ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > པར་རིས་གསར་འགྱུར།

ཝང་དབྱང་གིས་འགོ་འཛིན་མཛད་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས།

སྤེལ་དུས 2018-11-12 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཟླ11པའི་ཚེས9ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཐེངས་བཅུ་བཞི་པ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་ཀྱི་གྲོས་མོལ་བཞུགས་མོལ་ཚོགས་འདུ་ཚེས་དགུ་ཉིན་ཐེངས་བཅུ་བཞི་པ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་གྲོས་ཚོགས་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ནུས་ཁུངས་གསར་པའི་རླངས་འཁོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་བྱེད་པའི་གཅིག་བསྡུས་མཚོན་རྟགས་ཡིན་ལ། རང་རྒྱལ་རླངས་འཁོར་གྱི་རྒྱལ་ཁབ་ཆེན་པོ་ནས་རླངས་འཁོར་གྱི་རྒྱལ་ཁ་སྟོབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་བགྲོད་ལམ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་དང་པོ་ཡིན་པའི་མཛུབ་སྟོན་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱས་ཏེ། ཁྲོམ་རའི་གཙོ་ཁྲིད་དང་སྲིད་ཇུས་རོགས་སྐྱོར་གཉིས་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་དང་། གཅིག་འདོམས་འཆར་འགོད་དང་སྐུལ་སློང་འཚོལ་ཞིབ་གཉིས་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས། སྤྱི་ཡོངས་སྐུལ་སྤེལ་དང་གནད་སའི་བརྒལ་གཏོར་གཉིས་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་བཅས་ཀྱི་སྒོ་ནས་ནུས་ཁུངས་གསར་པའི་རླངས་འཁོར་ཐོན་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་བཏང་སྟེ། གསར་གཏོད་རང་བཞིན་གྱི་རྒྱལ་ཁབ་དང་ཁོར་ཡུག་མཛའ་མཐུན་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་བྱས་རྗེས་དང་སྟོབས་ཤུགས་འབུལ་དགོས་ཟེར།
            ཨུ་ཡོན་བཅུ་དང་ཁེ་ལས་ཀྱི་འགན་ཁུར་པ་གཉིས་ཀྱིས་ནུས་ཁུངས་གསར་པའི་རླངས་འཁོར་ཐོན་ལས་ཀྱི་འཕེལ་ཕྱོགས་དང་། ལག་རྩལ་གསར་གཏོད། ཁྲོམ་ར་སྐྱེད་སྲིང་། སྲིད་ཇུས་རྒྱབ་སྐྱོར། ལས་རིགས་དོ་དམ་སོགས་ལ་འབྲེལ་ནས་གཏམ་བཤད་བློ་འདོན་བྱས། ཨུ་ཡོན་ལྔ་བཅུ་ཙམ་གྱིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྤོ་སྒུལ་འགན་སྒྲུབ་སྟེགས་བུའི་སྟེང་བསམ་འཆར་ལྷུག་པོར་བརྗོད། ཚང་མས་བལྟས་ན། ལོ་བཅུ་ལྷག་ལ་སྐྱེད་སྲིང་ཞིབ་མོ་བྱས་པ་བརྒྱུད་ནས། རང་རྒྱལ་གྱི་ནུས་ཁུངས་གསར་པའི་རླངས་འཁོར་ཐོན་ལས་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་ཐོབ་སྟེ། ཐོན་འཚོང་གི་ཚད་དང་། བདག་བཟུང་གི་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་ལ། ལག་རྩལ་གསར་གཏོད་ཀྱང་འཛམ་གླིང་ཡོངས་ཀྱི་ཚད་དང་མཉམ་ཞིང་ཐ་ན་སྔོན་གྲལ་དུ་སླེབས་ཡོད། རླངས་འཁོར་དང་སྒུལ་ཤུགས་གློག་རྡེའུ་ཐོན་སྐྱེད་བྱེད་པའི་རྐང་འཛིན་ཁེ་ལས་སྐོར་ཞིག་དར་རྒྱས་བྱུང་བ་དང་། ཐོན་ལས་འཕེལ་རྒྱས་ཀྱི་མདུན་ལྗོངས་ཧ་ཅང་ཡངས། དེ་དང་མཉམ་དུ་ནུས་ཁུངས་གསར་པའི་རླངས་འཁོར་ཐོན་ལས་འཕེལ་རྒྱས་ལ་ཡང་སྣང་ཆུང་བྱ་མི་རུང་བའི་གནད་དོན་ཁ་ཤས་ཡོད་དེ། གཙོ་བོ་ནི་གནད་འགག་སྲོག་ཤིང་གི་ལག་རྩལ་མཐོར་འདེགས་གཏོང་དགོས་པ་དང་། ནུས་པ་དང་སྤུས་ཚད་ཀྱིས་ད་དུང་འཛད་སྤྱོད་པའི་དགོས་མཁོ་སྐོང་ཐུབ་ཀྱིན་མེད་པ། ཆ་སྡེབས་སྒྲིག་ཆས་འཛུགས་སྐྲུན་ད་དུང་རྗེས་ལུས་ཡིན་པ། ཞབས་ཞུ་འགན་སྲུང་མ་ལག་ད་དུང་འཐུས་ཚང་མིན་པ། ཐོན་ནུས་ལྷག་མའི་ཉེན་ཁ་ཆེ་བ་སོགས་རེད་ཟེར།
            རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝན་ཀང་གིས་ཚོགས་ཐོག་ནས་བརྗོད་གཞིའི་གཏམ་བཤད་སྤེལ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཆིན་ལིས་དང་ཞ་པའོ་ལུང་། ཀུའུ་ཧྲིན་ཙུའུ་བཅས་གྲོས་ཚོགས་ལ་ཞུགས། བཟོ་ལས་ཆ་འཕྲིན་ཅན་པུའུ་ཡི་འགན་ཁུར་པས་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཚན་རྩལ་པུའུ། ནོར་སྲིད་པུའུ་བཅས་ཀྱི་འགན་ཁུར་པས་ཡུལ་དངོས་ནས་བརྗེ་རེས་གཏམ་བཤད་སྤེལ།