྲིག་ཆེན་མོ་བཅས་བརྒྱུད་བཞིན་ཡོད། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ནི་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཤིག་ཡིན། འཛམ་གླིང་དཔལ་འབྱོར་གྱི་གནས་སྟངས་ལ་འགྱུར་བ་གཏིང་ཟབ་འགྲོ་བའི་མདུན་དུ། རྒྱལ་ཁབ་ཁག་གིས་དེ་བས་ཆེ་བའི་བློ་སྟོབས་ཐོག་ནས། སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་ཀྱིས། ཐུན་མོང་གོང་འཕེལ་མངོན་གྱུར་ཡོང་བ་བྱ་དགོས་ཞེས་ནན་སྟོན་གནང་འདུག
            ཞི་ཅིན་ཕིང་གིས། བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བའི་ནང་། ཀྲུང་གོའི་མི་དམངས་ཀྱིས་རང་སྟོབས་རང་སྤེལ་དང་། དཀའ་སྤྱད་འབད་འཐབ། དཀའ་སྤྱད་མདུན་སྐྱོད་བཅས་བྱས་པ་དང་། རང་ཉིད་ཀྱི་དཀའ་སྤྱད་དང་རྔུལ་ཆུར་བརྟེན་ནས་རྒྱལ་ཁབ་དང་མི་རིགས་གོང་འཕེལ་གྱི་གཟི་བརྗིད་ལྡན་པའི་ལོ་རྒྱུས་སྙན་ངག་ཅིག་བརྩམས་ཡོད། ཀྲུང་གོས་རྒྱལ་ཁབ་ཀྱི་སྒོ་མོ་ཕྱེ་ནས་འཛུགས་བསྐྲུན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་ཡོད། སྒོ་དབྱེ་དེ་དེང་རབས་ཀྲུང་གོའི་མངོན་གསལ་དོད་པའི་མཚོན་རྟགས་ལྟ་བུར་གྱུར་ཡོད། ཀྲུང་གོས་ཕྱིར་ཕྱོགས་སྒོ་དབྱེ་ཟམ་མི་ཆད་པ་ཆེ་རུ་བཏང་དང་། དེའི་རང་ངོས་གོང་འཕེལ་ཕྱིན་པ་མ་ཟད། འཛམ་གླིང་ལ་ཕན་བདེ་ཡང་བསྐྲུན་ཡོད། ཀྲུང་གོའི་སྒོ་མོ་ཆེན་པོ་ནམ་ཡང་རྒྱག་མི་སྲིད་པ་དང་། རྒྱ་ཇེ་ཆེར་ཕྱེ་རྒྱུ་རེད་ཅེས་བསྟན་འདུག
            ཞི་ཅིན་ཕིང་གིས། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་གཉིས་ཕན་མཉམ་རྒྱལ་གྱི་སྒོ་དབྱེའི་འཐབ་ཇུས་ལ་ལག་བསྟར་བྱ་རྒྱུ་དང་། ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཧྲིལ་པོའི་ཐུན་མོང་སྒོ་དབྱེའི་སྐུལ་འདེད་པ་གལ་ཆེན་དང་། འཛམ་གླིང་དཔལ་འབྱོར་འཕར་སྣོན་གྱི་འགུལ་ཤུགས་བརྟན་པོའི་འབྱུང་ཁུངས། རྒྱལ་ཁབ་ཁག་གིས་ཚོང་ལས་གོ་སྐབས་རྒྱ་བསྐྱེད་བྱེད་པའི་ཁྲོམ་ར་ཆེན་པོ། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་བསྒྱུར་བཅོས་ལ་ཧུར་བརྩོན་ཆེན་པོས་ལེགས་སྐྱེས་འབུལ་མཁན་བཅས་བྱ་རྒྱུ་ཡིན། སྔར་ལས་ལྷག་པའི་སྒོ་ནས་སྒོ་དབྱེ་བྱ་རྒྱུའི་ཐད། ཀྲུང་གོས་གཤམ་གྱི་ཕྱོགས་འགའི་ཐད་ཤུགས་སྣོན་རྒྱག་རྒྱུ་རེད།
            གཅིག་ནི། ནང་འདྲེན་གྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བ་བྱ་རྒྱུ། ཀྲུང་གོས་གྲོང་མིའི་ཡོང་འབབ་འཕར་སྣོན་དང་འཛད་སྤྱོད་ནུས་པ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། རིམ་པ་མཐོ་འབྲིང་གི་འཛད་སྤྱོད་ཀྱི་འཕར་སྣོན་ཡོང་ས་གསར་པ་གསོ་སྤེལ་བྱེད་པ། རྒྱལ་ནང་གི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་རྒྱུན་མཐུད་བྱས་ཏེ། ནང་འདྲེན་གྱི་བར་ཁམས་རྒྱ་ཆེ་རུ་གཏོང་རྒྱུ། སྒོ་ཁྲལ་སྔར་བས་དམའ་རུ་གཏོང་བ་དང་། འགག་སྒོ་སྒྲོལ་བའི་འགྲོ་ལུགས་སྟབས་བདེ་རུ་གཏོང་རྒྱུ། ནང་འདྲེན་ལྷུ་ཚིགས་ཀྱི་ལམ་ལུགས་ཅན་གྱི་མ་གནས་ཉུང་འཕྲི་བྱེད་པ། རྒྱལ་ཁོངས་བརྒལ་བའི་གློག་རྡུལ་ཚོང་དོན་སོགས་ལས་སྒོ་གསར་པ་དང་མ་དཔེ་གསར་པ་གོང་འཕེལ་མགྱོགས་སུ་གཏོང་རྒྱུ་ཡིན། ཀྲུང་གོས་ལྷག་བསམ་ཟོལ་མེད་ངང་རྒྱལ་ཁབ་ཁག་ལ་ཁྲོམ་ར་སྒོ་དབྱེ་བྱ་རྒྱུ་དང་། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ལོ་ལྟར་གཉེར་རྒྱུ་མ་ཟད། ཆུ་ཚད་ཡོད་པ་དང་ཕན་འབྲས་ལྡན་པ། ལོ་རེ་བཞིན་ཇེ་ཡག་ཏུ་འགྲོ་ཐུབ་པ་བྱ་རྒྱུ་ཡིན།

            གཉིས་ནི། ཁྲོམ་རའི་ནང་ཞུགས་ཆོག་པའི་ཚད་གཞི་རྒྱུན་མཐུད་ངང་ལྷུག་ཏུ་གཏོང་རྒྱུ། ཀྲུང་གོས་ཕྱི་རྒྱལ་གྱི་མ་རྩ་ཞུགས་པའི་བཀག་རྒྱུའི་རྩིས་ཐོ་སྔར་བས་མདོར་བསྡུས་སུ་གཏོང་རྒྱུ་དང་། མ་འཇོག་གི་ཚད་བཀག་ཉུང་དུ་གཏོང་རྒྱུ། མ་འཇོག་རང་མོས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། དངུལ་རྩའི་ལས་རིགས་ཀྱི་སྒོ་དབྱེ་བྱེད་ཤུགས་བརྟན་པོའི་ངང་རྒྱ་ཆེར་གཏོང་རྒྱུ། ཞབས་ཞུའི་ལས་རིགས་སྒོ་དབྱེ་བྱེད་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ། ཞིང་ལས་དང་གཏེར་འདོན་ལས་རིགས། བཟོ་སྐྲུན་ལས་རིགས་བཅས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུ། གློག་འཕྲིན་དང་། སློབ་གསོ། སྨན་བཅོས། རིག་གནས་སོགས་ཁྱབ་ཁོངས་ནང་སྒོ་དབྱེའི་འཕེལ་རིམ་མགྱོགས་སུ་གཏོང་རྒྱུ་ཡིན་པ།
            གསུམ་ནི། རྒྱལ་སྤྱིའི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་རྒྱུ། ཀྲུང་གོས་ཕྱི་རྒྱལ་ཚོང་པའི་མ་འཇོག་ཁྲིམས་སྲོལ་གང་མགྱོགས་འདོན་རྒྱུ་དང་། གཞུང་དྲང་དང་ཁ་གསལ་བའི་ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་ཁྲིམས་ལུགས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། ཞུགས་མཆན་མ་ཐོབ་གོང་གི་རྒྱལ་དམངས་ཐོབ་ཐང་ཐོག་བཀག་རྒྱུའི་གསལ་ཐོ་སྣོན་པའི་དོ་དམ་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་གཏིང་ཟབ་བྱ་རྒྱུ། ཀྲུང་གོའི་མངའ་ཁོངས་ནང་ཐོ་འགོད་བྱས་པའི་རིགས་ཁག་གི་ཁེ་ལས་ལ་ལྟ་སྟངས་གཅིག་པ་འཛིན་རྒྱུ་དང་འདྲ་མཉམ་གྱི་ཐོབ་ཐང་སྤྲོད་རྒྱུ། ཕྱི་རྒྱལ་མ་རྩའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱ་རྒྱུ་དང་། ཕྱི་རྒྱལ་ཚོང་པའི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱེད་པ་དང་ལྷག་པར་དུ་ཤེས་བྱའི་ཐོན་དབང་ལ་བཙན་གནོད་བྱེད་པའི་བྱ་སྤྱོད་ལ་ཁྲིམས་ལྟར་མཐའ་གཅིག་ཏུ་ཆད་པ་གཅོད་རྒྱུ། ཤེས་བྱའི་ཐོན་དབང་གི་ཞིབ་དཔྱད་སྤུས་ཚད་དང་ཞིབ་དཔྱད་ཕན་འབྲས་ཆེ་རུ་གཏོང་རྒྱུ། ཆད་གཅོད་རང་བཞིན་གྱི་སྐྱིན་ཚབ་སྤྲོད་པའི་ལམ་ལུགས་ནང་འདྲེན་བྱ་རྒྱུ་བཅས་ཡིན།
            བཞི་ནི། ཕྱི་ཕྱོགས་སྒོ་དབྱེའི་མཐོ་ས་གསར་པ་བསྐྲུན་རྒྱུ། ཀྲུང་གོས་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་བསྒྱུར་བཅོས་དང་གསར་གཏོད་གཏིང་ཟབ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ཧའེ་ནན་གྱིས་གོ་རིམ་དབྱེ་བ་དང་དུས་མཚམས་དབྱེ་བའི་ཐོག་ནས་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱེད་པའི་སྲིད་ཇུས་དང་ལམ་ལུགས་མ་ལག་ལ་དུས་ཚོད་དམ་འཛིན་གྱིས་ཞིབ་འཇུག་བྱས་ནས་འདོན་རྒྱུ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་བསྐྲུན་པའི་འཕེལ་རིམ་འཚོལ་ཞིབ་མགྱོགས་སུ་གཏོང་རྒྱུ་ཡིན།

            ལྔ་ནི། ཕྱོགས་མང་དང་ཕྱོགས་གཉིས་ཀྱི་མཉམ་ལས་གོང་འཕེལ་གཏིང་ཟབ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ། ཀྲུང་གོས་སྔ་བར་ཕྱི་གསུམ་དུ། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྒྲིག་སྲོལ་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་རྒྱུ་དང་། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱིས་དགོས་ངེས་ཀྱི་བསྒྱུར་བཅོས་བྱ་རྒྱུར་རྒྱབ་སྐྱོར། ཐུན་མོང་ཐོག་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོབ་བྱ་རྒྱུ་བཅས་ཀྱི་འདོད་ཚུལ་འཛིན་གྱི་ཡོད། ཀྲུང་གོས་གང་མགྱོགས་ས་ཁོངས་ཁྱོན་ཡོངས་དཔལ་འབྱོར་རོགས་པའི་འབྲེལ་བའི་གྲོས་ཆོད་འཇོག་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་གྲོས་ཆོད་ཀྱི་དབྱེ་འབྱེད་གྲོས་མོལ་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུ། ཀྲུང་གོ་དང་ལྗར་ཕན། ལྷོ་ཁོ་རེ་ཡ་བཅས་ཀྱི་རང་མོས་ཉོ་ཚོང་ཁུལ་གྱི་དབྱེ་འབྱེད་གྲོས་མོལ་གྱི་འཕེལ་རིམ་མགྱོགས་སུ་གཏོང་འདོད་ཡོད། ཀྲུང་གོས་སྤྱི་ལོ་༢༠༡༨ལོའི་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་དབུ་ཚོགས་ཐོག་བཏོན་པའི་བྱ་སྤྱོད་ཆེན་པོ་བརྒྱད་ལག་བསྟར་ནན་ཏན་བྱ་རྒྱུ་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པ་དང་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས། འབོ་གསེར་རྒྱལ་ཁབ་སོགས་སྒྲིག་གཞིས་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་མུ་མཐུད་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། མཉམ་གྲོས་དང་མཉམ་འཛུགས། མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱས་ནས། གོ་ལ་ཧྲིལ་པོར་སྒོ་དབྱེ་མཉམ་ལས་ཀྱི་རྒྱལ་སྤྱིའི་སྟེགས་བུ་བསྐྲུན་འདོད་ཡོད་པ་བཅས་ཡིན།
            ཞི་ཅིན་ཕིང་གིས། མིག་སྔར། ཀྲུང་གོའི་དཔལ་འབྱོར་འཕེལ་ཚུལ་སྤྱི་ཡོངས་ནས་བཤད་ན་བརྟན་པོ་ཡིན་པ་དང་བརྟན་པོའི་ཁྲོད་གོང་འཕེལ་འགྲོ་མུས་རེད། ཀྲུང་གོའི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་སྐྱོན་བྲལ་དང་བརྟན་པོ་ཡིན་པའི་གཞི་རྩའི་ཆ་ལ་འགྱུར་ལྡོག་བྱུང་མེད་པ་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་འདེགས་སྐྱོར་བྱེད་པའི་ཐོན་སྐྱེད་གཞི་རྐྱེན་ལ་འགྱུར་བ་བྱུང་མེད་པ། ཡུན་རིང་བརྟན་པོའི་ཁྲོད་ལེགས་སུ་འགྲོ་བའི་སྤྱི་ཡོངས་འཕེལ་ཚུལ་ལ་འགྱུར་བ་བྱུང་མེད། ཀྲུང་གོར་དཔལ་འབྱོར་ཡུན་རིང་སྐྱོན་བྲལ་དང་བརྟན་པོའི་སྒོ་ནས་གོང་འཕེལ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པའི་བཟང་ཆ་མང་པོ་ཡོད་པ་དང་མདུན་སྐྱོད་ཁྲོད་དུ་འཕྲད་པའི་གནད་དོན་རྣམས་ང་ཚོས་བྱ་ཐབས་བཟུང་ནས་ཐག་གཅོད་ཧུར་ཐག་བྱེད་བཞིན་ཡོད། ང་ཚོས་འཐབ་ཇུས་གཏིང་ཤུགས་རྒྱུན་འཁྱོངས་དང་སྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་དུ་གཏོང་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་དུ་གཏོང་བ། ནུས་ཤུགས་ཆེན་པོས་ལྷགས་བསྡད་པའི་མངོན་བསལ་དོད་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱས་པ་ཡིན་ན། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་བའི་འཁོར་ལམ་ཐོག་མགྱོགས་མྱུར་སླེབས་ངེས་ཡིན་པ་དང་ཀྲུང་གོའི་མི་དམངས་ནས་མདུན་སྐྱོད་འགྲོ་ལམ་ཐོག་གི་དཀའ་ངལ་དང་འགྲན་རྩོད་ཐམས་ཅད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པ་དང་། ཀྲུང་གོར་སྔར་བས་འོད་སྣང་ལྡན་པའི་གོང་འཕེལ་མདུན་ལམ་ཞིག་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།
            ཞི་ཅིན་ཕིང་གིས། ཧྲང་ཧེའི་སོགས་ས་ཁུལ་གྱི་ཕྱི་ཕྱོགས་སྒོ་དབྱེའི་ཁྲོད་ཀྱི་གལ་ཆེའི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱེད་ཆེད་ང་ཚོས་ཀྲུང་གོའི་ཧྲང་ཧེའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ཁུལ་གསར་ཞིག་ཁ་སྣོན་རྒྱག་རྒྱུ་དང་ཧྲང་ཧེའི་འཛིན་ལོར་ཉོ་ཚོང་ཁང་དུ་ཚན་རིག་གསར་གཏོད་པར་གཞི་གཏོད་རྒྱུ་མ་ཟད་ཚོད་ལྟའི་ཐོ་བཀོད་ལམ་ལུགས་འཛུགས་རྒྱུ། འབྲི་ཆུའི་ཟུར་གསུམ་གླིང་གི་ས་ཁོངས་གཞི་གཅིག་ཅན་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་རིམ་སྤོར་བྱེད་རྒྱུ་བཅས་ཀྱི་གཏན་འབེབས་བྱས་པ་ཁྱབ་བསྒྲགས་གནང་ཡོད་པ་རེད།
            ཞི་ཅིན་ཕིང་གིས། ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་ནི་ཀྲུང་གོ་ཁོ་ནར་གཏོགས་པ་ཞིག་མིན་པར་རྒྱལ་ཁབ་ཁག་མཉམ་ལས་བྱེད་པ་ཞིག་ཡིན་པས་སྐུ་མགྲོན་རྣམ་པས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་མ་ལག་སྒྱུར་བཅོས་ཀྱི་རིག་ལམ་གསར་པ་འཚོལ་ཞིབ་གཏིང་ཟབ་གནང་ནས་རང་མོས་ཉོ་ཚོང་དང་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་མཉམ་དུ་སྲུང་སྐྱོང་བྱེད་པ་དང་གསར་སྐྲུན་ཁོག་ཡངས་ཀྱི་སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་མཉམ་སྐྲུན་བྱས་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་སྐྲུན་རྒྱུའི་དམིགས་འབེན་ཕྱོགས་སུ་འབད་འཐབ་བྱེད་པ་དང་མིའི་རིགས་ཀྱི་སྔར་བས་མཛེས་སྡུག་ལྡན་པའི་མ་འོངས་པ་སྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག
ཞི་ཅིན་ཕིང་གིས་གཏམ་བཤད་གནང་བའི་བརྒྱུད་རིམ་ཁྲོད་དུ་ཚོགས་ར་ཡོངས་སུ་སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཐེངས་མང་གྲགས་ཡོད་པ་རེད།
འགོ་ཚུགས་མཛད་སྒོའི་ཐོག ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་འཁུར་བ་ཁག་ཅིག་གིས་ཁག་སོ་སོར་ཤིས་ཚིག་གསུངས་ཡོད་པ་དང་ཁོང་རྣམ་པས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་ཆེན་པོ་བསྔགས་བརྗོད་གནང་ཞིང་ཀྲུང་གོའི་དཔལ་འབྱོར་ལ་སྔར་བས་འོད་སྣང་ལྡན་པའི་མདུན་ལམ་ཡོང་རྒྱུའི་ངོས་འཛིན་གནང་ཡོད་པ་རེད། ཁོང་རྣམ་པས། ནང་འདྲེན་དངོས་མང་འགྲེམས་ཚོགས་གཉེར་བའི་ཐོག་ནས་ཀྲུང་གོས་སྒོ་དབྱེ་སྔར་བས་རྒྱ་ཆེར་གཏོང་རྒྱུ་དང་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་ལ་སྐུལ་འདེད་གཏོང་བའི་ལྷག་བསམ་མངོན་ཡོད་པས་འཛམ་གླིང་ལ་གོང་འཕེལ་གོ་སྐབས་སྔར་ལས་མང་བ་སྐྲུན་རྒྱུ་ཡིན་ལ་ཕྱོགས་གཉིས་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུར་ཕན་པའང་ཡོད། ཕྱོགས་ཁག་གིས་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་དེ་གོ་སྐབས་སུ་བརྩིས་ནས་ཀྲུང་གོ་དང་ཕྱོགས་གཉིས་ཉོ་ཚོང་རྒྱ་ཆེར་གཏོང་བ་དང་དཔལ་འབྱོར་འཛམ་གླིང་ཅན་ལ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་ཀྲུང་གོའི་ཕྱོགས་དང་མཉམ་དུ་སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་ཆེད་འབད་བརྩོན་བྱ་རྒྱུ་ཡིན་པའི་རྣམ་པ་བསྟན་ཡོད་པ་རེད།
འགོ་ཚུགས་མཛད་སྒོ་འགོ་མ་ཚུགས་གོང་དུ་ཞི་ཅིན་ཕིང་གིས་མགྲོན་བསུའི་ཚོམས་ཆེན་དུ་ཕྱི་རྒྱལ་ཕྱོགས་ཀྱི་འགོ་ཁྲིད་པར་བསུ་བ་ཞུས་གནང་བ་དང་ཁོང་རྣམ་པ་དང་རེ་རེ་བཞིན་དང་ཕྱག་གཏོང་རེས་གནང་བ་མ་ཟད་མཉམ་སྡེབ་ཐོག་སྐུ་པར་ཡང་སྐྱོན་གནང་ཡོད་པ་རེད།
ཧུང་ཆའོ་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་ཡང་དུས་གཅིག་ཏུ་འགོ་ཚུགས་པ་དང་ཧུའུ་ཁྲུན་ཧྭ་ཡིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་ཡོད་པ་རེད།